༡༤༽ སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ།

སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས1

དཀའ་སྤྱད་དོར་ནས་སྤྱོད་པ་མཛད། །ལྟ་སྟངས་མཛད་ཅིང་དངོས་གྲུབ་བརྙེས། །

ནག་པ་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། སྤྱིར་རྒྱ་གར་དུ་བརྟུལ་ཞུགས་སྤྱོད་པ་ནག་པོ་པ། ནག་པོ་སྤྱོད་པའི་རྡོ་རྗེ། ནག་པོ་དམ་ཚིག་རྡོ་རྗེ། ནག་པོ་ཞི་བ་བཟང་པོ་སོགས་ནག་པོའི་མཚན་འཆང་བ་དུ་མ་བྱུང་བའི་ནང་ནས། ནག་པོ་དམ་ཚིག་རྡོ་རྗེ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས2། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་ལ། ར་རའི་ཡུལ་གྱི་དབེན་གནས་ཤིག་ཏུ་དགྱེས་པ་རྡོ་རྗེའི་ཐང་སྐུ་གཅིག་བཀྲམ། རྩེ་གཅིག་ཏུ་སྒྲུབ་པ་མཛད་ཀྱིན་བཞུགས་པ་ལ། ལོ་མང་དག་སོང་བའི་སྐབས་ཤིག་རང་ཉིད་དཀྱིལ་འཁོར་གྱི་གསལ་སྣང་ལ་ཐུགས་རྩེ་གཅིག་ཏུ་གནས་པ་ཞིག་གི་སྐབས། རིག་མས་བལྟས་པས་བྲིས་སྐུའི་མདུན་ན་ཡོར་ཡོར་བ་ཞིག་འདུག །སློབ་དཔོན་ལ་སྦྲན་པས་གསལ་སྣང་སྟེ་ཡོར་ཡོར་བ་དེ་ལ་ཕྱག་བསྙབས་པས་མི་རོ་ཞིག་འདུག །དངོས་གྲུབ་ཀྱི་རྫས་ཡིན་པར་མཁྱེན་ནས་ཚམ་ཚོམ་མེད་པར་གསོལ་བས། བདེ་སྟོང་གི་ཉམས་ལ་ཞག་བདུན་འབྱམས་ཏེ་སད་ཙ་ན། དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་ཞལ་གཟིགས། ནུས་པ་དཔག་ཏུ་མེད་པ་མངའ་བརྙེས་སོ། །ཞེས་བྱུང་བ་ལྟར། དེའི་དུས་ཙམ་ན་རྒྱ་གར་གྱི་རྒྱལ་པོ་མ་ཧཱ་པ་ལའི་སྐུ་ཚེའི་སྨད་ཙམ་ལ། བོད་དུ་བསྟན་པ་ཕྱི་དར་འགོ་བརྩམས་པའི་སྐབས་དང༌། བྲམ་ཟེ་ཡེ་ཤེས་ཞབས་དང༌། ནག་པོ་སྤྱོད་པ་ཆུང་བས་ཀྱང་སྐུ་ཚེའི་སྨད་ཀྱི་དུས་དང༌། མཁས་པ་སྒོ་དྲུག་གི་ཐ་སྙད་བྱུང་བ་སོགས་དུས་མཉམ་མོ། །དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་པའོ།།3

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས4། ༼རྒྱུད་ཡ་པ་ལ།༽ སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ། ནག་པོ་དམ་ཚིག་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་ཝ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར་བ་སོགས་བཞུགས་སོ།།

1 གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༤བ༧

2 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༨༠

3 རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༧༧༡

4 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༤

Leave a Reply

Your email address will not be published. Required fields are marked *