༄༅། །སློབ་དཔོན་ཕྱོགས་གླང་གི་བསྟོད་པ་བཞུགས་སོ།།

 

༄༅། །སློབ་དཔོན་ཕྱོགས་གླང་གི་བསྟོད་པ་བཞུགས་སོ།།[1]

༼ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པ།༽

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཞིང་མང་རྡུལ་གྱི་གྲངས་མཉམ་རྒྱལ་བ་ཡི། །ཡབ་གཅིག་ཡེ་ཤེས་སྣང་བའི་རང་གཟུགས་ཅན། །སྐལ་བཟང་བློ་ཡི་པདྨོ་ཁ་འབྱེད་པ། །ལྷ་མཆོག་སྨྲ་བའི་ཉི་མས་དགེ་ལེགས་མཛོད། །མགོན་པོ་དེ་ཡི་ཐུགས་རྗེའི་འོད་ཟེར་གྱིས། །གང་གི་རྣམ་དཔྱོད་གསུང་རབ་འདབ་སྟོང་ཅན། །རིགས་ཚུལ་སྦྲང་རྩིའི་མངར་པོའི་དཔལ་རྒྱས་པ། །དཔལ་ལྡན་དེ་ཡི་ཞབས་པད་སྤྱི་བོར་འཛིན། །

རྨད་བྱུང་གྲུབ་པའི་གོ་འཕང་མཐོར་གཤེགས་ཀྱང་། །ཐུབ་བསྟན་སྙིང་ལ་གཅེས་པ་འབའ་ཞིག་གིས། །བྲམ་ཟེ་སཱ་ལ་ཆེན་པོའི་གདུང་རིགས་སུ། །བསམ་བཞིན་ལེགས་པར་འཁྲུངས་ལ་ཕྱག་འཚལ་ལོ། །དེ་ནས་གནས་མ་བུའི་མཁན་པོ་ལས། །ཐུབ་པའི་རྟུལ་བཞུགས་དྲི་མེད་རབ་བླངས་ཏེ། །མཁན་པོའི་གསུང་བཞིན་བརྗོད་མེད་བདག་སྒོམ་སླད། །ངོ་མཚར་སྤྱོད་པ་བསྟན་ལ་ཕྱག་འཚལ་ལོ། །གྲོགས་ཀྱིས་དེ་ཚུལ་ཞུས་པ་མཁན་པོ་ཡིས། །རང་ལུགས་སུན་འབྱིན་གནས་ནས་དབྱུང་བའི་བཀའ། །རིགས་པས་བཟློག་པར་ནུས་ཀྱང་འོས་མིན་པར། །དགོངས་ནས་སྤྱི་བོས་བླངས་ལ་ཕྱག་འཚལ་ལོ། །དེས་ནས་ཆོས་མཛོད་བྱེ་བའི་བདག་པོ་ཆེ། །ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན་པོ་ཡི། །ཞབས་སྐྱེས་གཙུག་གི་རྒྱན་དུ་རབ་བཀོད་པས། །ཟླ་མེད་མཁས་མཆོག་གྱུར་ལ་ཕྱག་འཚལ་ལོ། །ཀུན་རྨོངས་ཉིད་ཀྱིས་འགྲོ་འདི་མནར་བའི་ཚུལ། །གཟིགས་པའི་ཤུགས་དྲག་སྙིང་རྗེས་ཡིད་བསྐྱོད་དེ། །དེ་ཉིད་བསལ་སླད་དམིགས་བརྟག་མཛོད་འགྲེལ་སོགས། །ལེགས་བཤད་དགའ་སྟོན་སྤྲོས་ལ་ཕྱག་འཚལ་ལོ། །སྔོན་ཆད་ཐོར་བུར་བསྩལ་བའི་ལེགས་བཤད་རྣམས། །གཅིག་བསྡུས་ཀུན་ལས་བཏུས་པ་རྩོམ་དགོངས་ནས། །ཏིང་འཛིན་ཕུག་པའི་ངོས་ལ་རྡོ་ཐལ་གྱིས། །མཆོད་བརྗོད་ཚིགས་བཅད་བྲིས་ལ་ཕྱག་འཚལ་ལོ། །དེ་ཡི་མོད་ལ་དགེ་ལེགས་ལྕི་བའི་ཁུར། །མ་བཟོད་ནོར་འཛིན་བུ་མོ་རབ་འདར་ཞིང་། །སྒྲ་དང་འོད་འབྱིན་མུ་སྟེགས་མཁས་རྣམས་ཀྱི། །བྱིན་པ་ཤིང་ལྟར་གྱུར་ལ་ཕྱག་འཚལ་ལོ། །དེ་ནས་ཉེ་བར་ནག་པོ་ཐུབ་རྒྱལ་ཞེས། །ཟད་བྱེད་སྟོན་པས་ཚུལ་དེ་ཤེས་གྱུར་ནས། །རྡོ་ཡི་རི་མོ་ལན་གསུམ་བསུབ་བྱས་ཀྱང་། །ཐུགས་ཀྱི་རི་མོ་བརྟན་ལ་ཕྱག་འཚལ་ལོ། །སློབ་དཔོན་ཉིད་དང་མུ་སྟེགས་སྟོན་པ་གཉིས། །སྙིང་ལ་གཅེས་པའི་བསྟན་པ་རྒྱལ་བཙུགས་ཏེ། །ལན་གསུམ་རྩོད་པའི་དཔུང་གིས་སྨྲ་ངན་དེ། །རབ་ཏུ་ཕམ་པར་བྱས་ལ་ཕྱག་འཚལ་ལོ། །དེ་ནས་བསྟན་ལ་འཇུག་པའི་ཐ་ཚིག་དེ། །བསྐུལ་བས་མུ་སྟེགས་ཁྲོས་པས་མེ་སྦར་ཏེ། །མི་བསྲུན་སྐྱེ་བོའི་ངང་ཚུལ་རབ་བསྟན་ཀྱང་། །གཞན་དོན་སྐྱོ་བ་སྤངས་ལ་ཕྱག་འཚལ་ལོ། །གུར་གུམ་ལང་ཚོ་རབ་རྒྱས་མཁྱེན་པའི་གཏེར། །རྟག་ཏུ་ཁྱོད་ཀྱི་བཤེས་སུ་ང་འགྱུར་ཞིང་། །ཆོས་འདི་མ་འོངས་སྐྱེ་རྒུའི་མིག་འགྱུར་ཞེས། །མངོན་སུམ་དབུགས་དབྱུང་མཛད་ལ་ཕྱག་འཚལ་ལོ། །དེ་ནས་ཀུན་བཏུས་རང་འགྲེལ་བཅས་པ་སོགས། །ཐུབ་བསྟན་པདྨོ་རྒོད་པའི་ཚ་ཟེར་གྱིས། །སྨྲ་ངན་འབྱུང་པོའི་གཉིས་སྐྱེས་མཐའ་དག་གི །བློ་མིག་ཟུམ་པར་བྱས་ལ་ཕྱག་འཚལ་ལོ། །ཐུབ་བསྟན་པད་མཚོར་འཇིགས་མེད་རྟག་རོལ་ཞིང་། །ལོག་སྨྲའི་ཚལ་འཇོམས་ཕྱོགས་ཀྱི་གླང་པོ་ཞེས། །གྲགས་པ་འཕགས་ཡུལ་མཁས་མང་མཐའ་དག་གི །མགྲིན་པའི་རྒྱན་དུ་བྱས་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཀྱི་ཡོན་ཏན་ཆུ་གཏེར་ལས། །རྣམ་དཔྱོད་སྐྲ་རྩེས་བླངས་པའི་ཐིག་པ་འདིས། །ཁྱོད་ཀྱི་གསུང་རབ་ལྟ་ལ་རྨོངས་པ་ཡི། །སྙིང་གི་གདུང་བ་མྱུར་དུ་འཕྲོག་གྱུར་ཅིག །སྟོན་པ་མཆོག་དང་དེ་ཡིས་ལེགས་བསྟན་པའི། །ལམ་བཟང་ཚད་མས་དྲངས་པའི་ངེས་པ་ཡིས། །སྙིང་ནས་གུས་པས་བསྟེན་པས་རྒྱལ་རྣམས་ཀྱི། །ཆོས་ཚུལ་མཐའ་དག་ཡུན་རིང་འཛིན་གྱུར་ཅིག །མཐའ་དག་བློ་ངན་མུན་པའི་དཔུང་གི་ཚོགས། །དྲི་མེད་རིགས་པའི་ཚ་ཟེར་གཅིག་གིས་ཀྱང་། །རང་གནས་གཏོང་བའི་འཇིགས་པ་སྟེར་བ་ལ། །ཁྱོད་དང་མཚུངས་པའི་སྤོབས་པ་ཐོབ་པར་ཤོག །ཅེས་པ་འདི་ནི་རྣམ་གཡེངས་ཀྱི་ཁོལ་པོ་ཞིག་གིས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ་ལས། སློབ་དཔོན་དེ་ཉིད་ཀྱི་རྣམ་པར་ཐར་པ་ཕྱོགས་ཙམ་འབྱུང་བ་ཉིད་གོ་བདེ་བའི་སླད་དུ་ཚིག་གི་སྦྱོར་བས་མ་བཅིངས་པར་འབོལ་རྩོམ་དུ་བྲིས་པའི་ཡི་གེ་པ་ནི་བྱེད་པོ་ཉིད་དོ།།  །།

 

[1] ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། པོད། ༼ཉ༽ ཤིང་དཔར། ཤོག་ ༡༩ན༦ ནས་  ༢༠ན༥ བར།

Leave a Reply

Your email address will not be published. Required fields are marked *