༄༅། །ཨ་ཏི་ཤ་ལ་གསོལ་བ་འདེབས་པ་བཞུགས་སོ།།

 

༄༅། །ཨ་ཏི་ཤ་ལ་གསོལ་བ་འདེབས་པ་བཞུགས་སོ།།[1]

 

༼ཤར་པ་རིན་ཆེན་མི་འགྱུར་རྒྱལ་མཚན་ (འཁྲུངས་དུས།1717-?) གྱིས་མཛད་པ།༽

 

བྱང་ཆུབ་སེམས་དཔའ་དཔལ་ལྡན་ཨ་ཏི་ཤ །ཤ་ཆང་མི་མཆོད་སྡེ་སྣོད་གསུམ་ལ་མཁས། །མཁས་བཙུན་བཟང་གསུམ་འཛོམ་པ་བསྟན་འགྲོར་ཕན། །ཕན་བདེ་མི་འཛད་སྤེལ་ལ་གསོལ་བ་འདེབས། །རང་བདེ་འདོད་པ་ཕལ་ཆེར་སྡུག་བསྔལ་རྒྱུ། །གཞན་ལ་ཕན་འདོགས་རང་གི་བདེ་སྐྱིད་རྒྱུ། །གཞན་ཕན་སེམས་ཀྱི་གནད་འདི་ཐམས་ཅད་ཀྱི། །ཤེས་ཕྱིན་སྟོན་པ་ཨ་ཏི་ཤ་ལ་འདུད། །

བསམ་པ་བཟང་པོ་བྱེད་མཁན་རྣམ་པ་དགྱེས། །བསམ་པ་བཟང་པོ་ཁོ་ན་བསྔགས་པ་མཛད། །བསམ་པ་བཟང་པོ་གྱིས་ཞེས་ཐམས་ཅད་ལ། །བསམ་བཟང་སྤེལ་མཁན་ཨ་ཏི་ཤ་ལ་འདུད། །སྡུག་བསྔལ་རྒྱུ་བཅས་མུན་པ་འཇོམས་མཛད་པ། །སེམས་བཟང་ཉི་མ་ཤར་འཆར་ལས་ལྷག་ཅི། །འོན་ཀྱང་ཆོས་དོན་མིག་དང་ལྡན་དགོས་ཞེས། །འདོམས་མཛད་དཔལ་ལྡན་ཨ་ཏི་ཤ་ལ་འདུད། །དགྲ་ལ་གནོད་པ་སྐྱེས་ནུས་ཕོ་རྒོད་པོ། །ནགས་ཀྱི་སྟག་གཟིག་དོམ་དང་ཁྱད་པར་ཅི། །བསམ་ངན་སྦྱོར་རྩུབ་ཀུན་ལ་སྤོང་བ་དང་། །མི་ལུས་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །དཀར་རུང་ནག་རུང་ཕན་ཐོགས་ཁོ་ན་ལས། །ལས་ངན་སྡིག་སྒྲིབ་མི་གསོག་ཡ་རབས་ལུགས། །ལུགས་བཟང་འདི་ལ་བདག་ཀྱང་འཇུག་སྙིང་འདོད། །འདོད་དོན་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །རང་ཕྱོགས་མ་གཏོགས་བཟང་པོ་མིན་མདོག་གི །རང་འདོད་རྣམ་འགྱུར་ངན་པས་གཞན་སེམས་དཀྲུག །རང་གཞན་ཆགས་སྡང་བྱེད་པ་ཆོས་དང་འགལ། །རང་དབང་ཡོད་དུས་ཆོས་བཞིན་བྱེད་པར་ཤོག །གཞན་ལ་བློ་སྐྱོན་ཡོད་མེད་གང་ཤེས་ཀྱང་། །གཞན་ཕྱོགས་པ་ཞེས་སྡང་བ་རང་གིས་སྐྱོན། །གཞན་དང་མི་འདྲ་དབང་གི་དམ་ཚིག་དང་། །གཞན་ཕན་སེམས་བསྐྱེད་མི་ཉམས་འཕེལ་བར་ཤོག །བདག་ཆེན་ཤར་པ་བརྒྱུད་པར་བཅས་རྣམས་ཀྱང་། །བདག་གཞན་ཆགས་སྡང་སྐྱོན་དང་བྲལ་བ་དང་། །བདག་མེད་དོན་རྟོགས་གཞན་ཕན་བྱང་སེམས་འབྱོངས། །བདག་གཞན་དོན་གཉིས་འགྲུབ་པར་བྱེད་གྱུར་ཅིག །ཅེས་ཨེ་ཝཾ་པ་ཤར་པ་རིན་ཆེན་མི་འགྱུར་རྒྱལ་མཚན་གྱིས་མེ་ཕག་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པ་ལ་ཕན་བདེ་ཀུན་ཁྱབ་གླིང་དུ་བྲིས་པ་དགེ་ལེགས་རྒྱ་ཆེན་པོ་འཕེལ་བར་གྱུར་ཅིག།  །།

[1] མི་འགྱུར་རྒྱལ་མཚན་གྱི་གསུང་འབུམ། སྡེ་དགེ་ཤིང་དཔར། ཤོག་གྲངས་ ༡༣༥ན ༢ ནས་ ༡༣༥བ༢ བར།

Leave a Reply

Your email address will not be published. Required fields are marked *