༄༅། །ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་དྲུག་སྐྱེས་གླུ་དབྱངས།[1]
༼༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པ།༽
མགྲིན་སྔོན་གསེར་མངལ་ཅན་དང་པད་དཀར་མིག །ལྷ་དང་བློ་ལྡན་ལ་སོགས་ལེགས་བྲིས་ཀྱི། །བགྲང་ཡས་དྲེགས་ལྡན་ཀུན་གྱི་ཅོད་པན་དུ། །དྲི་བྲལ་ཞབས་ཟུང་འགོད་ལ་གུས་པས་འདུད། །འཕགས་ཡུལ་ཀུན་གསལ་མཛེས་མའི་འགྲམ་པ་ལ། །ཟ་ཧོར་རྒྱལ་རིགས་ཟླ་ཤེལ་ཞུན་མའི་ངོས། །འོད་དཔག་མེད་མགོན་སྤྲུལ་པའི་རི་དྭགས་གཟུགས། །འགོག་མེད་གསལ་བར་ཤར་ལ་གསོལ་བ་འདེབས། །
དཔལ་སྟུག་ཉི་མའི་གཉེན་དང་དབྱེར་མེད་པའི། །བླ་མེད་ཆོས་ཀུན་གཟིགས་པའི་མར་མེ་ཡིས། །འགྲོ་རྣམས་བླང་དོར་ལ་རྨོངས་མུན་པའི་དཔུང་། །སེལ་མཛད་གྲངས་མེད་ཡོན་ཏན་ཕུལ་འབྱུང་གཏེར། །སྒྲིབ་གཉིས་རྡུལ་གྱི་རྒྱལ་མཚན་མ་ལུས་པ། །ཡེ་ཤེས་ཚང་ཚིང་ཞུགས་ཀྱི་མཐུན་རྐྱེན་དུ། །ལེགས་གྲུབ་རྡོ་རྗེའི་རྣལ་འབྱོར་ལ་རོལ་པའི། །དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་ཁྱད་པར་ཆེ། །ལྷག་པའི་ལྷ་ཡིས་རྗེས་བསྐུལ་དྲི་ཟའི་རྒྱུད། །དང་པོར་བརྡུངས་ཚེ་ཚོགས་ལམ་བརྟུལ་ཞུགས་གཟིངས། །རབ་ཞིག་ཚངས་སྤྱོད་རྙོག་བྲལ་ཆུ་ཀླུང་ཆེར། །བསླབ་གསུམ་བསིལ་བའི་དགའ་བདེ་ཅི་ཡང་རྒྱས། །པཎ་གྲུབ་བྱེ་བའི་ལེགས་བཤད་གངྒཱའི་ཆུ། །མཁྱེན་དཔྱོད་ཡངས་པའི་ཧུབ་ཀྱིས་ལེགས་དྲངས་པས། །གནས་ལྔ་རིག་པའི་ཉལ་འགྲོ་སྐྱུག་མཁས་པའི། །སྔོན་མེད་ཛ་ཧུ་མ་ཞེས་ལྷ་རྣམས་གླེང་། །གངས་ཅན་བསྟན་པའི་རིན་ཆེན་རྩིག་ངོས་ལ། །ལོག་སྤྱོད་ལངྐའི་བདག་པོའི་གཟུགས་ཤར་ཚེ། །ལུང་རིགས་ཉག་ཕྲན་གཅིག་གིས་ཉེར་བཅོམ་པས། །རགྷུའི་བུ་ཡི་ཁེངས་པ་བཏང་གིས་དོགས། །མདོ་རྒྱུད་ཉི་ཟླའི་རང་བཞིན་ཚ་བསིལ་ཁམས། །མ་བརྟགས་ལྟར་སྣང་འགལ་བའི་ཆོས་ཅན་དང་། །སྒྲིབ་གཉིས་མུན་པ་སེལ་ཕྱིར་མཆོག་དམན་གྱི། །ཐེག་པའི་བླང་དོར་བློ་དེ་ད་ག་རེ། །གདུལ་བྱའི་ཁམས་ཀྱི་རང་མདངས་ཚོན་པིར་གྱི། །སྣ་ཚོགས་ཐེག་པའི་འཇའ་རིས་གསར་པའི་གུར། །ཀུན་མཁྱེན་ཡེ་ཤེས་གཟིགས་མོའི་དགའ་སྟོན་མཆོག །སྟེར་བའི་བྱ་རྩོལ་དག་ལ་གཅིག་ཏུ་མཚུངས། །དོན་དམ་རང་བཞིན་གྱིས་སྟོང་འདྲེན་བྱེད་དུ། །ཀུན་རྫོབ་གཟུགས་བརྙན་རྣམ་འགྱུར་ལེགས་འཆར་བའི། །མཐའ་བྲལ་རྟེན་འབྲེལ་རྣམ་འདྲེན་དགོངས་པའི་བཅུད། །འགྲོ་ཀུན་བདེ་བླག་རྙེད་པའི་མཆོག་སྦྱིན་མཁན། །སྐྱེས་བུ་གསུམ་གྱི་ལམ་བཟང་གསེར་སྦྱངས་ཀྱི། །ཐེམ་སྐས་བདེ་བར་འགྲོ་ཀུན་འདྲེན་མཛད་ན། །ཉེས་སྤྱོད་མི་ཟད་འཁོར་བའི་བཙོན་ར་དེ། །མངོན་སུམ་མེད་ཕྱིར་མིང་གི་ལྷག་མར་ཟད། །ཐུན་མོང་མ་ཡིན་གསང་ཆོས་གླེགས་བམ་གྱི། །ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་མཆོག །སྒྲོལ་མས་ལུང་བསྟན་རྒྱལ་བའི་འབྱུང་གནས་སོགས། །སྐལ་བཟང་གདུལ་བྱའི་མགྲིན་པ་ཅི་ཡང་མཛེས། །བག་མེད་འདམ་གྱིས་ནམ་ཡང་གོས་མིན་པའི། །རྣམ་ཐར་གཙང་མའི་འདབ་སྟོང་དཀར་འཇམ་ཅན། །ལྷ་ཆོས་བདུན་གྱི་གེ་སར་ལྡེམ་པ་ཡི། །བཀའ་གདམས་པདྨའི་ཕྲེང་བ་རྣམ་པར་བཞད། །ཕན་བདེའི་གྲིབ་བསིལ་བསྟར་བའི་དྲི་བྲལ་གྱི། །རིང་ལུགས་གདུགས་དཀར་ནོར་བུའི་ཡུ་བ་ཅན། །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས་ལེགས་གཏང་ནས། །མི་ཕམ་དབང་པོའི་དགའ་བའི་ཚལ་དེར་གཤེགས། །སྙིགས་དུས་ཉོན་མོངས་སྣང་བ་མི་བཟོད་པའི། །དཀྱིལ་འཁོར་ཐབས་མཁས་མཚོན་གྱིས་ལེགས་བརྡར་ཏེ། །བློ་ལྡན་ཧེ་རུ་ཀ་ཡི་དགའ་སྟོན་མཆོག །སྩོལ་མཁས་སྣ་ཚོགས་ལས་བཟང་ཨ་ཏི་ཤ །མི་བསྲུན་ཉེས་སྤྱོད་ཕུད་སྒྲ་ཆེར་སྒྲོག་པའི། །ལྔ་བརྒྱའི་ཀླུ་དབང་གཙུག་གི་ནོར་བུ་མཆོག །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །དཔལ་ལྡན་མར་མེ་མཛད་ལ་གསོལ་བ་འདེབས། །དགེ་བའི་རྣམ་སྨིན་དཀར་པོར་འཛག་པའི་རྔ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་དབྱངས་ཅན། །ཚེ་རབས་ཀུན་ཏུ་རྣ་བའི་དགའ་སྟོན་དུ། །མི་འབྲལ་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་དྲུག་སྐྱེས་གླུ་དབྱངས་ཞེས་པ་འདི་ནི། ཀུན་འཛིན་གྱི་ལོ། རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཟླ་བ། ཉིན་བྱེད་དབང་པོ་སེང་གེའི་ཁྱིམ་དུ་སླེབས་པའི་ཉིན། བཀའ་གདམས་རིན་པོ་ཆེའི་བསྟན་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།
[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༩༥-༡༩༧ བར།