༄༅། །སངས་རྒྱས་གཉིས་པ་དཔལ་ལྡན་ཀླུ་ཡི་དབང་པོ་ལ་བསྟོད་པ་ནོར་བུའི་མགུལ་རྒྱན་སྨོན་པའི་རེ་སྐོང་།

 

༄༅། །སངས་རྒྱས་གཉིས་པ་དཔལ་ལྡན་ཀླུ་ཡི་དབང་པོ་ལ་བསྟོད་པ་ནོར་བུའི་མགུལ་རྒྱན་སྨོན་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ།།[1]

༼འཇམ་དབྱངས་གྲུབ་པའི་བློ་གྲོས་ (ཁྲུངས་དུས།1932-?) ཀྱིས་མཛད་པ།༽

 

ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། གང་ཞིག་སྤངས་རྟོགས་མཐོན་པོའི་སྟོབས་ཀྱིས་བརྗིད་ཅིང་དག་པའི་ས་ལ་རབ་ཏུ་འགྱིངས། །འགྱིངས་པའི་ལྟ་ངན་རི་བོ་བཤིག་པའི་ལུང་རིགས་རྡོ་རྗེའི་སྣ་ཞགས་རིང་དུ་རྐྱོང་། །སྐྱོང་མཛད་ལྷ་མཆོག་ནོར་བུའི་ཏོག་གིས་སྤྱི་བོ་མཛེས་ཤིང་རབ་ཏུ་བརྗིད། །བརྗིད་ལྡན་གཉིས་འཐུང་སྟོབས་ཀྱི་རྒྱལ་པོ་དཔལ་ལྡན་ཀླུ་ཡི་དབང་པོས་བདག་སྐྱོངས་ཤིག །

སྐལ་བཟང་མཛེས་པའི་རྣམ་འདྲེན་ཟས་གཙང་སྲས་པོའི་བསྟན་པ་ནི། །རྣམ་པར་མཛེས་པའི་རྒྱན་མཆོག་ཀླུ་དབང་ཁྱེད་ཀྱི་རྣམ་ཐར་ལ། །སྡེབ་སྦྱོར་མཛེས་པའི་རྒྱན་གྱིས་རབ་ཏུ་སྤྲས་ཤིང་དགའ་བའི་བློས། །བསྟོད་པ་མཛེས་བྱེད་ནོར་བུའི་མགུན་རྒྱན་འདིར་བཀོད་པར་བྱ། །སྔོན་ཚེ་བདེ་གཤེགས་ཀླུ་རིགས་སྒྲོན་མེའི་གར་སྟབས་མཁའ་ལ་བསྒྱུར་བའི་ཚེ། །དྷརྨ་རཱ་ཛཱ་ཀླུ་ཞེས་བྱ་བའི་ནོར་འཛིན་དབང་པོའི་ལྟོ་བ་ནི། །དད་པའི་འཁོར་ལོས་བཏུལ་ཏེ་གཞལ་མེད་སྦྱིན་པའི་ཆབ་ཀྱིས་བརླན་བཀྱེ་བཞིན། །རིན་ཆེན་སེམས་ཀྱི་མྱུ་གུ་ཐོག་མར་འཁྲུངས་པ་ཁྱེད་ལ་བདག་དད་ལགས། །སྔོན་དུས་ཤཱཀྱའི་སྤྲིན་ལས་ལུང་གི་མེ་ཏོག་ཡང་ཡང་འཐོར་བའི་འབྲས་བཟང་ནི། །ལྷོ་ཕྱོགས་བྷེ་དྷའི་འཛིན་མར་རྐང་འཐུང་གཞོན་ནུའི་རྣམ་དཔྱོད་གསར་དུ་ངོམས་པའི་ཚེ། །སྔོན་གོམས་བསོད་ནམས་མེ་ཏོག་བཞད་པས་ཐུབ་བསྟན་ཉི་གཞོན་འོད་ལ་འཛུམ་མིག་གཡོས། །བགྲང་བྱ་བདུན་ན་འཆི་མེད་དཔལ་བརྙེས་ཤེས་རབ་ལྷ་ཡི་རྐང་དྲུག་འབྲལ་མེད་འཁོར། །བྲམ་ཟེ་བཙུན་པའི་མཁྱེན་བརྩེའི་ཆུ་འཛིན་ལས་འཐོན་འདུལ་ཆོག་ཞི་བ་བསིལ་བའི་སྦྲང་ཆར་ནི། །ཁྱེད་སྐུར་རེག་པའི་མོད་ལ་ཉེས་སྤྱོད་བསྡམ་པའི་ཟོལ་གྱིས་གསེར་སྦྱངས་འབར་བའི་ལྷུན་པོར་ནི། །མཚམས་སྤྲིན་གཞོན་ལ་མཛེས་པའི་རེག་བྱས་དགའ་བས་འཁྱུད་ལྟར་བརྟུལ་ཞུགས་གསར་པའི་ཉམས་ཀྱིས་སྒེག །དགེ་སློང་དཔལ་ལྡན་སྙན་པའི་འབྲག་སྒྲ་དེ་ཡང་ལྡིར་ལ་ཆོས་འདུལ་དགའ་བའི་ཚལ་ཡང་རྒྱས། །བློ་གྲོས་མཆོག་གི་འདབ་མ་རབ་ཡངས་ཚུལ་ཁྲིམས་ལུས་ཟུངས་དབང་པོའི་གཞུང་ལྟར་མཛེས་པའི་བྷྲ་མ་རས། །བྲམ་ཟེ་མཆོག་དང་འཇམ་དཔལ་རོལ་པ་བློ་གྲོས་རིན་ཆེན་ཞབས་ཀྱི་ཆུ་སྐྱེས་གཞོན་པའི་རྣམ་འགྱུར་ལ། །དགའ་བའི་མགྲིན་གླུ་དལ་གྱིས་ལེན་བཞིན་མདོ་སྔགས་ཆོས་ཀྱི་མངར་བའི་རོ་ལ་ཆགས་པས་མྱོས་ནས་གཡོ། །འདི་ནི་ཆགས་པས་མ་ལགས་ཆགས་པའི་ཟོལ་གྱིས་ཆགས་པ་འཇོམས་བྱེད་མཛངས་པས་བཤེས་གཉེན་བསྟེན་པའི་ཚུལ། །ལྕགས་ཁམས་གསེར་དུ་བསྒྱུར་བའི་འཕྲུལ་ཐབས་ཀྱིས་ནི་ན་ལེནྡྲ་རུ་དགེ་འདུན་སྡེ། །ལོ་གྲངས་བཅུ་ཡི་བར་དུ་མུ་གེའི་འཇིགས་སེལ་ཞལ་ཏ་པ་ཁྱོད་མི་ཡིན་ནམ། །འདོད་དོན་མ་ལུས་འབྱུང་བའི་ནོར་བུ་ཡིན་ནམ་འོན་ཏེ་དཔག་བསམ་ཤིང་ཡིན་ནམ། །འདི་དེ་ཇི་ཞིག་སྙམ་ནས་སྐྱེ་བོའི་ཚོགས་ཀུན་སོམ་ཉིའི་གནས་སུ་ཅིས་མ་གྱུར། །ཆོས་ཀྱི་འབྱུང་གནས་ན་ལེནྡྲ་ཡི་གཙུག་ལག་ཁང་དུ་བསྟན་རྩ་འདུལ་བའི་ཕྱག་བཞེས་ལ། །བྱི་དོར་བྱས་ནས་ཁྲིམས་འཆལ་བསྐྲད་སོགས་བསྟན་པ་རིན་ཆེན་དེ་ནི་ཐུགས་ཀྱི་ཁུར་དུ་བཞེས། །སྙིང་སྟོབས་ཆེན་པོས་སྡེ་སྣོད་གསུམ་གྱི་ཆོས་ཀྱི་རྔ་ཆེན་དང་པོ་ལྡིར་བའི་སྙན་གྲགས་ལ། །བརྒྱ་བྱིན་ལྷ་ཡི་རྔ་ཡང་ཕྲག་དོག་སྟབས་ཀྱིས་མཐོ་རིས་གྲོང་ན་མྱུར་བས་རྒྱུ་ལ་ལྟོས། །ཆོས་དབྱིངས་མཁའ་ལ་རྟོགས་པས་གར་སྟབས་བསྒྱུར་བའི་སྒྲ་བརྒྱའི་དབང་པོ་ཁྱེད་ཀྱི་རིག་པའི་ལྕེ་དམར་འཁྱུག་པའི་སྐད་ཅིག་ལ། །ལྟ་ངན་གཡང་ལ་འཕྱན་པའི་བདེ་བྱེད་ལ་སོགས་མུ་སྟེགས་མང་པོས་ཐར་པའི་གྲོང་ལ་བགྲོད་བྱེད་ཤེས་རབ་མིག་རྙེད་ཅིང་། །དམིགས་མེད་བརྩེ་བའི་ཆུ་འཛིན་དང་འགྲོགས་རྒྱ་མཚོར་ཆས་དེ་ཐབས་མཁས་སྨན་གྱི་སྦྱོར་བས་ཀླུ་ཡི་མྱ་ངན་སངས་པར་བྱས། །མཚན་ཉིད་མེད་ཆོས་ཤེར་ཕྱིར་འབུམ་ཞེས་གྲགས་པའི་དགོས་འབྱུང་ནོར་བུའི་གཏེར་ནི་ཕྱག་གི་རྒྱན་དུ་ཐོགས་ནས་སྲིད་འདིར་བརྗིད། །དེ་ཚེ་འཛམ་གླིང་འདིར་ནི་དད་པའི་ཞིང་གྱུར་མཆོད་རྟེན་བྱེ་བ་ས་ཡ་ནི། །ཀླུ་ཡིས་གྲོགས་བྱས་ལྷུན་གྱིས་གྲུབ་ཅིང་ཀླུ་སྒྲུབ་སྙིང་པོའི་སྙན་གྲགས་རོལ་མོ་ལྡིར། །རྒྱལ་བཀའ་མཚན་ཉིད་མེད་པའི་དངོས་བསྟན་སྟོང་ཉིད་ཟབ་པོའི་དགོངས་འགྲེལ་དབུ་མ་ཞེས། །ལྟ་ངན་ལྷ་མིན་དཔུང་འཇོམས་ཆོས་སྒྲ་གཉིས་པའི་རྒྱལ་རྔ་ཆེན་པོ་དེ་ཚེ་བརྡུངས། །ཁྱོད་ནི་ཐབས་ལ་མཁས་པའི་ཕ་རོལ་ཕྱིན་པ་བརྙེས་པ་པོ། །ཁྱོད་ནི་སྒྲ་མི་སྙན་སོགས་ལའང་ཐར་པའི་དཔལ་ནི་སྟེར་བ་པོ། །ཁྱོད་ནི་རྒྱལ་པོ་བདེ་སྤྱོད་མཆོག་གི་དབུ་ཡི་མཆོད་གནས་དམ་པ་པོ། །ཁྱོད་ནི་གདུལ་བྱ་དུས་ལས་མི་ཡོལ་ཆོས་ཀྱི་དགའ་སྟོན་འགྱེད་པ་པོ། །རྒྱལ་བའི་དབྱངས་ཀྱིས་རྒྱལ་ཡུམ་སྒྲོལ་མས་ལུང་བསྟན་ཇི་བཞིན་དཔལ་གྱི་རི་ལས་མཆོག་གི་དཔལ་ལ་བརྩོན། །རྒྱུ་འབྲས་ཐེག་པས་རྒྱུ་བའི་འབྱུང་པོ་སྐལ་བ་ཆེ་རྣམས་རྣམ་གྲོལ་ས་ལ་ཐབས་ཀྱི་རྣམ་པར་བསྒྲལ། །ལྷག་པར་དུ་ནི་ལྷག་བསམ་དག་པས་མདོ་རྒྱུད་སྙིང་པོའི་དགོངས་པ་གསལ་བའི་མཆོག་གི་དགོངས་འགྲེལ་མཛད། །སྲིད་པ་འདིར་ནི་སྲིད་ལས་རྒྱལ་བའི་གནས་ལུགས་སྙིང་པོའི་ཆོས་ཀྱི་སྒྲ་ཆེན་གསུམ་པའི་ཆོས་འཁོར་བསྐོར། །ཁྱེད་ཀྱིས་འབྲས་བུ་ལམ་བྱེད་རྡོ་རྗེའི་ཐེག་པས་ཚེགས་མེད་མི་འགྱུར་རྡོ་རྗེའི་སྐུ། །སྐུ་ཚེ་དེ་ལ་མངོན་དུ་གྱུར་ཀྱང་བདུད་ཀྱི་རེ་བ་སྐོང་དང་གདུལ་བྱ་རྣམས། །རྣམ་མཁྱེན་ལམ་ལ་མྱུར་དུ་བསྐུལ་ཕྱིར་རེ་ཞིག་བདེ་བ་ཅན་དུ་འགྲོ་འོ་ང་། །ང་རང་ལུས་འདིར་ཕྱི་ནས་འཇུག་ཅེས་སྐུ་ལུས་རྡོ་རུ་དད་པའི་གསོས་སུ་བསྒྱུར། །ཨེ་མའོ་ངོ་མཚར་རྨད་བྱུང་དཔལ་ལྡན་ཀླུ་དབང་གི །རྣམ་ཐར་དྲན་ནས་དགའ་བས་བ་སྤུ་གཡོ་བ་དང་། །ཀྱེ་མའོ་གཅོང་རོང་དོས་དྲག་སྡུག་བསྔལ་མཐའ་མེད་འགྲོའི། །རྣམ་གྲངས་དྲན་ནས་མྱ་ངན་མཆི་མ་འཁྲུག་བཞིན་དུ། །དུང་དུང་གདུང་བའི་ཡིད་ཀྱིས་ལྷང་ལྷང་ཚིག་གིས་འབོད། །སྙན་སྙན་མགྲིན་པའི་དབྱངས་ཀྱིས་ཡང་ཡང་བསྟོད་བགྱིས་ན། །མཛེས་མཛེས་སྐུ་ཡི་སྣང་བ་གསལ་གསལ་མིག་ལ་སྟོན། །བརྩེ་བརྩེ་ཐུགས་ཀྱི་དགོངས་པ་སྙིང་ལ་འཕོ་བར་ཤོག །ནམ་ཞིག་དཔལ་གྱི་རི་བོར་སླར་ཡང་ཁྱེད། །བྱོན་ནས་མདོ་སྔགས་ཆོས་རྔ་སྒྲོག་པའི་ཚེ། །འཁོར་གྱི་ཐོག་མར་སྐྱེས་ནས་གདུལ་བྱའི་འཕྲོ། །འདྲེན་པའི་རྒྱལ་ཚབ་བྱེད་པའི་སྨོན་ལམ་དང་། །ཆབས་ཅིག་ཏུ་ནི་དཔལ་ལྡན་ཀླུ་ཡི་རྣམ་ཐར་ལ། །དགའ་བས་ཡིས་ནི་བསྟོད་པའི་ཚིག་ནི་འདིས་མཆོད་དོ། །དབུ་མ་ཡི་ནི་ལྟ་རིམ་བཞི་པོ་མ་ནོར་བའི། །ངེས་ཤེས་དེ་ནི་བདག་ལ་སྩོལ་ཅིག་ཀླུ་ཡི་དབང་། །དེ་ལྟར་བསྟོད་པོ་བདག་ལ་འབྲེལ་བའི་ཡིད་ཅན་གཙོས། །མཁའ་ཁྱབ་འགྲོ་འདི་མ་འོངས་ཚེ་ན་འཇིག་རྟེན་ནི། །དྭངས་བའི་འོད་དུ་སྟོན་པ་ཡེ་ཤེས་འབྱུང་གནས་ཀྱི། །ཞལ་མཇལ་གསུང་གི་སྣང་བས་བདེ་གཤེགས་ཐོབ་པའི་ཆེད། །མགོན་པོ་ཀླུ་དབང་པོ་ལ། །བསྟོད་པ་ནོར་བུའི་མགུལ་རྒྱན་འདི། །ཞེན་མེད་ཆགས་པའི་ཉམས་ཀྱིས་འབུལ། །རྟེན་འབྲེལ་སྟོང་པའི་དབྱིངས་སུ་བསྒྲིགས། །ཀུན་ཉོན་མུན་པའི་བཙོན་རྭར་ལས་ཀྱི་དྲྭ་བས་རབ་བསྡམས་ཤིང་། །རིན་ཆེན་གསུམ་གྱི་སྣང་བར་དགྲ་ཡི་དྭངས་མར་མཐོང་བའི་གདོན། །འཇིགས་རུང་དག་གིས་མཐའ་ནས་གཤེད་བཞིན་བསྐོར་བའི་དབུས་ཤིག་ཏུ། །འཇམ་དབྱངས་བླ་མའི་དྲིན་ལས་སྦྱར་འདིས་བསྟན་འགྲོར་སྨན་གྱུར་ཅིག །འདི་ཡང་སྤྲུལ་ཏིཥྛའི་མཚན་གྱིས་ཡང་ཡང་བཀའ་ནན་ཕབ་པ་བཞིན་ས་སྤྲེལ་ཟླ་བ་ ༤ པའི་ཚེས་ ༡༣ ཉིན་མདོ་གྲྭ་འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱིས་བྲིས་པས་དགེ་ལེགས་འཕེལ། མངྒ་ལཾ།།  །།

 

[1] འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༣༽ ལྔ་རིག་ནང་བསྟན་སློབ་གླིང་། ༢༠༠༢ ལོ། ཤོག་ ༡༧༧-༡༨༡ བར།

Leave a Reply

Your email address will not be published. Required fields are marked *