༄༅། །ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

 

༄༅། །ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།[1]

༼མཛད་པ་པོ། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོ།༽

མཁྱེན་དང་བརྩེ་བའི་དཔལ་ལྡན་སྤྱན་ཟུང་བྱིན་ཟ་ཆེ་ལྟར་རབ་ཏུ་འབར། །རྣམ་དཔྱོད་གཤོག་ཡངས་བདེན་གཉིས་ཤེས་བྱའི་ཆུ་མཐོང་འགོག་པར་བསྐྱོད་པ་ཡིས། །ཐེག་གསུམ་དམ་ཆོས་ལྷ་ལམ་དབྱིངས་སུ་ཐོགས་པ་མེད་པར་ཉེར་ལྡིང་བ། །མཚུངས་མེད་མཁའ་ལྡིང་དབང་པོའི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །

སྟོན་པའི་ཉིན་བྱེད་ཞིང་གཞན་གཤེགས་ནས་ལོ་སྟོང་ཉེར་སོང་སྐབས། །ཆོས་མངོན་བསྟན་པར་དགྲ་ལན་གསུམ་བྱུང་ཉམས་ནི་དམས་གྱུར་ཚེ། །བསྟན་དར་སྨོན་ལམ་མཐུ་གྲུབ་བྲམ་ཟེའི་བུ་མོ་གསལ་ཚུལ་ལ། །རྒྱལ་རིགས་དང་འདུས་སྲས་སུ་བསམ་བཞིན་འཁྲུངས་ལ་གསོལ་བ་འདེབས། །སྐྱེས་ཙམ་ཉིད་ནས་བློ་རྣོའི་ཐབས་བྱས་དབྱངས་ཅན་མ། །ལྷག་པའི་ལྷར་བསྟེན་བློ་གྲོས་དབྱར་མཚོའི་མཆེད་ཟླར་འཕེལ། །གང་སྐུའི་ན་ཚོད་རྫིང་སྐྱེས་པདྨོའི་དཔལ་དུ་སྨིན། །ཐུན་མོང་རིག་པའི་གནས་ཀུན་སྦྱངས་ལ་གསོལ་བ་འདེབས། །ཕ་ཡི་རིགས་ལས་གང་ཡིན་མ་ལ་དྲིས། །ཡུམ་གྱིས་བུ་ཁྱོད་དམ་ཆོས་དར་ཆེད་བསྐྱེད། །རབ་ཏུ་བྱུང་སྟེ་ཐོས་བསམ་ལ་འབོད་གསུངས། །རབ་བྱུང་བསྙེན་རྫོགས་མཛད་ལ་གསོལ་བ་འདེབས། །དེ་ནས་སྡེ་སྣོད་གསུམ་པོ་ལོ་རེ་བཞིན། །ཚིགས་བཅད་འབུམ་འབུམ་འཛིན་པར་མཛད་པ་ལས། །སྡེ་སྣོད་གཞན་ལ་མཁས་ཀྱང་ཤེར་ཕྱིན་གྱི། །མདོ་དོན་རྟོགས་དཀར་གཟིགས་ལ་གསོལ་བ་འདེབས། །ས་གསུམ་འོད་ཀྱི་རྟོགས་པ་མངོན་གྱུར་ཀྱང་། །ངོམས་མེད་ཐོས་པ་རྒྱ་མཚོའི་མཐའ་འཚོལ་ཕྱིར། །མ་ཕམ་བསྒྲུབས་ལ་ཐེག་ཆེན་དར་བྱ་སྙམ། །ཐུགས་དགོངས་ཆད་མེད་འཁྲུངས་ལ་གསོལ་བ་འདེབས། །དེ་ནས་རི་བྱ་རྐང་གི་སྒྲུབ་ཕུག་བྱོན། །ཐུབ་གསུང་ཀུན་ལ་མངོན་གྱུར་སྤྱན་མངའ་བ། །བྱམས་མགོན་འབད་པས་ཉི་མའི་ལོར་བསྒྲུབས་ཀྱང་། །རྟགས་དབེན་སྐྱོ་ཚུལ་བསྟན་ལ་གསོལ་བ་འདེབས། །དེ་ཡང་ལོ་གསུམ་གསུམ་ནས་སྐྱོ་བཞིན་སོང་། །རིམ་བཞིན་རྒན་པོས་བལ་གྱིས་ལྕགས་སྡོང་ཟད། །སྒྲོ་དང་ཆུ་ཡིས་བྲག་རི་ཟད་མཐོང་བས། །སླར་གཤེགས་བརྩོན་འགྲུས་འབར་ལ་གསོལ་བ་འདེབས། །མཐར་ཐོན་ལམ་དུ་ཁྱི་མོ་རོ་སྨད་ནི། །འབུས་གཞིགས་རོ་སྟོད་ཟུགས་ཤིང་ཟ་བ་ཞིག །མཐོང་བས་སྙིང་རྗེའི་དྲི་བཞོན་ལྷག་པར་གཡོས། །འབུ་བསལ་སྙམ་དུ་དགོངས་ལ་གསོལ་བ་འདེབས། །བསལ་ན་འབུ་འཆི་མ་བསལ་ཁྱི་མོ་འཆི། །ཐབས་གཞན་མ་རྙེད་རང་གི་ལུས་ལས་བཅད། །དེར་བསལ་སྙམ་དགོངས་གསིལ་བྱེད་གཏའ་མར་བཞག །གྲོང་ལས་སྤུ་གྲི་གཡར་ལ་གསོལ་བ་འདེབས། །རང་ཤ་བཅད་ནས་ལག་པས་འབུ་བླངས་ན། །འཆི་བར་དགོངས་ཏེ་ལྕེ་ཡིས་བླང་སྙམ་ནས། །སྲབ་མཉེན་ལྗགས་ཀྱི་ཞགས་དམར་བཏང་བའི་ཚེ། །ཁྱི་མོ་རྗེས་མེད་སོང་ལ་གསོལ་བ་འདེབས། །དེ་མ་ཐག་ཏུ་རྒྱལ་ཚབ་བྱམས་པ་མགོན། །འོད་གུར་དབུས་སུ་གསལ་བར་མཐོང་ནས་ནི། །དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་བྱུང་ན། །ཐུགས་རྗེ་རེ་ཆུང་ཟེར་ལ་གསོལ་བ་འདེབས། །རྗེ་བཙུན་ཞལ་ནས་ང་ནི་དང་པོ་ནས། །གམ་ན་འདུག་ཀྱང་སྒྲིབ་ལས་མ་མཐོང་ལ། །ད་ནི་སྙིང་རྗེའི་སྟོབས་ཀྱིས་ལས་དག་ཅེས། །མངོན་སུམ་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །ཁྱོད་ནི་ཅི་འདོད་གསུང་བར་ཐེག་མཆོག་བསྟན། །དར་བར་ཞུ་འཚལ་བྱས་པར་ངའི་ཆོས་གོས། །དམ་པོར་འཇུས་ཤིག་གསུངས་ནས་དགའ་ལྡན་བྱོན། །མི་ལོ་ལྔ་བཅུར་བཞུགས་ལ་གསོལ་བ་འདེབས། །གདམས་ངག་མང་གསན་བྱམས་པའི་ཆོས་སྡེ་ལྔ། །སྐྱེས་སུ་བསྣམས་ནས་འཕགས་པའི་ཡུལ་དུ་འོངས། །རྒྱལ་བའི་ཞལ་ཀླུང་གསེར་གྱི་བཀའ་ཡིག་ལྟར། །ཤིང་རྟའི་སྲོལ་ཆེན་ཕྱེ་ལ་གསོལ་བ་འདེབས། །རྣམ་རིག་ལྟ་སྟོན་ས་སྡེ་ལྔ་པོ་དང་། །ཀུན་བཏུས་ཐེག་བསྡུས་ཉི་ཁྲི་རྣམ་པར་ངེས། །མཐའ་བྲལ་ལྟ་སྟོན་རྒྱུད་བླ་ཊཱིཀ་ཆེན་སོགས། །གདམས་པས་ས་གསུམ་ཁྱབ་ལ་གསོལ་བ་འདེབས། །བརྒྱད་ཟུང་ལོ་རུ་ནཱ་ལེནྡྲ་ཡི། །མཁན་པོ་མཛད་དེ་དགེ་འདུན་སྡེ་བསྐྱངས་ཤིང་། །གནས་གཞི་དུ་མར་མཆོད་གཞི་མང་དུ་བཙུགས། །དགེ་འདུན་སྡེ་སྤེལ་མཛད་ལ་གསོལ་བ་འདེབས། །ཁྱོད་གསུང་བདུད་རྩིའི་བགོ་སྐལ་ལ་སྤྱོད་སྲས། །དབྱིག་གཉེན་ཞབས་སོགས་བགྲང་ལས་རིང་དུ་བརྒལ། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་གཙོ། །འཛམ་གླིང་རྒྱན་དུ་གྲགས་ལ་གསོལ་བ་འདེབས། །བསྟན་འགྲོར་སྨན་པའི་ཐུགས་བཞེད་སྨིན་པའི་མཐུས། །བསྟན་འགྲོའི་དཔལ་དུ་ལོ་བརྒྱ་ལྔ་བཅུར་འཚོ། །ཐེག་མཆོག་བསྟན་པ་ཆེས་ཆེར་དར་མཛད་དེ། །མི་ཕམ་མདུན་སར་གཤེགས་ལ་གསོལ་བ་འདེབས། །འཁོར་ལོ་མཐའ་མ་དགོངས་པ་ངེས་འགྲེལ་དང་། །དེ་ཡི་དགོངས་འགྲེལ་བྱམས་ཆོས་ཕྱི་མ་གསུམ། །དེ་དོན་ཡང་གསལ་ས་སྡེ་རྣམ་ལྔ་སོགས། །རྣམ་རིག་གཞུང་དོན་རྟོགས་པར་བྱིན་གྱིས་རློབས། །ཤིན་ཏུ་རྟོགས་དཀའི་རྒྱལ་ཡུམ་ཟབ་མོའི་མདོ། །སྦས་དོན་གསལ་བྱེད་མངོན་པར་རྟོགས་པའི་རྒྱན། །དངོས་དོན་འགྲེལ་བྱེད་རྒྱུད་བླ་རྩ་འགྲེལ་སོགས། །མཐའ་བྲལ་གཞུང་དོན་རྟོགས་པར་བྱིན་གྱིས་རློབས། །མདོར་ན་ཁྱོད་ཐུགས་ཀུན་གསལ་ངོས་ཡངས་པོར། །དོག་པར་འགེངས་པའི་ལུང་རྟོགས་ནོར་བུའི་ཚོགས། །བདག་ལ་མྱུར་དུ་སྩོལ་ཞེས་གསོལ་འདེབས་ན། །བུམ་པ་གང་བྱོར་སྩལ་བར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་འཕགས་མཆོག་ཁྱོད་ཉིད་ཀྱི། །ངོ་མཚར་སྤྱོད་པའི་དཔལ་ལ་ཉེར་འགྲན་པའི། །སྒོ་གསུམ་ཀུན་སྤྱོད་དོན་ལྡན་འབའ་ཞིག་གིས། །བསྟན་དང་འགྲོ་ལ་ཕན་པའི་མཐུ་ཐོབ་ཤོག །ཡུལ་ཕྱོགས་འདིས་མཚོན་འཇིག་རྟེན་ཁམས་ཀུན་ཏུ། །མི་འདོད་སྣ་དགུའི་གྲང་རེག་ཉེར་ཞི་ཞིང་། །ཐེག་མཆོག་ཆོས་ཀྱི་གླུ་དབྱངས་རབ་སྒྲོགས་པའི། །གཉིས་སྐྱེས་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཅེས་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ལ་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ཐུན་མོང་བ་རྗེས་སུ་དྲན་པའི་སྒོ་ནས་བསྟོད་ཅིང་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། གྱི་ན་བ་བློ་བཟང་ཆོས་འཛིན་གྱིས་དོན་གཉེར་བ་འགའ་ཞིག་གི་འདོད་མོས་ལྟར་སྦྱར་བའི་ཡི་གེ་པ་ནི་དགེ་བཤེས་བློ་བཟང་ཚེ་རིང་ངོ་། །འདི་བཞེངས་རྣམ་དཀར་རླུང་གི་འཕྲུལ་འདེགས་བརྟེན། །ཐབས་ཤེས་ཟུང་གི་འདབ་གཤོག་རབ་བསྐྱོད་པས། །ཐོགས་མེད་མཁའ་ལྡིང་དབང་པོའི་རྗེས་བསྙེགས་ཏེ། །བསྟན་དང་འགྲོ་ལ་ཕན་པའི་མཐུ་ཐོབ་ཤོག །འདི་ནི་དགེ་བཤེས་རྡོ་རྗེས་པར་དུ་ལེགས་པར་བསྒྲུབས་པའོ། །ཡིད་དགའ་ཆོས་འཛིན་དུ་བཞུགས།།  །།

[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡ ནས་ ༣ན༤ བར།

Leave a Reply

Your email address will not be published. Required fields are marked *