༡༡༽ སློབ་དཔོན་སྐལ་ལྡན་གྲགས་པ།

སློབ་དཔོན་སྐལ་ལྡན་གྲགས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས1། འདི་ཡང་སྔགས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་གཅིག་ཡིན། མངོན་ཤེས་ཐོགས་མེད་དུ་མངའ་བར་གྲགས་སོ། །ཞེས་བྱུང་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས་2ཀྱང་། དེའི་རྗེས་སུ་སྐལ་ལྡན་གྲགས་པ་བྱོན་ཏེ། གསང་སྔགས་ལ་ཤིན་ཏུ་མཁས་ཤིང༌། མངོན་ཤེས་བརྙེས་སོ། །ཞེས་གསལ་བ་ལྟར་ལས་རྣམ་ཐར་རྒྱས་པ་མ་རྙེད།

སློབ་དཔོན་འདི་ཉིད་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་དུ་བྱོན་པར་མངོན་ཏེ། ལངྐ་རྒྱལ་བ་བཟང་པོ། བྲམ་ཟེ་དཔལ་འཛིན། སློབ་དཔོན་འདི་ཉིད་དང༌། སྐལ་ལྡན་གྲགས་པ། མི་ཐུབ་ཟླ་བ། ནག་པོ་དམ་ཚིག་རྡོ་རྗེ། ཏ་ཐ་ག་ཏ་རཀྵི་ཏ། བྷོ་དྷི་བྷ་དྲ། ཀ་མ་ལ་རཀྵི་ཏ་འདི་རྣམས་ཀྱིས་བི་ཀྲ་མ་ཤཱི་ལའི་གདན་ས་ལོ་བཅུ་གཉིས་བཅུ་གཉིས་བྱས་པའི་རྗེས་སུ། མཁས་པ་སྒོ་དྲུག་བྱོན་གསུངས་པ་ལྟར་ན་བྱོན་རིམ་དང་དུས་རབས་དེ་ལྟར་ཡིན་པར་སྣང་ངོ༌།།3 སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས 4། ༼རྒྱུད་མ་པ་ལ།༽ དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སྐལ་ལྡན་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་སོགས་བཞུགས་སོ།།

1 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༢

2 ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༦

3 རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༥༥༤

4 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥༨

Leave a Reply

Your email address will not be published. Required fields are marked *