༡༦༽ སློབ་དཔོན་བོ་དྷི་བྷ་དྲ།

སློབ་དཔོན་བོ་དྷི་བྷ་དྲ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས1། དེའི་འོག་ཏུ་བོ་དྷི་བྷ་དྲ་ཞེས་བྱ་བ་བྱོན་ཏེ། གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། རྟེན་དགེ་བསྙེན་དུ་བཞུགས་པ། འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་ཤིང༌། མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས། མཚན་རེ་རེ་ལ་ཏིང་ངེ་འཛིན་རེ་རེ་འཁྲུངས་པར་གྲགས་པ་ཡིན་ནོ། །བོ་དྷི་བྷ་དྲའི་མཚན་ཅན་འདི་སྐབས་ཤིན་ཏུ་མང་བར་བྱུང་ནའང༌། འདི་ནི་སྔོན་ཆད་བོད་ལ་གྲགས་ཆུང་བར་མངོན། ཞེས་བྱུང་ལ། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས2ཤྲཱི་བྷ་དྲ་བོ་དྷི་ནི་རྒྱ་གར་ཤར་ཕྱོགས་མཉྫུ་ཧ་དེ་ཥར་འཁྲུངས། རྟེན་དགེ་བསྙེན་རིག་གནས་ལ་མཁས་པ། དུས་ཞབས་པ་ཆེན་པོ་དང་ནཱ་རོ་པ་ལ་ཐུག །དེའི་སྲས་བོ་དྷི་བྷ་དྲ་ཟླ་མེད་པའི་མཁས་པ་ཆེན་པོ་པ་དང་ནཱ་རོ་པ་ལས་དུས་འཁོར་གསན། འདི་ལ་རྒྱལ་སྲས་ནཱ་ལེནྡྲ་པ་ཕྱི་མ་ཟེར། ནཱ་ལེནྡྲར་སྒོ་ཡིག་འདེབས་པ་པོ་འདི་ཡིན་ཁ་ཅིག་ཟེར་ཏེ། ཁོང་གི་དུས་དུས་ཀྱི་འཁོར་ལོ་འཕགས་པའི་ཡུལ་ན་རླུང་ལྟར་གྲགས་ཟིན་པས་གཏམ་དེ་འཆོལ་བ་ཡིན་ནོ། །ཞེས་བོ་དྷི་བྷ་དྲ་དང་བྷ་དྲ་བོ་དྷི་གཅིག་ཡིན་པར་གསལ་ལ། སྲས་བོ་དྷི་བྷ་དྲ་ནི་ནཱ་ལེནྡྲ་ཕྱི་མ་ཡིན་པར་འདོད་པ་དང་། དེ་ཡང་དཔལ་ནཱ་ལེནྡྲར་སྒོ་ཡིག་འདེབས་པ་པོ་མིན་པར་འདོད་པ་སོགས་བཞེད་ལུགས་མི་འདྲ་བ་སོགས་མགོ་རྙོག་ཆེ་བས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597–1659) མཆོག་གིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་དད་པའི་ཤིང་རྟ་ལས3

དུས་ཞབས་ཆེ་བ་བོ་དྷི་བྷ་དྲའི་ཞབས། །

ཞེས་དུས་ཞབས་ཆེ་བའི་མཚན་ལའང་བོ་དྷི་བྷ་དྲ་ཞུ་ཚུལ་གསལ་ལ། དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་ཐར་མདོར་བསྡུས་ལས་4ཀྱང་། གཞན་ཡང་དབང་མདོར་བསྟན་གྱི་འགྲེལ་པ་དོན་དམ་བསྡུས་པའི་མཛད་བྱང་ལ་ནཱ་རོ་པའི་མཚན་ཡོད་པ་དང༌། ཀྱཻ་རྡོ་རྗེའི་འགྲེལ་པ་རྡོ་རྗེའི་ཚིག་བསྡུས་ཀྱི་མཛད་བྱང་དུ་བྱང་ཆུབ་བཟང་པོའི་སྐད་དོད་བོ་དྷི་བྷ་དྲ་ཞེས་ཡོད་པ་སོགས་མང་པོ་བྱུང༌། ཞེས་གསལ་བ་ལྟར་ལེགས་སྦྱར་གྱི་བོ་དྷི་བྷ་དྲ་ཞེས་པ་བོད་སྐད་ལྟར་ན་བྱང་ཆུབ་བཟང་པོ་ཡིན་པས། གནས་བརྟན་བྱང་བཟང་ནི་ནཱ་རོ་པའི་རྗེས་སུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པ་ལྟར་མཚན་གཞུང་དང་རྣམ་ཐར་ལོགས་སུ་གསལ་ལོ།།

ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་བྱུང་ཁུངས་ཉེར་མཁོ་ལས5། དུས་ཞབས་པ་ཆུང་བ་དེ་ཉིད་ཀྱི་སྲས་ནཱ་ལེནྡྲ་པ་ནི། མཚན་དངོས་བོ་དྷི་བྷ་དྲ། ནཱ་ལེནྡྲ་ཞེས་བྱ་བའི་གནས་གཞིའི་བདག་པོ་མཛད། ལས་བཞི་གང་སྒྲུབ་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་འགྲུབ་བོ། །ཞེས་དུས་ཞབས་ཆུང་བའི་མཚན་ལའང་བོ་དྷི་བྷ་དྲ་ཞུ་ཡང་། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ལས6དུས་ཞབས་པ་ཆེན་པོ་དེ་ལ་སློབ་མ་མང་དུ་བྱུང་ཡང་བཤད་པའི་སྲོལ་འཛིན་པ་ནི་དཔལ་ནཱ་ལེནྡྲ་པའོ། །དེའང་སྔ་མ་ལྟ་བུའི་ཡོན་ཏན་དང་ལྡན་ནོ་ཞེས་འཆད། དེའི་སློབ་མ་མཉྫུ་ཀཱིརྟི། ས་མནྟ་ཤྲཱི། ར་ལུགས། དུས་ཞབས་པ་ཆུང་བའི་སློབ་མ་ཟླ་མགོན་ནས་འབྲོ་ལུགས། དུས་ཞབས་ཆེ་ཆུང་ནས་རྡོ་རྗེ་གདན་པ། དེའི་སློབ་མ་བོ་དྷི་བྷ་དྲ། ཁ་ཅིག་འདི་ནཱ་ལེནྡྲ་པར་འདོད་དེ་ཕྱིས་སོ། །ཞེས་དུས་ཞབས་ཆེ་ཆུང་གཉིས་ཀ་མིན་པར་བླ་མ་རྡོ་རྗེ་གདན་པའི་སློབ་མ་བོ་དྷི་བྷ་དྲ་ཞུ་བ་ཞིག་བྱོན་པ་དང་། དེ་ཉིད་བོ་དྷི་བྷ་དྲ་ཞེས་རྒྱལ་སྲས་ནཱ་ལེནྡྲ་པར་འདོད་ན་དུས་ཀྱི་ཆ་ནས་བྱོན་ཕྱིས་པའི་སྐྱོན་དུ་གསུངས་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས་7ཀྱང་། དེ་ལ་གྲུབ་ཆེན་ནག་པོ་སྤྱོད་པ་དང་། ནག་པོ་སྤྱོད་པ་ཆུང་བ་དང་། ནག་པོ་དམ་ཚིག་རྡོ་རྗེ་གསུམ་སོ་སོ་ཡིན་ལ། དེ་བཞིན་དུ་ཨིནྡྲ་བྷོ་དྷི་གསུམ། སྒྲ་གཅན་འཛིན་གསུམ། མར་མེ་མཛད་གསུམ། དཱ་རི་ཀ་པ་ལ་གཉིས། ཨ་མོ་གྷ་བཛྲ་གཉིས་བྱུང་བས་རྣམས་མིང་འདྲ་ཡང་གང་ཟག་སོ་སོ་བ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་དུ་སྣང་ངོ་།།

དེ་ལྟར་རྒྱ་གར་ཆོས་འབྱུང་ལས། ཏ་ཐ་ག་ཏ་རཀྵི་ཏའི་འོག་ཏུ་བོ་དྷི་བྷ་དྲ་བྱོན་པར་གསུངས་ཀྱང་མཁན་པོ་མཛད་ཚུལ་མི་གསལ་མོད། ནཱ་ལནྡཱ་ཞིབ་འཇུག་ལས8། ནཱ་ལནྡཱའི་མཁན་རབས་ ༡༧ པ་ཏ་ཐཱ་ག་ཏ་རཀྵི་ཏའི་མཇུག་ཏུ་བོ་དྷི་བྷ་དྲས་མཁན་པོ་མཛད་པར་གསལ་ནའང་། རྒྱ་གར་ཆོས་འབྱུང་ནང་གསལ་བའི་བོ་དྷི་བྷ་དྲ་ནི། རྟེན་དགེ་བསྙེན་ཡིན་པར་གསལ་བས་ན། དཔལ་ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་མཁན་པོ་ཡིན་ན་མཁན་པོའི་མཛད་འགན་གཙོ་གལ་ཆེ་ཤོས་དགེ་ཚུལ་སློང་གི་སྡོམ་པ་སྩལ་ནོད་མཛད་དགོས་པས་ངེས་པར་རྟེན་དགེ་སློང་ཡིན་དགོས་ལ། གཉིས་ནས་བོ་དྷི་བྷ་དྲའི་མཚན་ཅན་མང་དུ་བྱུང་བ་ལས་དུས་ཞབས་པ་ཆེ་བས་ནཱ་ལེནྡྲའི་མཁན་པོ་མཛད་པའི་རྣམ་ཐར་མི་སྣང་ལ། དུས་ཞབས་པ་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པ་དང་། གནས་བརྟན་བྱང་བཟང་རྣམ་གཉིས་ཀྱིས་མཁན་པོ་མཛད་པའི་ཚུལ་ནི་རྣམ་ཐར་གཤམ་དུ་སོ་སོར་བཀོད་ཡོད་པ་ལྟར་ལགས་མོད། དེ་མིན་བོ་དྷི་བྷ་དྲའི་མཚན་ཅན་གཞན་ཞིག་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་མིན་དང་། དེའི་མཛད་པ་རྣམ་ཐར་ཡང་མ་རྙེད་པས་དཔྱད་དགོས་པར་སྣང་ངོ་།།

1 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༢

2 ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༢༢༥

3 དུས་འཁོར་ཆོས་འབྱུང་ལེགས་བཤད་ངོ་མཚར་དད་པའི་ཤིང་རྟ། པོད། ༼༡༽ བྲིས་མ། ཤོག་གྲངས་ ༣༡བ༥

4 ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༡༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༩

5 ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༣༧

6 ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༡༦༧

7 ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༣

8 ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༠

Leave a Reply

Your email address will not be published. Required fields are marked *