༄༅། །རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཟླ་བའི་ཞབས་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་ཡན་ལག་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།

 

༄༅། །རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཟླ་བའི་ཞབས་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་ཡན་ལག་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།[1]

༼འཇམ་མགོན་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པ།༽

ཨོཾ་སྭ་སྟི་སིདྡྷཾ། དངོས་ཀུན་ཁྱབ་ཅིང་རྟག་པའི་སྐུ་ནི་མཁའ་ཁྱབ་མཚན་དཔེས་སྤྲས། །ཟླ་བ་ཉིད་ཀྱང་ཞི་བསིལ་ཆོས་ཀྱི་བདུད་རྩིའི་འོད་སྣང་སྤྲོ། །མཚུངས་པ་མེད་པ་རྣམ་གྲོལ་ལམ་གྱི་ས་མཁན་མཆོག་གཅིག་པུ། །གྲུབ་པ་བྱེ་བའི་གཙུག་རྒྱན་གང་དེར་བདག་ནི་སྙིང་ནས་དད། ། ༡ དེ་བས་གདུང་ཤུགས་མི་ཕྱེད་པའི། །རླན་གྱིས་བྲན་པའི་ལག་པད་ནི། །ཁྱོད་ཞབས་ཟླ་བའི་མེ་ལོང་དུ། །ཁེངས་པ་བསྙིལ་ནས་ཟུམ་པར་བགྱི། །

༢ དོན་མཐུན་གྱིས་ནི་རིན་ཆེན་དང་། །རྨངས་པས་བུ་ལ་ཇི་ལྟར་འདོད། །དེ་ལྟར་ཁྱོད་ཀྱི་ཡོན་ཏན་གྱི། །དཔལ་ལ་འདོད་པས་མ་ངོམས་པར། ། ༣ རྒྱལ་བ་དགྱེས་པའི་རིན་ཆེན་སེམས། །ཤེས་རབ་ཟབ་མོའི་རྗེས་སོང་བ། །དྲི་ཟླའི་ལག་པས་བསྣུན་པ་ཡི། །འཕངས་འགྲོའི་དབྱངས་སྙན་བརྡུང་བར་བྱ། ། ༤ འཁོར་བར་རིགས་ཀྱི་ནུས་པ་ནི། །ཏིལ་ལ་ཁྱབ་པའི་མར་བཞིན་དུ། །རྒྱུ་འབྲས་རྣམ་དབྱེར་མེད་པར་ཡང་། །བྲལ་བའི་རྐྱེན་ལ་ལྟོས་གྱུར་པས། ། ༥ མེ་ཤེལ་ནུས་པས་མེ་འབྱིན་ལ། །རླན་གྱིས་སཱ་ལུའི་ལྗོན་པ་འབྱིན། །དད་པས་དཀར་པོའི་ཕྱོགས་ཀྱི་ཆོས། །ལྷག་མ་མེད་པར་རྫོགས་པར་དྲན། ། ༦ དེ་ཕྱིར་རྣམ་པར་ཐར་པའི་གཏམ། །དབྱར་གྱི་དཔལ་མོས་གསོས་པ་ཡི། །ཉམས་འགྱུར་ལང་ཚོའི་སྒེར་འཆང་བ། །སྙན་ཚིག་འདབ་བརྒྱ་ཁོང་ནས་རྒོད། ། ༧ གང་གི་རྨད་བྱུང་གྲགས་པ་ནི། །འཇིག་རྟེན་ཀུན་ཏུ་ཁྱབ་པའི་དུང་། །དཔལ་གྱི་བདག་པོས་བུས་པ་ལས། །ངོ་མཚར་གཏམ་འདི་རྗེས་སུ་ཐོས། ། ༨ བསྙེན་དང་ཉེ་བར་བསྙེན་པ་ཡིས། །ཤིན་ཏུ་ཉེ་བའི་མཚན་མ་མཐོང་། །པདྨ་ལྟ་བུར་འཛུམ་པའི་ཞལ། །གྲུ་འཛིན་དབང་དང་གཏམ་སྨྲ་བ། ། ༩ འཕགས་པའི་ཡུལ་དུ་སྔོན་བྱུང་བའི། །བློ་ལྡན་ཆོས་ལ་བཟོད་ཐོབ་པས། །ཆད་པར་ལྟ་བུ་སུན་ཕྱུང་ནས། །བློ་ངན་རྒྱུད་དེ་ལྡོག་པའི་སླད། ། ༡༠ གང་ལ་སྐྱེ་བ་ཡོད་མ་མཆིས། །དེ་ལ་འགག་པ་ག་ལ་ཡོད། །དཔལ་གྱི་མགུར་ནས་བདེན་གསུངས་པའི། །མངོན་སུམ་ཚུལ་ལ་ད་ལྟོས་ཤིག ། ༡༡ བློ་ཐག་ཆོད་པའི་མཁས་པ་དེས། །ཡིད་ཆེས་ཚིག་ནི་དེ་འདྲ་བསྟན། །ལུས་ལ་བདེན་པའི་རྟགས་བཀོད་ནས། །འཆི་འཕོ་མངོན་པར་སྐྱེ་བ་བརྩམས། ། ༡༢ ནམ་ཞིག་ས་ཡི་ཐིག་ལེ་རུ། །རྒྱུ་འབྲས་མྱུ་གུ་འཁྲུངས་པ་ན། །བཟློག་པར་དཀའ་བའི་ལྟ་ངན་ཡང་། །སྙེམས་པའི་རོ་དང་ལྷན་ཅིག་ཞི། ། ༡༣ དགེ་བ་ཅན་གྱི་སྙིང་པོའི་ཡུལ། །དབུས་འགྱུར་འཆང་ལ་མངོན་ཕྱོགས་པའི། །འཆར་ཀའི་ཉི་མས་མཚན་པ་ན། །མཆོག་གི་བདག་ཅེས་བྱ་བ་ཡོད། ། ༡༤ འབྱོར་པ་དར་བའི་གྲོང་ཁྱེར་ལ། །རྐང་སྟེགས་བཀོད་པའི་མིའམ་ཅི། །དྲེགས་པ་སྨད་པའི་ལན་བུ་ཡིས། །མཆོད་འོས་ཉིད་དུ་བསྒྲུབས་པ་དེར། ། ༡༥ རྣམ་དཀར་པིར་གྱིས་ལེགས་བྲིས་པས། །མཚར་སྡུག་རེ་ཁཱ་རྫོགས་པ་མོ། །པདྨ་སྦྲུམ་པའི་ཀཻ་ས་རཿ །གཞོན་ནུའི་མཆོག་ཅིག་རྒོད་པར་གྱུར། ། ༡༦ ལས་ཀྱིས་བྱས་པའི་འབྲས་བུ་དང་། །ཤིན་ཏུ་གོམས་པའི་གནས་ཅན་རིག །འབད་པས་བསྒྲུབས་པ་མཛོད་ཀྱི་ནོར། །གང་ཡིན་བདག་པོའི་མདུན་ན་གནས། ། ༡༧ རྒྱལ་རིགས་མཁས་ལས་སྐྱེས་པའི་བུ། །རྒྱལ་སྲས་རྣམས་ཀྱིའང་སྲས་གྱུར་པ། །བརྟུལ་ཞུགས་དང་ནི་སྙིང་སྟོབས་དང་། །ཆོས་ཀྱི་འབྱོར་པས་འབྱོར་པ་དེ། ། ༡༨ བརྡ་སྤྲོད་རྟོག་གེ་འཚོ་ཐབས་སོགས། །གཞན་དག་ངལ་བརྒྱས་ལྷུར་ལེན་པ། །སྐྱེ་བར་བཏབ་པའི་ས་བོན་ནི། །འབད་པ་མེད་པར་སྨིན་པ་ལས། ། ༡༩ གང་གི་སྣང་བརྙན་རྫོགས་པ་དང་། །ཡི་གེའི་འདུ་བྱེད་གསལ་བ་དང་། །རྣམ་དཔྱོད་དཔལ་གྱིས་སྒེག་པ་སྟེ། །གསུམ་པོ་འདི་ནི་མཉམ་དུ་བྱང་། ། ༢༠ རེ་ཞིག་གྲུབ་པའི་མཐར་ཞུགས་པ། །ཐ་སྙད་སྨྲ་བའི་དབང་ཕྱུག་ནི། །ས་སྟེང་སྨྲ་བ་ལས་རྒྱལ་བས། །བསྟན་ལ་རྨ་ག་གཏོད་པར་བརྩམས། ། ༢༡ ཟློག་པའི་སྦྱོར་ལྡན་པི་ཤེ་ས། །བརྒལ་བརྟག་བློ་གྲོས་འཛིངས་པ་ཡིས། །ངལ་བའི་ཁུར་ཅན་དེ་མཐོང་ནས། །གཞོན་ནུ་སྨྲ་བའི་ཉི་མས་སྨྲས། ། ༢༢ འདི་ཡི་རྒྱུ་ཅི་འདི་ནི་ཅི། །སྡེབ་སྦྱོར་མཁན་དེ་རངས་བརྩད་ནས། །རྣམ་པར་འཐག་ཅེས་སེངྒེའི་སྒྲ། །མ་བཟོད་རིན་ཆེན་སྙིང་པོའང་འདར། ། ༢༣ དེ་ནས་ས་བླའི་ལྷ་དག་གིས། །མེ་ཏོག་བླ་བྲེ་བྲེས་པ་དང་། །སྐྱེ་བོས་ཡོངས་བསྐོར་ས་ཡི་བདག །གཟུར་གནས་གནས་པའི་མདུན་ས་དེར། ། ༢༤ དུས་ཀྱི་དང་པོར་བྱུང་གྱུར་པ། །པདྨ་ལྟ་བུའི་གཞོན་ནུ་དེ། །སེངྒེས་བཏེགས་པའི་ཆོས་ཀྱི་ཁྲིར། །ཞུམ་པ་མེད་པར་འཛེགས་པ་ན། ། ༢༥ བདག་ལ་ཆགས་པས་ཡིད་བཏེགས་ཤིང་། །འཇིག་རྟེན་མཚམས་ལས་བརྒལ་གྱུར་པའི། །ངོ་མཚར་བློ་ལ་མ་ཤོང་བས། །བརླངས་པོའི་ཚིག་གིས་འབར་ཞིང་སྤྱོས། ། ༢༦ ཀྱེ་མ་སྐྱོན་ཡོན་མི་འབྱེད་སྨྲ་བ་དང་། །རང་ཚུལ་མ་རྟོགས་གཞན་གྱི་གཤགས་འགྱེད་དང་། །གཡོ་སྒྱུ་ཅན་གྱི་མཛའ་བོར་གྲོས་བཏབ་པ། །སྐད་ཅིག་གཉིས་པར་རང་མཚང་མངོན་དུ་ངོམས། ། ༢༧ སྙིང་རྗེའི་འཛུམ་རླབས་གཡོ་བའི་བཞིན་གྱི་ཟླ། །འཇིགས་མེད་རྒྱུ་ལས་བྱུང་བའི་འབྲས་བུ་ཅན། །ངོ་ཚའི་གདོང་གི་པདྨ་ཟུམ་བྱེད་པ། །ཞལ་གྱི་གྲ་ནས་ལྡོག་པར་དཀའ་བའི་ཚིག ། ༢༨ ལྕགས་ཀྱུ་གླང་ཆེན་ཙམ་མིན་རྡོ་རྗེ་རི་བོའི་གཏོས་མ་ལགས། །མར་མེ་སྨག་དང་མཉམ་མིན་མེ་འདགས་ནགས་ཀྱི་ཚད་མ་ལགས། །ནུས་པའི་རྣམ་དཔྱོད་མཆོག་གི་རགས་པའི་ལུས་ལ་སུ་ཡིད་རྟོན། །མཐར་བྱེད་བྱེད་པོའི་ཚུལ་ལ་དངོས་པོའི་སྟོབས་ཀྱི་སྒྲུབ་བྱེད་བཀོད། ། ༢༩ ཚད་མར་གྱུར་པའི་རིག་པ་ཡི། །བྱིན་ཟའི་དཔལ་ལ་རེག་ལྡན་པ། །ལྟ་ངན་ལ་ཞེན་སྦྲང་བུ་དེ། །བརྟན་པ་ཤིན་ཏུ་བྲལ་བ་ཡིས། ། ༣༠ འདི་ནི་རབ་སྟོབས་སྐྱེད་བྱེད་དེ། །ཞི་བ་དེ་ནི་འདིའམ་ཅི། །གལ་ཏེ་ལྷ་ཡིས་དེ་འཚལ་ན། །བདག་ཀྱང་དེ་ལྟ་ཉིད་དུ་ཟུངས། ། ༣༡ ཕན་པ་ཆོས་སུ་སྨྲ་བ་ལ། །ཡིད་ཆེས་ཐོབ་དེས་དེ་སྨྲས་པས། །འཇིག་རྟེན་གསུམ་ལས་རྒྱལ་བའི་རྔ། །ལྷུན་པོའི་ཁོངས་སུ་བརྡུང་བར་གྱུར། ། ༣༢ མི་ཡི་ལུས་ཀྱི་རིན་ཆེན་གྲུ། །བསམ་པའི་ཁྱད་པར་ལྷ་ཡིས་ཀྱང་། །མ་རྙེད་རྣམ་དཀར་ལས་ཀྱི་འབྲས། །སུ་ཞིག་འབྲས་བུ་མེད་པར་བྱེད། ། ༣༣ གྲོང་དང་གྲོང་བརྡལ་འབྱོར་པའི་འདུ་ལོང་ཅན། །པདྨའི་རྫིང་བུར་རོ་ལྡན་ཆུས་གང་བ། །སྐྱེད་ཚལ་མེ་ཏོག་དྲི་དང་ལྷན་ཅིག་ཏུ། །མཛེས་མའི་དབུགས་ཀྱི་དཔལ་ལ་སྣོམ་པ་ཡང་། ། ༣༤ མལ་སྟན་རྙིང་པ་བཞིན་དུ་སྡུ་གུ་ཡི། །ཉེ་དུའི་དབུས་ན་འཇིགས་བཅས་བོར་བྱས་ཏེ། །བདག་གཅིག་དཀར་ནག་ལས་ཀྱི་ཤུགས་དག་གིས། །དབང་མེད་འཇིག་རྟེན་ཕ་རོལ་འཕེན་པར་འགྱུར། ། ༣༥ མི་འདོད་བཞིན་དུ་མཐོ་རིས་དཔལ་ཉམས་ཏེ། །མདུན་ནས་གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་བལྟས། །རྒྱུ་འབྲས་ཁྲིམས་རར་བཀུག་སྟེ་རྣོ་བའི་མཚོན། །བརྩེ་མེད་སྲོག་གི་གཤེད་དུ་གཟེངས་ལ་ལྟོས། ། ༣༦ ནམ་ཞིག་ས་འདི་དུག་ཅན་མར་གྱུར་ལ། །དེ་ན་བྱིངས་པའི་སྲོག་ལ་ཆགས་པ་ཡོད། །སུ་དག་ཐང་ག་དགའ་བ་ཇི་ལྟར་མྱོང་། །གདོས་པ་འཛིན་པ་བྱམས་པའི་དཔལ་ལས་རྟོགས། ། ༣༧ འབྱུང་བའི་ཟུག་རྔུས་མི་མཚོན་ཉོན་མོངས་ཀྱི། །དགྲ་བོ་ཆུ་བཞིས་ཡོངས་གཏམས་འཁོར་བའི་མཚོར། །ལན་བརྒྱར་སྲུབ་པ་ལྷན་སྐྱེས་སེམས་ཀྱི་ནད། །སྨན་མཆོག་དམ་པའི་ཆོས་ལས་གང་ཞིག་ཡོད། ། ༣༨ འོད་ལ་ཆགས་པས་བདག་གི་ལུས་བོར་ཞིང་། །འགའ་ཞིག་བརྩོན་པས་རྒྱ་མཚོའི་མཐར་དོང་སྟེ། །དབྱིག་གིས་འཇིག་རྟེན་ཕན་པར་སྒྲུབ་པ་ཡང་། །བྱ་བའི་གནས་ལ་བློ་ཡི་ཁྱད་པར་ཡིན། ། ༣༩ བྱང་ཆུབ་སེམས་ཀྱི་བདག་པོས་བཟུང་བ་ཡི། །སྔོན་ཆད་བསྒྲུབས་པ་རྣམ་དཀར་མཛོད་ཀྱི་ནོར། །བསླང་བའི་ཆོ་གས་དག་ནས་དཔལ་དང་རྩིའི། །གྲུ་ཆར་འཇོ་བའི་བློ་གྲོས་ཅན་དེས་རིག ། ༤༠ ལུང་གི་ཁ་ཡིས་རྟོགས་པའི་རོ་མྱོང་བས། །མ་འདྲིས་པར་ཡང་ལུང་སྟོན་པའི་ལྕེ། །གསུང་རབ་གངྒཱ་འཐུང་བའི་དྲང་སྲོང་ཡང་། །གཞི་རྟེན་ཉིད་ཕྱིར་བསླབ་པའི་འཁར་བར་འཆེལ། ། ༤༡ འབད་ནས་སཱ་ལུའི་ལྗོན་པ་སར་བཙུགས་པ། །ཞིང་པའི་ཁེ་ནི་ལག་ཏུ་སོན་པ་བཞིན། །མི་སྣང་སེམས་ལ་བཏབ་པའི་ཆོས་འབྲུ། །དགེ་བའི་འཕེལ་ཁ་དུས་ཀྱིས་མཛད་མ་ཡིན། ། ༤༢ རིག་པའི་གནམ་ལྕགས་མུར་འདུག་སྙིང་ལ་གཟེར་བ་དྲི་མེད་བློ་གྲོས་བརྟན་པའི་དཔལ། །འདུལ་མངོན་མདོ་སྡེའི་ཆུ་ཀླུང་འབུམ་ཕྲག་འགྱེད་པའི་གདེངས་ཀ་ཅན་དེས་བཟུང་བ་ལས། །ཤིན་ཏུ་ཡངས་པའི་བློ་ཡི་ས་གཞིར་རྣམ་དཔྱོད་སྨན་ལྗོངས་རྒྱས་པས་གསོ་བ་ཡི། །ནུས་པའི་རང་བཞིན་འཁོར་བའི་མཐའ་ལ་ཕན་པས་འཁོར་བ་བཞིན་དུ་རྫོགས་མ་གྱུར། ། ༤༣ སཱ་ལའི་ནགས་སུ་བསྟི་བ་ཡི། །ཏིང་འཛིན་མདའ་ཡིས་བསྣུན་པའི་དགྲ། །ཉོན་མོངས་རི་དྭགས་འཚེ་བ་ཡིས། །ཡིད་ལ་མྱ་ངན་མེད་པའི་དཔལ། ། ༤༤ དེ་ཡིས་བྱིན་པའི་རིག་སྔགས་ཀྱི། །ནོར་བུའི་ཞགས་པས་བཏབ་པ་ཡི། །ཡིད་འཕྲོག་ལྷ་མོ་ཏཱ་རེ་ཡང་། །མཛའ་འམ་སྲིང་མོའི་བརྟུལ་ཞུགས་བཟུང་། ། ༤༥ སྙིང་རྗེས་ཀུན་ཏུ་གཟིགས་པ་ཡང་། །གྲུ་འཛིན་རི་ནས་འཕོས་པ་བཞིན། །གང་ལ་འབྲལ་བ་མེད་གཟིགས་པས། །སྤྱན་རས་ཕྱོགས་སུ་ལྷུང་བ་བཞིན། ། ༤༦ སྐྱེ་བས་ཐོབ་པའི་བློ་གྲོས་ལ། །སོ་སྐྱེ་སྒྲིན་ཡང་བསམ་ནུས་མིན། །སྐྱེ་བར་ལྷ་ཡིས་བྱིན་པའི་མཆོག །གྲུབ་པ་ཆུང་ངུས་མཚོན་ནུས་མིན། ། ༤༧ རིག་པའི་རིན་ཆེན་མཛོད་ཕྱེ་བས། །ངག་གི་དཔལ་གྱིས་མ་འབྱོར་བའི། །མི་ཤེས་བློ་ཡི་ལག་སྦྲེང་བ། །ཤཱཀྱའི་ཞིང་ན་ཅང་སྲིད་དམ། ། ༤༨ ས་སྐྱོང་དགྱེས་པའི་ཉི་འོད་ཀྱིས། །བསྲུང་བའི་ཡུལ་འཁོར་པདྨའི་ཁ། །གསར་དུ་ཕྱེ་བ་ལྟ་བུ་ན། །རིགས་ལམ་བུང་བའི་དབྱངས་འཐེན་ཏེ། ། ༤༩ སཱ་ལ་ལྟ་བུའི་རྒྱལ་རིགས་ཀྱི། །མི་མོ་ལྷ་ཡི་ན་ཆུང་མ། །ས་ལ་འཕྲོས་འདྲའི་མཚར་སྡུག་གི །སྒེག་པའི་སྦྲང་ཆང་འཐུང་བ་ན། ། ༥༠ འབངས་མོས་བསྐུལ་བའི་ཚིག་ཐོས་པས། །དོན་གྱི་རླུང་ནི་ཐ་དད་ཀྱང་། །མིང་གི་རོ་ཙམ་མཐུན་གྱུར་པ། །ལྷ་དང་གྲོགས་ལ་ཁྱད་པར་ཡོད། ། ༥༡ ལྕགས་རིགས་འདོད་པ་མི་འཇོ་ཡང་། །རིན་ཆེན་ཞེས་པའི་མིང་མི་འདོར། །དེ་མིང་མཆོག་ཏུ་མི་འཛིན་ན། །ནོར་བུའང་རྡོ་བའི་རང་བཞིན་ཉིད། ། ༥༢ རིགས་ཀྱི་རང་བཞིན་མཚུངས་གྱུར་ལ། །དེ་ཡི་དགའ་བ་དག་ཀྱང་མཐུན། །སྐྱེད་བྱེད་སྲིང་དང་མཛའ་ན་མོ། །བྱིས་པ་ཡིས་ཀྱང་ཐ་དད་བསྟེན། ། ༥༣ དམ་པ་རྣམས་ནི་ཤི་བ་ལས། །འཇིགས་པ་ཁྲེལ་དང་ངོ་ཚ་ཆེ། །ལྟར་སྣང་ཙམ་གྱི་བསོད་ནམས་ལ། །ཡིད་མི་རྟོན་པ་སྨོས་ཅི་དགོས། ། ༥༤ པདྨའི་མལ་སྟན་འཇམ་པོ་ལ། །གཞོན་ཤ་ཆགས་པའི་རྒྱལ་སྲས་མོར། །ལྷན་ཅིག་དགའ་མགུར་སྤྱོད་པ་ཡང་། །སྦྲུལ་གདུག་བཞིན་དུ་སྤངས་བྱས་ཏེ། ། ༥༥ ཁྱིམ་གྱི་འདུ་ལོངས་བྲལ་བ་ཡི། །ཞི་བའི་ཚལ་ནི་ཉམས་དགའ་བར། །བགྲོད་ལ་མངོན་པར་ཕྱོགས་པའི་བློ། །མཐོང་བས་ཁྲོས་པའི་ས་བདག་གིས། ། ༥༦ རྩུབ་མོས་ཆད་པས་བསྡིགས་པ་ཡང་། །ལྷ་ཡི་མཐུ་རྩལ་ངོམས་པ་བཞིན། །གངྒཱའི་རྒྱུན་ལ་བསྐྱུར་བ་ཡང་། །མངོན་འདོད་འཕྲལ་ལ་སྒྲུབ་པ་བཞིན། ། ༥༧ གཏིང་མེད་འཁྲུགས་པ་རྒྱ་མཚོའི་ངོགས། །ཤིན་ཏུ་འཇམ་པའི་ས་གཞི་ནི། །ལག་མཐིལ་ལྟར་མཉམ་ཙནྡྲའི་གླིང་། །དགེ་བའི་འབྱུང་གནས་དཔའ་མོས་བྱིན། ། ༥༨ གང་དུ་སོང་ཡང་ཕུན་ཚོགས་དང་། །མི་འབྲལ་དགེ་བ་སེམས་ཀྱི་གཏེར། །འདོད་ལས་ཐར་པའི་འབྲས་འབྱིན་པ། །ཀླུ་རྒྱལ་གདེངས་ཀས་མཚོན་མ་ཡིན། ། ༥༩ མ་བོས་པར་ཡང་སྐྱེ་བོ་འདུས། །མ་བྲིས་རྫོགས་ལྡན་རི་མོ་བཀྲ། །བསྐུལ་བ་མེད་པར་བསོད་ནམས་ལ། །བརྩོན་ལྡན་ཆོས་བཟང་གཉིས་པ་བྱུང་། ། ༦༠ འབབ་སྟེགས་ནོར་བུའི་རྡོ་བ་ལ། །དག་པའི་གཟུགས་བརྙན་ཟུང་ཤར་བ། །བྱེད་པོས་མ་བྱས་སྒྱུ་མའི་འཕྲུལ། །བེམ་པོའི་ཆོས་ལས་འདས་སམ་སྙམ། ། ༦༡ དེར་ཡང་ཆོས་ཀྱི་དགབ་པ་ཡིས། །ཡང་སྲིད་ཀུན་ཏུ་དགབ་པའི་ཟུང་། །བསྟན་པའི་རིམ་པས་གང་གསོ་བ། །འཕགས་མཆོག་ལུང་གི་སྒྲ་སྙན་འཁྲོལ། ། ༦༢ མིག་ལྡན་མིག་གི་བྱ་བ་ལ། །སྣང་བས་ཀྱང་ནི་དཔལ་སྟེར་བྱེད། །འཇིག་རྟེན་ན་ནི་རྒྱུ་དང་འབྲས། །འཕྲད་པ་རྐྱེན་ལ་རག་ལས་ཉིད། ། ༦༣ པདྨའི་ཕྲེང་བས་ཡོངས་བཀབ་པའི། །དུག་མཚོར་གོམས་པ་བགྲོད་པ་བཞིན། །འདོད་སོགས་གཡེང་བས་སེམས་བསླུས་པས། །འཁོར་བ་དུག་གི་རྒྱ་མཚོར་བྱིངས། ། ༦༤ ཡུན་རིང་བདེ་དགའ་མྱོང་བའི་ལྷ། །སེམས་དམྱལ་མཐའ་མེད་མྱོང་ལ་ལྟོས། །རྣམ་པར་འགྱུར་ཞིང་ཞིག་པའི་ཆོས། །བདེ་འདི་གྲངས་སུ་མི་བརྩིའོ། ། ༦༥ འབྲས་ཆན་དུག་གིས་སྦགས་པའི་ཟས། །ཟོས་པའི་མཐའ་ནི་འཆི་བ་ཉིད། །སྲེད་པའི་ཞགས་པས་བཅིངས་པ་ཡི། །བདེ་བའི་མཐའ་ཡང་ངན་འགྲོར་འཆི། ། ༦༦ སྡུག་བསྔལ་བྲལ་བའི་བདེ་ཆེན་པོ། །སྤྲོས་པས་མ་སྤྲོས་ཞི་གཅིག་པུ། །གང་གི་སྙིང་ལ་དེ་ཡོད་པ། །དེ་ཡང་རྟོག་པའི་གཟེབ་ལས་གྲོལ། ། ༦༧ ཤེས་པས་སྲིད་དང་སྙིང་རྗེས་ཞི། །མཐའ་གཉིས་མ་ཆགས་དགའ་བའི་ཚལ། །ཤིན་ཏུ་སྦྱངས་པའི་བློ་ལྡན་དང་། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་བསྟེན། ། ༦༨ ཆོས་རྣམས་ངང་གིས་དགེ་བས་ན། །བསླབ་པས་བསྡོམས་པ་རང་མཚན་ཉིད། །གཞན་དུ་ཐར་པའི་ཁང་བཟང་དུ། །འཇུག་ལ་སྐས་ཀྱི་གདང་བུར་གསུངས། ། ༦༩ སེམས་ཀྱི་ཀུན་ཏུ་སྡོམ་པ་ལ། །བསླབ་པའི་ཆུ་བོ་རོ་གཅིག་ཀྱང་། །སྤྲོས་པའི་དབྱེ་བསྡུའི་རྒྱུན་སོ་སོ། །རྒྱལ་སྲས་གཞན་དོན་སྤྱོད་པའི་སྒོ། ། ༧༠ བྱང་ཆུབ་སེམས་ཀྱིས་བཟུང་བའི་ཁྲིམས། །ལྔ་པོ་(གོ་མཱི)གཏན་དུ་བླངས་མཚོན་པ། །མུན་པའི་གོ་འཕང་བསྙིལ་བའི་གོས། །ཟླ་ཞུན་དྭངས་མས་བྱུག་པ་འདྲ། ། ༧༡ མི་བརྟན་ཐུར་དུ་གཞོལ་བ་འབྱོར་པའི་ཆུས། །བྱིས་པ་འཁོར་བའི་གཏིང་མཐའ་མེད་དྲངས་པས། །ཕ་རོལ་རིན་ཆེན་མཆོག་གཅིག་བསྒྲུབ་པའི་བློ། །གཞན་ཕན་གྲུ་བོར་ཡང་ནས་ཡང་དུ་ཞུགས། ། ༧༢ སྔོན་གོམས་བྱམས་པས་དྲངས་པའི་སྙིང་རྗེའི་མིག །སྐྱབས་བྲལ་ངལ་བའི་ལྟ་བ་མི་བཟོད་པས། །བཟོད་དཀའི་འཇིགས་པས་བསྟེན་པའི་དགོན་པ་ཡང་། །སྙིང་སྟོབས་མཆོག་ལ་ལྷ་ཡི་དགའ་ཚལ་ཉིད། ། ༧༣ དེ་ཚེ་སྦྱིན་པའི་འབྲས་ལྡན་སིང་ག་ལ། །གླང་པོ་མུ་ཏིག་པད་ཅན་མཛེས་མ་ཡིས། །ནགས་ཚལ་ཆུ་དང་ཁྱིམ་གྱི་དཔལ་བྱེད་པ། །གྲགས་པའི་དྲི་བསུང་ཡིད་ཀྱི་ཤིང་རྟས་བསྐྱོད། ། ༧༤ ཀུན་རྟོག་གདོན་གྱིས་བསླད་པའི་གྲིབ་མ་ནི། །མི་འབྲལ་སོ་སྐྱེ་རྣམས་ལ་ཟུག་རྔུ་སྐྱེད། །དེར་ཡང་གདེངས་ཅན་འཕྱོས་པའི་ཁ་ཡི་རླངས། །ལས་ཀྱི་ཤིང་སྐམ་དམྱལ་བའི་མེ་རུ་འབར། ། ༧༥ སྤྲུལ་ཁས་བསྡིགས་པའི་མཐུས་ཀྱང་མི་ཁྲོལ་ཞིང་། །སྨན་མཆོག་ཡན་ལག་བརྒྱད་པས་མི་འཚོ་བ། །རླན་བྲལ་བྱེ་མའི་ཐང་དུ་འགྲེ་བའི་ཉ། །གདུང་སེལ་ཟླ་བ་བདུད་རྩིའི་ཆུ་རྒྱུན་བབ། ། ༧༦ རབ་རིབ་ཁོང་ན་ཉལ་བ་བྲང་འགྲོའི་གླང་། །དེ་དང་ཕྱི་མའི་མུ་མཐའ་གཡོ་བའི་རླབས། །བྱམས་པས་མཐར་བྱེད་བྱམས་ཆེན་སེངྒེའི་སྒྲ། །རིན་ཆེན་གཟུགས་བརྙན་ཟོལ་དུ་བཞག་པར་མཐོང་། ། ༧༧ ཙནྡན་བསིལ་ཁང་གསེར་གྱི་བག་མ་ཅན། །མུ་ཏིག་འཕྱང་འཕྲུལ་ཤེལ་གྱི་ས་གཞི་བསྟར། །པདྨ་ཅན་གྱི་གླུ་དང་རོལ་མོའི་སྒྲས། །འཕགས་པའི་འདུན་ས་མཛེས་པ་དེ་རྨད་བྱུང་། ། ༧༨ རབ་སྟེར་སྐྱེ་བོའི་ཡིད་ནི་ཀུན་དགའ་ཡིས། །འབྱོར་པའི་གྲིབ་བསིལ་ངལ་གསོའི་སྣུམ་བག་དང་། །ཐེག་མཆོག་སིནྡྷུའི་གྲོང་འཛིན་ལྷག་མ་ཅན། །རིག་པའི་ལྦུ་ཕྲེང་མུ་ཏིག་དོགས་པ་ཡང་། ། ༧༩ གྲུབ་པས་བསྙེམས་པའི་གཟི་བྱིན་མ་བཟོད་པ། །ནོར་བདག་ཁེངས་པའི་ལན་བུ་བསྙིལ་བའི་གཏེར། །བདག་པོ་ལྷགས་པའི་བྲན་གྱི་མངའ་ཐང་བཞིན། །འཁྲུལ་པ་བརྟོལ་བས་འཁྲུལ་པ་དབང་དུ་མཛད། ། ༨༠ རིན་ཆེན་ལྡན་པ་རིན་ཆེན་འབྱུང་གནས་ནི། །ཚོགས་མཆོག་གཏེར་དང་མཚུངས་པའི་ཆོས་གཞན་མེད། །སྐད་ཅིག་གཡོ་བ་སྤྲིན་གྱི་རྣམ་འགྱུར་ཅན། །ལེགས་པར་རིག་གནས་དྲངས་པོར་ཞུགས་པའི་ཕུལ། ། ༨༡ དད་པས་བསྟེན་པ་ཞི་བའི་ཆུ་བསིལ་ཅན། །དཀའ་ཐུབ་གནས་ཀྱི་སྐྱེད་ཚལ་གསར་པ་བརྒྱ། །འཚོ་བས་མི་བྲེལ་མི་མིན་སྦྱིན་པའི་གནས། །ཐོས་པ་བཞིན་དུ་ཕྱོགས་ཀྱི་རྣ་རྒྱན་བྱས། ། ༨༢ རྣམ་འདྲེན་སྟོང་གི་པདྨོ་ཡིས། །འཕགས་པའི་བུང་བ་སྡུད་པའི་ཡུལ། །གང་དེར་ཆོས་ཀྱི་ཁུར་བཞེས་པས། །སླར་ཡང་བྱ་བ་བྱེད་ལ་ཆས། ། ༨༣ རླུང་འཇམ་དལ་བུས་བསྐྱོད་པའི་དྲིས། །བྲལ་བའི་གདུང་སེལ་མ་ལ་ཡར། །ཡོན་ཏན་ཁྱད་པར་འགྲན་པ་བཞིན། །ལྷན་ཅིག་གྲགས་པའི་བསུང་ཞིམ་འཐུལ། ། ༨༤ གང་ཚེ་བ་ར་རུ་ཙ་ཡི། །གྲུབ་པས་མཛའ་བའི་ལྷག་མ་ཅན། །བརྡ་སྤྲོད་ཆུ་གཏེར་ལ་ཞུགས་ན། །ཆུ་བདག་ཉིད་ཀྱང་བེམས་པོར་མཚུངས། ། ༨༥ ཕྲ་བ་སོ་སོར་རྟོགས་པའི་མེ། །རབ་རིབ་གནས་དང་མི་མཛའ་བས། །མུན་ཅན་རིན་ཆེན་སྒོམ་འབྱེད་ཀྱང་། །འཆིང་བུ་ཐོབ་པ་དངོས་པོའི་ཆོས། ། ༨༦ དོན་ཟབ་ལྷུག་པར་མི་བཀྲལ་བའི། །བཤད་པ་ཚིག་གི་ན་ཡོམ་ཉིད། །ཚེ་དང་བརྩོན་པའི་སྦྱོར་དམན་པ། །མི་ཚེ་ཐོས་པ་ཙམ་གྱིས་འདའ། ། ༨༧ ཚིག་སྦྱོར་ཉུང་ལ་བརྗོད་པ་གསལ། །དཀའ་བའི་ལུས་ནི་ཡོངས་རྫོགས་པ། །སློང་བ་ཚིམས་བྱེད་རིན་ཆེན་(བྷཱཥ)གཏེར། །བརྡ་སྤྲོད་སྒོ་ནི་ངས་དབྱེའོ། ། ༨༨ མི་འཇིགས་དམ་བཅས་བཟུང་བའི་གཞུང་། །ཡན་ལག་དུ་མའི་རོལ་སྒེག་ཅན། །གྲུབ་མཐའ་སྨྲ་ལ་འདྲེན་བྱེད་ཀྱི། །བྱ་བ་དེང་སང་དུས་ཀྱང་ངོ་། ། ༨༩ སྡེབ་ལེགས་ཚིག་སྦྱོར་ཀུན་ཏུ་བཟང་། །པདྨའི་ཕྲེང་བ་བསྟར་བ་དེས། །དོན་བཟང་མུ་ཏིག་དོ་ཤལ་ཡང་། །འབངས་མོའི་རྒྱན་བཞིན་གྱུར་མཐོང་ནས། ། ༩༠ བྱིས་པ་ཚིག་ལ་རྟོན་པས་ན། །དོན་གྱི་རོ་ནི་སུ་ཞིག་མྱོང་། །བདག་པོ་མེད་པའི་ཨཱིནྡྲ་རྙིལ། །ཁྲོན་པའི་ཆབ་ཀྱི་ཉེར་སྤྱད་འོས། ། ༩༡ དེ་ཕྱིར་དེ་ཡི་སྦྱོར་ལྡན་པས། །མཐོང་བ་ཙམ་གྱིས་དབྱེ་བྱེད་ཀྱི། །ལྡེ་མིག་བྲལ་བའི་དཔྱོད་པ་སར། །ཕན་བརྩོན་ཏཱ་རེའི་ལུང་གིས་བསྐུལ། ། ༩༢ ང་རྒྱལ་དུག་གི་སྐྱངས་ནུལ་ཅན། །སྡེབ་སྦྱོར་འོ་མས་དུག་འཕེལ་བྱེད། །གཞན་ཕན་གྲིབ་མའི་གདུགས་ནི་མཐར། །ཁྱོད་ཀྱི་བྱམས་པས་བཟུང་འདི་འགྲོ། ། ༩༣ དེ་ཚིག་སྤྲོ་བས་ཕྱུངས་ཀྱང་ཆུ། །བུ་རམ་བཀྲུས་པའི་མངར་བ་བཞིན། །ཟེགས་མས་འཐུང་བའི་བླུན་པོ་ཡང་། །སྤོབས་པའི་ཁོང་ནས་རིག་པ་སྐྱུག ། ༩༤ ཉི་འོད་སྦྲང་རྩི་གནས་ལྔའི་བཅུད། །ཆུ་སྐྱེས་བུང་བ་བློ་ཡི་གསོས། །ཤེས་ནས་འབད་པས་མི་བསྟེན་པ། །དེ་བློ་ཕྱུགས་སམ་རྡོ་བ་དངོས། ། ༩༥ དེ་ཚེ་རིག་གྲོལ་འདབ་མ་ཅན། །འཕགས་ཚོགས་ངང་པ་འདུ་བའི་དོག །ཆོས་ཆུ་འབབས་པའི་མ་དྲོས་པ། །འདམ་བུའི་དབང་པོའི་དགའ་ཚལ་ནི། ། ༩༦ མཛེས་བྱེད་ཟླ་བ་གྲགས་པའི་འོད་རིས་ཀྱིས། །བློ་ཡི་མུན་བྲལ་འདོད་དགུ་འཇོ་བའི་བ། །མི་ཉུང་ནུབ་ཀྱི་གླིང་ནས་འོད་མཚུངས་པ། །ཁྱུ་མཆོག་མཁས་པས་མདུན་གྱིས་བལྟས་པ་ན། ། ༩༧ སྨྲ་བར་མི་བཟོད་ཚངས་པའི་བུ་མོའི་མགྲིན། །མ་བསྐུལ་མི་འབྱིན་རྒྱུད་མངས་བེམས་པོའི་དངོས །ངང་པའི་སྒྲ་ལྡན་མཛུབ་མོས་བསྣུན་པའི་ཟོལ། །ཆགས་བྲལ་བརྟན་པ་ཕྲལ་ལ་བརྩོན་པ་བཞིན། ། ༩༨ གཏན་ཚིགས་འོད་ཀྱི་ཕྲེང་བར་གྲུབ་མཐའ་པའི། །འགྲན་ཟླ་གཉིས་པ་མི་གནས་རྣམ་སད་ཀྱི། །ཐུབ་པས་ཡོངས་བཟུང་ལྟ་ན་སྡུག་པ་དེར། །ཤིན་ཏུ་འཇིགས་མེད་སེངྒེའི་ཟོལ་གྱིས་ཞུགས། ། ༩༩ དེ་ཚེ་ཟླ་བ་ལ་ཡང་ཉི་མས་བཞིན། །ཡོངས་གྲུབ་གྲུབ་པའི་གཟི་བྱིན་བཟོད་དཀའ་བས། །འདི་ཅི་རི་དྭགས་འཇོམས་པའི་གདོང་ལྔ་པ། །ཁེངས་པ་བརྟོལ་བའི་དབྱར་རྔ་དེ་མིན་ནམ། ། ༡༠༠ ཚོགས་ཀྱི་དབུས་ན་སྔོན་ཆད་མ་མྱོང་བ། །ནེམ་ནུར་འཁྱོགས་ལ་བཏེགས་པའི་སློབ་དཔོན་དེས། །མིང་དང་རྒྱུ་ཅི་རིག་པའི་ནོར་ཡང་ཅི། །འདྲི་ལ་དགའ་སྐྱེད་པདྨ་ལྟ་བུའི་ངག ། ༡༠༡ རྒྱགས་པའི་རྒྱུ་སྤངས་མངོན་རློམས་འབྲས་མི་འབྱིན། །ཚིག་གསུམ་ཙམ་གྱིས་དམ་པའི་རང་བཞིན་མཚོན། །འཐུང་བས་མི་ངོམས་བདུད་རྩིའི་བུམ་པ་ཡང་། །ཐིགས་པས་ཟིལ་དངར་ཤེས་དེ་ལྷན་སྐྱེས་ཡིན། ། ༡༠༢ ཚིག་དོན་བརྡ་སྤྲོད་མིག་བུས་བཟུང་བའི་རིག་པའི་ལུས་ཀྱང་ཡོངས་རྫོགས་ཉིད། །འཇིག་རྟེན་མཛེས་བྱེད་བསྟོད་པའི་པདྨོར་ཆོས་དོན་ཡོངས་སྨོས་སྦྲང་རྩི་རྒྱས། །གླུར་བླངས་རྒྱུད་ཀྱི་རྒྱ་མཚོར་མི་འབབས་སྔགས་རྒྱུད་ཆུ་ཀླུང་མེད་རྟོགས་པས། །བཀུར་སྟིར་འོས་པའི་བརྡས་མཚོན་དེ་ནི་ཞབས་ཀྱི་པདྨོ་སླད་རོལ་བཀོད། ། ༡༠༣ དེ་ཚེ་རྐང་པ་བརྒྱད་མཚུངས་པས། །དྲངས་པའི་རིན་ཆེན་ཤིང་རྟ་ལ། །སྒྲིབ་པའི་སྤྱོད་ཡུལ་མ་གྱུར་པས། །གཟུགས་བརྙན་ཟོལ་གྱིས་བཞུགས་པའི་ལྷ། ། ༡༠༤ ཡེ་ཤེས་མེ་ལོང་ངོས་ལྟ་བའི། །འཇིག་རྟེན་སྣང་བྱེད་ཟླ་བ་ཟུང་། །རྔ་ཡབ་ནོར་བུའི་ཡུ་བ་ཅན། །སྤྲིན་དཀར་དུམ་བུའི་བསིལ་གཡབ་གཡོབ། ། ༡༠༥ འཆར་ཀའི་དམར་འོད་ཕོག་པའི་སྡེ། །ཞི་ཞིང་དུལ་བའི་རོལ་མོའི་སྒྲ། །རིན་ཆེན་གདུགས་མཛེས་ལ་སོགས་སྤྲིན། །ས་གཞི་གཡོ་དང་ལྷན་ཅིག་པར། ། ༡༠༦ ལྷ་རྣམས་ལྷ་ཡི་རོལ་མོ་དང་། །མེ་ཏོག་ཙནྡན་ཕྱེ་མའི་ཆར། །དུས་ཀྱི་རྗེས་འབྲང་བདུག་པའི་ངད། །མི་ཡི་གླུ་གར་འགྲན་པའི་དབུས། ། ༡༠༧ བྱང་ཆུབ་སེམས་དང་དཔའ་ཆེན་པོར། །དད་པའི་ཤུགས་རྒྱས་མཆི་མའི་ཆུས། །གདོང་གི་པདྨོ་བཀྲུས་པ་དེས། །མེ་ཏོག་ལྟ་བུའི་སྙན་ཚིག་འཐོར། ། ༡༠༨ བེམ་ཆོས་ལས་འདས་ཡེ་ཤེས་སྐུ། །མངོན་སུམ་ཉིད་དུ་འཛུམ་པའི་ཞལ། །ཡོན་པོར་ཀྱོགས་ཏེ་མོས་གུས་དང་། །སྙན་ངག་སྦྲང་རྩིའི་རོ་མཆོག་གཞིབ། ། ༡༠༩ སྐྱེ་ལ་ལྐོག་ཏུ་གྱུར་པ་ཡང་། །དམ་པ་རྣམས་ལ་མངོན་སུམ་བཞིན། །མུན་དང་ཉི་མ་འཛའ་མིན་པས། །བྱིས་ངོར་སྐྱེངས་པ་ལྟར་དུ་ལོག ། ༡༡༠ དོན་མཐུན་རྣམས་ལ་རིན་ཆེན་གླིང་། །ཡུལ་འཁོར་འཛིན་ལ་སྤྲིན་གྱི་བཅུད། །མང་ཐོས་རྣམས་ཀྱང་ཚུལ་གནས་ཀྱི། །དགའ་ཚལ་མཛེས་པ་དེར་དགའོ། ། ༡༡༡ དངོས་སྨྲའི་ཚང་ཚིང་ཀུན་ཟ་བ། །ངོ་བོ་ཉིད་མེད་མེ་ལྕེ་དང་། །རྣམ་དབྱེར་མེད་པའི་ཡོན་ཏན་གསུམ། །སྣང་བའི་ཚུལ་བཟུང་རྣམ་རིག་ཉི། ། ༡༡༢ རྣལ་འབྱོར་ཅན་ངོར་རོ་གཅིག་ཀྱང་། །རང་བཞིན་དཔྱད་པར་མི་བཟོད་པས། །བྱིས་བློར་འགལ་བ་ཆོས་ཉིད་ཕྱིར། །མཁས་པས་བརྒལ་བརྟག་ལམ་དུ་ཞུགས། ། ༡༡༣ དམ་བཅའ་བྲལ་བའི་གསོབ་དང་ནི། །ཐལ་འགྱུར་རྫོང་ལ་མི་ཞེན་པས། །བགྲང་བྱ་བདུན་དུ་ལུང་རིགས་མཚོན། །ཇི་ཙམ་འཕངས་ཀྱང་བརྫི་མི་ནུས། ། ༡༢༤ དག་བྱེད་ཛ་ཧཱུའི་བུ་མོ་ལ། །བགྲོད་པའི་མཉེན་པ་སྙེམས་མ་བྱེད། །དུག་ཅན་བརྒལ་བ་ཆུའི་ཤིང་རྟའི། །བ་དན་མཐུན་པའི་རླུང་ལྡན་ཡོད། ། ༡༡༥ འཕགས་པ་ཀླུ་དང་ཐོགས་མེད་གཞུང་། །རྒྱ་མཚོར་གནས་བཅད་གདེངས་ཀ་ཅན། །གཏིང་དཔག་དཀའ་ལ་སྤྱོད་མཚུངས་ཀྱང་། །རིགས་ཁམས་ནོར་བུས་སྤྲས་དེ་ཕྱུག ། ༡༡༦ རྡོ་ཡི་སྙིང་པོ་བཞུགས་མིན་ཅིང་། །མཁྲེགས་པའི་ངར་ཆུ་མ་བླུད་པར། །ཉི་ཚེ་སྨྲ་བའི་རྟོག་གེ་བ། །འཇོམས་པའི་ཐོ་བར་གྱུར་འདི་ཅི། ། ༡༡༧ གཏན་ཚིགས་ཁོང་ནས་རྒྱས་པའི་སྒྲས། །བེམ་སྟོང་བསྟན་ལས་སྨ་ཕབ་པས། །སྐྱེངས་པ་ཐོབ་པ་ནམ་མཁས་ཉི། །བྲལ་བའི་སྟོང་པ་སྟོན་བཞིན་རྒྱུ། ། ༡༡༨ སྤོབས་པའི་རླབས་ནི་རབ་འཆེལ་བས། །མྱ་ངམ་ཐང་དུ་འཕྱན་པ་ཡང་། །རྨི་ལམ་ཡུལ་གྱི་རྒྱལ་སྲིད་བཞིན། །གཞུང་ལུགས་ཟེགས་མ་མྱོང་བའི་གླུ། །༡༡༩ ཀྱེ་མ་ཀླུ་ཞབས་རྗེས་འབྲང་ཚིག །སྟོང་ལྟའི་སྨན་ལ་གཞན་གྱི་དུག །མ་ཕམ་ངེས་དོན་བདུད་རྩིའི་རོ། །རིགས་ཅན་ཀུན་གྱི་དབུགས་འབྱིན་ནོ། ། ༡༢༠ འཕགས་པའི་ས་ལ་འཕགས་པ་ཡིས། །ཆོས་ཀྱི་བགོ་བཤའ་སྩལ་བས་ན། །རིན་ཆེན་ལས་བྱས་པད་དཀར་འཆང་། །མངོན་སུམ་རིག་པ་བསླབ་མཐོང་ནས། །གང་ལ་བུ་ནི་གཉིས་ཡོད་པའི། །མ་མ་ཉེ་རིང་བྱེད་ན་ཀོ །བསམ་པའི་ཁྱད་ལས་སུ་ཞིག་ལན། །ཕྱོགས་སུ་ལྷུང་ངམ་འཇིག་རྟེན་མགོན། ། ༡༢༢ བ་ལང་མིག་གི་ལྟད་མོ་ལས། །སྨྲེང་ཚིག་སྐབས་ཐོབ་ཟླ་བ་གྲགས། །གཟིགས་པས་མཛུབ་མོ་བསྒྲེང་བའི་ལྷ། །ངོ་ཚས་དུད་དམ་བེམས་པོར་གྱུར། ། ༡༢༣ དེ་ཚེ་སྦྱིན་འབྲས་སྨིན་བཟོད་པ། །འབྱོར་པས་ཕོངས་པའི་རི་དྭགས་མིག །རྩེ་དགའི་མགྲོན་དུ་བོས་པའི་རྒྱན། །མ་རྙེད་བགྲེས་མོ་ལག་རྐྱོང་བྱུང་། ། ༡༢༤ ཁྱོད་ཀྱི་གྲགས་པའི་བ་དན་ནི། །སྲིད་པའི་རྩེ་ལས་ཤིན་ཏུ་འགོང་། །སྙན་གྲགས་ལྕགས་ཀྱུས་དྲངས་པའི་ཡིད། །གོམས་སྟབས་འཁྱོར་དང་ལྷན་ཅིག་འོང་། ། ༡༢༥ འདོད་པའི་ཁོལ་པོ་བཟེ་རེ་ཅན། །འབྲས་བུ་མ་སྨིན་འཁྲི་ཤིང་ནི། །འདར་ལྡན་གཞན་གྱི་གདོང་པ་ལ། །ལྟ་བ་ཐོབ་པ་དེ་ཡིན་ནོ། ། ༡༢༦ མི་འདོད་འབྱོར་པས་འབྱོར་གྱུར་ལ། །འདོད་པས་ལག་བྲེལ་ཆོས་ཀྱི་མཛོད། །སློང་བའི་ཚིག་གི་ཁུར་ཐོབ་པས། །སྙིང་རྗེའི་ལྦུ་ཕྲེང་དཀྲུགས་པ་བཞིན། ། ༡༢༧ བརྟུལ་ཞུགས་ཕྱག་རྒྱའི་རྒྱས་བཏབ་པས། །སྦྱངས་པའི་ནོར་གྱིས་ཕྱུག་པ་ཡང་། །ཟང་ཟིང་སྤྱད་པས་བཀྲེན་པ་ཉིད། །ཆོག་ཤེས་ཕ་རོལ་ཕྱིན་པས་སོ། ། ༡༢༨ སྤྱི་བོ་སྐྱེས་ཀྱི་རྒྱལ་ཐབས་ཀྱང་། །ཆུ་བུར་སྨིག་རྒྱུ་སྤྲིན་དང་གློག །མི་བརྟན་གཡོ་དང་འདོད་ཅན་ལ། །སྤུ་གྲིས་གཏམས་པའི་ཚུལ་དུ་གཟིགས། ། ༡༢༩ དེས་ན་ཆོས་ཀྱི་དགབ་པ་དང་། །རྒྱལ་བའི་ཡུམ་གྱུར་རིན་ཆེན་གྱི། །གླེགས་བམ་ཕྱག་འོས་ཕྱག་བྱས་པས། །བསེ་རུའི་ཡོངས་བཟུང་གཉིས་པ་མེད། ། ༡༣༠ དེ་ན་འཇིག་རྟེན་ཕོངས་སྐྱིབ་མ། །སློང་ལ་དམ་པར་འགྱུར་མཐོང་ནས། །བྱེད་པོས་ཆེད་དུ་བྲིས་འདྲ་བར། །དངོས་སྣང་སྒྱུ་མར་རྟོགས་དེས་མཆིད། ། ༡༣༡ ནོར་སྦྱིན་འཇིག་རྟེན་ཕན་མཛད་ཀྱི། །རེ་བའི་ཡོལ་གོ་ཐོགས་པ་མཆིས། །བྲལ་བས་ཉེན་ལ་ཙནྡན་ཆུས། །དེ་རིང་སྐོམ་པའི་གདུང་སེལ་མཛོད། ། ༡༣༢ དམུས་ལོང་རྣམས་ཀྱི་དམིགས་བུ་སྟེ། །སློང་ལ་གཏེར་དང་ལྗོན་ཤིང་ཉིད། །འཇིགས་པར་ཕ་རོལ་གནོན་པ་ཞེས། །སྐལ་བ་ཅན་ལ་མངོན་དུ་གྱུར། ། ༡༣༣ ཅོད་པན་ཕུད་ཀྱུ་ཀརྞི་ཀཱ། །དོ་ཤལ་གདུབ་ཀོར་འོག་པགས་ཀྱང་། །རྡོ་རྗེ་དབང་སྔོན་ཆུ་ཤེལ་གཞན། །རིན་ཐང་མེད་པའི་རིན་ཆེན་ནི། ། ༡༣༤ མུ་ཏིག་དྲྭ་ཕྱེད་གཡེར་ཁ་ཅན། །པཉྩ་ལི་ཀཱའི་བླ་གོས་སོགས། །གཏམ་དུ་གྲགས་པའི་ལུས་ངན་མཛོད། །དབུལ་བའི་ཐ་མར་གྱུར་ལ་ཕྱེས། ། ༡༣༥ འདི་ཡི་སྦྱིན་པའི་གྲིབ་བསིལ་གྱིས། །ངལ་ཅན་བཏུང་བའི་འབབ་སྟེགས་བྱས། །དེ་ཡི་གྲགས་པའི་དྲི་བསུང་གིས། །ཕྱོགས་ཀྱི་མཐར་ཡང་སྙོམས་པར་བགོས། ། ༡༣༦ ངོ་མཚར་བྱུང་བ་རི་ (ཟླ་བའི་) དྭགས་བཞིན། །ངོམས་པ་མིན་ནམ་ཕྲ་ཕབ་སྐུ། །ཡེ་ཤེས་སྒྱུ་མའི་གར་མཛད་པ། །བྲིས་པའི་རི་མོའི་རྒྱན་ཀྱང་སྤངས། ། ༡༣༧ ལས་དྲུག་སྤྱོད་པ་ཚངས་པའི་བུ། །མ་ཡིན་ཕྲེང་བརྒྱུད་མཁན་མིན་པར། །རྟོག་གེའི་ཚིག་ཕྲེང་མལླི་ཀཱ། །སྨྲ་བ་ཀུན་གྱི་མགུལ་ན་བཅིངས། ། ༡༣༨ ཤེས་བྱས་འཇུག་པ་མཐོ་རིས་འཛིན། །འཆོས་སྐྱོབ་འོད་ཅན་བཀང་ནས་ཅི། །ཚིགས་བཅད་གཅིག་གི་དངོས་ཤུགས་ཀྱི། །གཏིང་མཐའ་དཔོགས་པ་སུ་ཞིག་མཆིས། ། ༡༣༩ བརྡ་སྤྲོད་ཚད་མ་བཟོ་གནས་རྒྱན་དང་སྙན་དངགས་ལུགས་ཀྱི་ཚུལ། །སྡེབ་སྦྱོར་ཟློས་གར་དེ་བཞིན་ཐོར་བུ་ཁྱད་པར་བླ་མ་ཡི། །རིམ་པ་ལས་འོང་མདོ་དང་སྔགས་ཀྱི་དགོངས་པ་བཀྲལ་དང་སྒྲུབ་པའི་ཐབས། །དམན་དང་བར་མ་མཆོག་ལ་མེ་ཏོག་ཙནྡན་རིན་ཆེན་རིགས། ། ༡༤༠ བྱང་ཆུབ་སེམས་ཀྱི་སྙིང་ཆུས་བརླན་པས་སེམས་ཀྱི་བཟང་སྤྱོད་འདོམས་པའི་དབྱངས། །སྐུ་གསུམ་ཚུལ་དུ་གོམས་པ་བགྲོད་པ་གྲོང་ཁྱེར་ཆེན་པོའི་ལམ་སྲང་སྟེ། །ཐེག་མཆོག་སྨྲ་བའི་ཁ་རྒྱན་དེ་དང་གཞན་ཡང་སོ་སོ་རིག་པ་ནི། །དཔྱིད་ཀྱིས་བརྟོལ་བའི་ཆོས་ཀྱི་དགའ་ཚལ་ཡིད་ཀྱི་འོད་པ་མི་འཇོ་མེད། ། ༡༤༡ རྒྱལ་བ་ཉི་མ་བརྒལ་ནས་འདིར། །རིག་དང་སྒྱུ་རྩལ་སྡེ་སྣོད་ཀྱི། །སྣང་བའི་ཟླ་བ་འཇིག་རྟེན་གསུམ། །གྲགས་པའི་དོ་ཟླ་དེ་ནི་འདི། ། ༡༤༢ སྐྱེ་ནས་སྐྱེ་བར་འཐམས་པའི་བློ། །ཤེས་བྱའི་རིན་ཆེན་མུ་མེད་པས། །དབུལ་བའི་སྣོད་ཀྱི་འདི་སྙེད་པ། །གཅིག་ཆར་བསྟབ་པའི་སྙིང་སྟོབས་དང་། ། ༡༤༣ ཚིག་འབྲུ་རེར་ཡང་ལན་བརྒྱ་སྙེད། །དོགས་པའི་མདུད་པ་མི་ཁྲོལ་བར། །ཕལ་ཆེར་གཡེང་བས་རང་བསླུས་ཏེ། །མུན་པའི་ཁྲོན་པར་མཆོང་པ་འགལ། ། ༡༤༤ འཆི་བ་འཇིགས་བཅས་གཤེད་མའི་དཔུང་། །སྐྱེ་བ་དགའ་དང་ལྷན་ཅིག་འོང་། །བདེ་སྡུག་དབྲག་ན་ཞེན་པའི་ལུས། །འདུས་བྱས་མཐའ་ནི་རིང་པོར་མེད། ། ༡༤༥ གཡོ་ཅན་བློ་གྲོས་སྦས་པའི་མེ། །རང་དོན་ལས་གཞན་འཁྱོགས་པོ་ཉིད། །འདོད་དང་སྡང་བའི་རྐྱེན་འཕྲད་ན། །འབར་བས་རང་དང་གཞན་རྒྱུད་བསྲེག ། ༡༤༦ ཕན་སེམས་འོ་མས་བྲན་པའི་རྒྱུན། །བླུན་པོའི་ཚིག་གི་ཆུས་བསླད་པས། །རྙེད་དང་གྲགས་ཕྱིར་ཞུགས་པ་རྣམས། །ཐུར་དུ་ཁྱེར་བ་དངོས་པོའི་ཆོས། ། ༡༤༧ རྟོག་གེས་ཐམས་ཅད་མཁྱེན་ཐོབ་ཅེས། །དུས་ཀྱི་དགོངས་པ་གཞན་དུ་ཡིན། །ཆུ་རྒྱུན་དཀྲུགས་པ་ལྦུ་བའི་མར། །བཀྲེན་པ་སུ་ཞིག་སྲོག་འཚོ་བྱེད། ། ༡༤༨ དེས་ན་འཇིག་རྟེན་ཕན་བརྩོན་མ། །ཐུགས་རྗེའི་དུས་རླབས་མི་ཡོལ་བས། །དྲི་ཟའི་དབྱངས་དང་བསྲེས་འདྲ་བ། །ཡིད་འཕྲོག་ལུང་གི་གླིང་བུར་བསྒྱུར། ། ༡༤༩ ཟླ་བ་སྒྲོན་མེ་ས་བཅུ་པ། །སྡོང་པོས་བརྒྱན་དང་ལང་ཀར་འཇུག །རྒྱལ་བའི་ཡུམ་གྱུར་ཀློགས་ཤིག་ཀྱེ། །སྡེབ་སྦྱོར་ངན་གཡོའི་སྦྱོར་བས་ཅི། ། ༡༥༠ བདུད་རྩི་མྱོང་བའི་ལྷ་མིན་དགྲ། །སྲིད་མཐའ་བརྟུལ་ལ་དཔའ་བ་དེས། །དེ་ཐོས་རྨད་བྱུང་མདོ་ལྔ་པོ། །གོ་ཆ་བཞིན་དུ་གཡར་དམ་བླངས། ། ༡༥༡ བྲམ་ཟེ་རྣམས་ལ་འོད་དཀར་ཅན། །རྨ་བྱ་རྣམས་ལ་དབྱར་གྱི་རྔ། །ཐོས་པ་དོན་ཡོད་ཆོས་ཀྱི་དཔྱིད། །སྐལ་བཟང་རྣམས་ལ་དེ་ཚེ་བྱུང་། ། ༡༥༢ བྱང་ཆུབ་ཤིང་རྟ་སོང་བ་དང་། །འོངས་དང་འགྲོ་བ་སྨོན་ལམ་གྱི། །འདྲེན་པས་ཤུལ་མཚོན་ལམ་པོ་ཆེར། །སློབ་མའི་ཚོགས་བཅས་ཁ་ལོ་སྒྱུར། ། ༡༥༣ མེས་བྱིན་ཐུབ་པ་ག་རྒ་སོགས། །བརྟད་པའི་བླ་ཡིས་མ་དཔོགས་པ། །བཏགས་པའི་འདུ་བྱེད་ཏིལ་གྱི་རྫིང་། །རོ་མཉམ་འདམ་བུའི་ཚལ་དུ་གཟིགས། ། ༡༥༤ ཆོས་ཉིད་མ་བྱུང་བ་ཡི་བྱུང་བ་དང་། །འགགས་པའི་ཐ་མ་ཅན་མིན་མཐར་འགགས་པ། །ད་ལྟ་དབུས་གནས་རྩོལ་བས་རྙེད་མིན་ན། །མཁའ་ལ་བྱ་རྗེས་ཚོལ་དང་ཁྱད་པར་ཅི། ། ༡༥༥ སྐྱེ་རྒ་ན་དང་འཆི་བའི་ཆུ་བོ་ཡིས། །ཅུང་ཟད་བསྟིར་མེད་ངན་འགྲོའི་མཆེད་བྲག་ཏུ། །ལན་བརྒྱར་འབབས་ཀྱང་ད་དུང་སྡུག་བསྔལ་རྒྱུ། །མ་ཤེས་སྡུག་བསྔལ་ཚོལ་བའི་བྱིས་པ་ངལ། ། ༡༥༦ བཏགས་པས་སྟོང་པ་སྒྱུ་མའི་རྒྱལ་སྲིད་ནི། །མིང་གཟུགས་རུས་སྦལ་སྤུ་ལས་བྱས་པའི་གོས། །མོ་གཤམ་བུས་བགོས་ནམ་མཁའི་མེ་ཏོག་འཚང་། །མ་རིག་སྒོ་ངའི་སྦུབས་དེ་རྟོགས་པས་བརྟོལ། ། ༡༥༧ སྐད་ཅིག་འབྲལ་མེད་འོད་གསལ་དེ་བཞིན་ཉིད། །ཤེས་ནས་ཐོབ་བྱའི་ཚུལ་གྱིས་བགྲོད་མེད་པར། །སྤང་གཉེན་འཇུག་སྒོ་དུ་མས་དཀྲིས་ཏེ་མཐར། །བྱང་ཆུབ་འགལ་འདུ་འདི་ཡང་སུ་ཡི་སྤྲུལ། ། ༡༥༨ དེ་ནས་འདྲེན་པས་ཡོངས་བཟུང་སྦྲང་རྩི་ཅན། །གྲུབ་པའི་རྣ་རྒྱན་ནོར་གྱི་དཔལ་གླིང་དུ། །མཐོང་བས་གསལ་བ་པདྨའི་རྩ་ལག་དེ། །མ་བོས་པར་ཡང་སྙིང་རྗེའི་སྟོབས་ཀྱིས་ཆས། ། ༡༥༩ འདི་ཅི་ས་ལ་ལྷུང་བའི་མཁའ། །བཻ་ཌཱུརྱ་ཕྱིས་མེ་ལོང་ངམ། །མུ་ཏིག་རླབས་ཕྲེང་བརྐྱངས་པ་ལས། །གངྒཱ་འཛིན་དུ་ངེས་ནས་དེར། ། ༡༦༠ གྲུ་ལ་ཞོན་པའི་ཚོང་པ་བཅས། །ངང་མོ་བཞིན་དུ་འཇུག་པ་ན། །ཁ་ཡི་མདུང་གིས་ཕུག་པའི་ཀླུ། །མ་བཟོད་འཁོན་བླན་དུས་རིག་པས། ། ༡༦༡ མི་སྙན་ཚིག་གིས་དྲངས་པའི་རླབས། །དུས་མཐའི་རླུང་བཅས་གཡོ་བ་ཡང་། །འགྲོ་ལ་བུ་ལྟར་བརྩེ་བའི་མ། །བུ་གཅིག་སྨྱོ་ལ་མི་ཁྲོ་བར། ། ༡༦༢ རྟག་ཏུ་མཛའ་བའི་དཔའ་མོ་ལྔ། །རྡོ་རྗེ་མཐུས་བརྟེན་མེ་ལྟར་དུ། །འབར་དང་རབ་ཏུ་འབར་བ་ཡིས། །གླགས་ལྟ་བྱ་རོག་བཞིན་དུ་བསྐྲད། །སྡར་མའི་གཡུལ་དང་རྩལ་ཆུང་འཕོང་། །མི་མཁས་རིག་པ་བྱེ་མའི་མཁར། །མ་རྟོགས་མྱོང་བ་འཆད་པ་ལྔ། །རང་མཚང་སྟོན་པའི་མེ་ལོང་ཉིད། ། ༡༦༤ གྲུབ་པའི་གཟི་བརྗིད་ཆེར་འབར་བས། །འགྲན་ཟླ་སྐད་ཅིག་བཅིངས་པའི་ཟིལ། །མ་བཟོད་རི་མཚོ་ཁོར་ཡུག་བཅས། །སེམས་ལྡན་བཞིན་དུ་རེ་ཞིག་འདར། ། ༡༦༥ རྙེད་པའི་མཆོག་ཕྱིར་ཕན་པ་ཡི། །སེམས་ལྡན་དེ་དང་དོན་མཐུན་རྣམས། །འབྲས་བུ་འབྱིན་ལ་མངོན་ཕྱོགས་པའི། །སྤྲོ་དང་ཡུལ་གྱི་དགེ་མཚན་འགྲན། ། ༡༦༦ ཆུ་གཏེར་དབུས་ན་རིན་ཆེན་གྱི། །མཆོད་སྡོང་ལྷུན་པོ་གཉིས་པ་ནི། །སྣ་ཚོགས་ཚོན་བརྒྱ་འཛིན་པའི་ནོར། །སོ་ཕག་ཐང་གིས་ཁ་བསྒྱུར་བ། ། ༡༦༧ དེ་ན་ཤེལ་ལ་མེ་ཏོག་དང་། །མུ་ཏིག་དྲྭ་བའི་མདངས་འཕོས་པས། །ཆུ་མཚོ་གཞན་པ་པདྨ་ཅན། །གཏིང་མཐའ་བརྟགས་པའི་ནེམ་ནུར་བྱེད། ། ༡༦༨ དེ་བཞིན་བཀོད་པའི་ཁྱད་པར་ནི། །དག་པའི་མཚན་ཉིད་མི་མཚོན་ཏེ། །སྒྱུ་འཕྲུལ་དྲྭ་བ་རྡུལ་སྤངས་པ། །རྣམ་པ་ཐམས་ཅད་གཟུགས་སུ་སྣང་། ། ༡༦༩ ཞབས་སེན་ནོར་བུའི་ཁ་རིས་ཀྱིས། །རྡོ་རྗེ་འཛིན་དང་ཚངས་སོགས་གཙུག །མཛེས་བྱས་དཔལ་ལྡན་རྒྱུ་སྐར་གྱི། །འཁོར་ལོའི་མགོན་པོ་ལྷ་ཡི་ལྷས། ། ༡༧༠ སྲིད་གསུམ་དང་བར་མཛད་པ་དེར། །དཔེ་ལས་འདས་པའི་གདུགས་བརྩེགས་སོགས། །ཡིད་བྱུང་ནམ་མཁའ་མཛོད་ཀྱི་སྒོ། །ཀུན་བཟང་སྤྱོད་ལ་ཞུགས་པས་ཕྱེས། ། ༡༧༡ ཆོག་ཤེས་འཁོར་ལོ་འཕགས་ནོར་ནི། །མི་བདག་ལེགས་བྱས་རྒྱལ་སྲིད་ཉིད། །མ་འབད་པར་ཡང་འཕྲིན་ལས་ནི། །རླབས་ཆེན་དགེ་བར་གྱུར་དེ་མཚར། ། ༡༧༢ དད་དང་སྡང་ལ་ཉེ་རིང་གི །རྟོག་པ་མི་མངའ་བེམ་པོ་ཡི། །ཟོལ་དུ་བརྫུས་འདྲ་འཇིག་རྟེན་མགོན། །འཇིག་རྟེན་དབང་སྲས་དགེ་མ་ཟུང་། ། ༡༧༣ རིན་ཆེན་ལས་བྱས་རིན་ཆེན་གྱི། །སྣང་བརྙན་ལས་སྣ་ཚོགས་པའི་འཕྲུལ། །བཅུ་དྲུག་ལྷག་པའི་བརྒྱ་ཕྲག་གཉིས། །གྲུ་འཛིན་གཞན་དུ་འཕོས་འདྲ་བསྒྲུབས། ། ༡༧༤ དེ་དག་ནོར་བུའི་གཞལ་མེད་ཁང་། །དག་པའི་ལོགས་སུ་འཕོས་གྱུར་པ། །ཕྱོགས་བཅུ་ནས་ལྷག་འདྲེན་པ་སྟོང་། །རྣམ་འགྱུར་གཅིག་ཏུ་སྟོན་པར་འཕྲུལ། ། ༡༧༥ མཁའ་ལ་མཆོད་ཕྱིར་འོང་བའི་ལྷ། །ཕྱོགས་ཀུན་མེ་ཏོག་དོགས་པས་ཏེ། །ས་གཞིར་གཟུགས་ཀྱི་སྐུ་མཛེས་པས། །མཚོ་ལ་གཟའ་སྐར་ལས་ཀྱང་བཀྲ། ། ༡༧༦ གསེར་གྱི་པདྨོ་སྤོས་མཆོག་སོགས། །འོད་ཟེར་རབ་བཀོད་མཆོད་སྤྲིན་སྤྲོས། །དེ་བཞིན་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་རྫོགས་པར་སྤྱོད་པས་སོ། ། ༡༧༧ འཕགས་དང་རོ་གཅིག་དག་པའི་ཞིང་། །ཐེག་ཆེན་རྟག་ཏུ་ལོངས་སྤྱོད་པ། །གང་དེ་རྩོད་པའི་མེ་འོབས་སུ། །སྙིང་སྟོབས་གོ་ཆ་བགོས་ནས་བྱུང་། ། ༡༧༨ སྨིན་ནས་གྲོལ་བའི་དཔལ་བྱིན་ཅིང་། །ཐར་པའི་ས་བོན་མ་བཏབ་པའི། །ལུས་ཅན་འཛིན་མའི་ཁྱོན་འདི་ན། །སྲིད་པ་ཡིན་ནམ་འཕྱང་མོ་ཉུག ། ༡༧༩ ཇི་ལྟར་ཞབས་ཀྱི་རེ་ཁཱ་ཡིས། །ས་ལ་མི་འདེབས་འཁོར་ལོས་བསྒྱུར། །དེ་བཞིན་ཉིང་མཚམས་སྦྱོར་སྤངས་པའི། །འཕགས་པ་ཞིང་ནས་ཞིང་དུ་འགྲོ། ། ༡༨༠ རྣམ་འཕྲུལ་དབྱིངས་སུ་ཐིམ་རྩོམ་པ། །བྲལ་བས་ཉེན་པའི་ཡིད་ཅན་ཡིད། །ཀྱེ་མ་རྩོད་ལྡན་བསྟན་པའི་གཞུག །སྐལ་ལྡན་གདུལ་བྱས་དམན་ཞེས་བྲིད། ། ༡༨༡ ས་ལས་རྒྱལ་བ་ཕོ་བྲང་དང་། །རྒྱ་མཚོའི་དོན་གྲུབ་གྲོང་ཁྱེར་དུ། །འཇུག་པའི་སྤྲོ་བས་བརྟས་པ་དེ། །འཕགས་པའི་ཁབ་ན་དལ་གྱིས་སོང་། ། ༡༨༢ འདོད་ལ་ཆགས་པས་མི་འཆིང་ཞིང་། །འཇིགས་མེད་འབྱོར་ལ་མི་སྲེད་པར། །མུན་པ་བཏང་བའི་ཟླ་བ་ཡང་། །ཞིང་གི་དཔལ་གྱིས་ངོམས་པ་འདྲ། ། ༡༨༣ དེ་ཡང་བྱང་ཆུབ་སེམས་དཔའ་ཡི། །རྫུ་འཕྲུལ་འོད་མཐའ་ཡས་པའི་ཞིང་། །བ་སྤུའི་བུ་གའི་རྗེས་སོང་བ། །ཡིད་འཐད་རི་བོ་གྲུ་འཛིན་ཡོད། ། ༡༨༤ དྲི་མེད་འོད་ཕྲེང་གཡོ་བ་ཡི། །ནེམ་ཞིང་འཕར་བའི་ས་གཞི་ནི། །རྫིང་དང་ཐེམ་སྐས་དུ་མ་དང་། །ལྷུན་པོ་བལྟ་ན་སྡུག་པས་མཛེས། ། ༡༨༥ ངོགས་རྣམས་ཡན་ལག་བརྒྱད་ལྡན་ཆུ། །རྣམ་པ་དུ་མའི་ཚེས་སྒྲ་ཅན། །ཙནྡན་ལྗོན་པའི་བསིལ་གྲིབ་ཏུ། །སྤོས་ཀྱི་གླང་པོའི་ཁྱུ་དག་རྒྱུ། ། ༡༨༦ གཞན་དག་ཤེལ་དང་དངུལ་ལ་སོགས། །ཤིང་མཆོག་ཁ་དོག་ཐ་དད་པ། །འདོད་རྒུར་སྒྱུར་བའི་བྱ་རྣམས་ཀྱང་། །སྣ་ཚོགས་ཆོས་ཀྱི་སྒྲ་སྙན་འབྱིན། ། ༡༨༧ འོད་ཟེར་འབར་བའི་འདབ་སྟོང་བ། །བུང་བ་མྱོས་པའི་གླིང་བུ་ཅན། །ཚུལ་ཁྲིམས་ངད་པས་ཁྱབ་པ་ཡིས། །ལྷ་མིའི་དྲི་བསུང་ཟིལ་གྱིས་མནན། ། ༡༨༨ དེ་ན་སྐར་ཁུང་རྟ་བབས་དང་། །ནོར་བུའི་ཀ་བ་སྟོང་ཕྲག་ཅན། །ཆུ་ཤེལ་གཞལ་ཡས་གྲུ་བཞི་པ། །ཚད་ནི་བསམ་པའི་རྗེས་སུ་འགྲོ། ། ༡༨༩ གསེར་གྱི་སྐུད་པར་བརྒྱུས་པ་ཡི། །མུ་ཏིག་དཀར་དམར་དྲྭ་ཕྱེད་དཔྱངས། །རྔ་ཡབ་ཟླ་བའི་མེ་ལོང་དང་། །གཡེར་ཁའི་ཕྲེང་བ་སྒྲ་སྙན་འཇོ། ། ༡༩༠ སྤོས་མཆོག་དུ་མའི་ངད་ལྡང་ཞིང་། །ཡན་ལག་ལྔ་ལྡན་རྔ་སྒྲ་དང་། །གླུ་གར་སིལ་སྙན་པི་ཝཾ་གི །བསྟོད་དབྱངས་ཉམས་བརྒྱས་སྒེག་པ་སྒྲོགས། ། ༡༩༡ བྱེད་པོས་བྲིས་འདྲའི་རིན་ཆེན་གྱི། །འཇའ་སྤྲིན་ལྷ་རྫས་ཆར་འབེབས་པས། །ཉི་འོད་སྟོང་འབར་ནོར་བུའི་ཏོག །གློག་འགྱུའི་སྣང་བར་སྒྲིབ་ལ་བརྩོན། ། ༡༩༢ ཨུཏྤལ་པུཎྜ་རཱི་ཀ་སོགས། །རིན་ཆེན་མེ་ཏོག་འཁྲིགས་པ་ན། །གོས་བཟང་དུ་མའི་རྒྱན་བཀོད་པ། །རྒྱལ་མཚན་མཛེས་པའི་ཡིད་བཞིན་ནོར། ། ༡༩༣ གྲུབ་པ་ལྷ་དང་རིག་འཛིན་དང་། །བདུད་དང་ཚངས་དབང་ཅོད་པན་ལ། །ཞབས་སྟེགས་བཀོད་པའི་པད་དཀར་འཆང་། །སྙིང་རྗེའི་རོལ་པས་རྩེ་བ་དེས། ། ༡༩༤ འགྲོ་བའི་བསམ་པ་ཇི་ལྟ་བར། །རྟོག་པ་མེད་པར་དབུགས་དབྱུང་བའི། །ཐེག་ཆེན་ཀ་ལ་པིང་ཀའི་གླུས། །ངལ་བས་སྟེགས་དེ་དབུགས་འབྱིན་མཛད། ། ༡༩༥ བསམ་གཏན་དུལ་བའི་བཞོན་པ་འདིས་ཞོན་ཏེ། །འཁོར་བར་དབེན་པ་ཐར་པ་ཞི་བའི་གྲོང་། །མྱ་ངན་མེད་པའི་མེ་ཏོག་དགའ་ཚལ་དེར། །སྐྱེ་ལ་བག་ཡོད་བསྐུལ་བའི་སླད་དུ་རྒྱུ། ། ༡༩༧ ལག་པས་སྣོད་བཞིན་ཆུ་གཏེར་ཆེན་པོ་ལ། །བཟུང་བ་གོམས་པའི་དེད་དཔོན་གཞན་པ་དེས། །གཞན་དོན་རིན་ཆེན་སྒྲུབ་ཕྱིར་ཡང་ནས་ཡང་། །འཁོར་བའི་རྒྱ་མཚོར་སྤྲོ་བའི་ཚུལ་གྱིས་ཞུགས། ། ༡༩༨ དེ་ཚེ་རྒྱལ་རིགས་རིན་ཆེན་གྲགས་པའི་འོད། །བསླབ་པའི་དྲི་མས་མོག་པོར་གྱུར་པ་དེ། །སྤྲིང་ཡིག་གསར་པས་བྱི་དོར་མཛད་པ་ཡང་། །བག་མེད་གྱུར་ལ་རྔ་སྒྲའི་དཔལ་ཡོན་བཟུང་། ། ༡༩༩ དུས་སུ་ལྷགས་པས་པདྨའི་ཁ་བྱེ་ཞིང་། །དུས་ཀྱི་ཁུ་བྱུག་བུ་མོས་མགྲིན་གླུ་ལེན། །བསྐལ་མང་བྱེ་བར་བསྒྲུབས་པའི་འཕྲིན་ལས་ཀྱང་། །དུས་ལས་མི་ཡོལ་དུས་ཀྱི་རླབས་དང་མཚུངས། ། ༢༠༠ ས་སྟེང་དགེ་བའི་ཆུ་རླུང་ཇི་སྙེད་པ། །འགྲོ་འོང་རྙོགས་པ་ཀུན་ཞི་བདུད་རྩིའི་གཏེར། །ལུས་ཅན་ཐར་པའི་སྲོག་འཚོ་མཁས་རྣམས་ཀྱིས། །སྙན་ཚིག་ཆུན་པོས་དབྱངས་དེར་ཕྱག་བགྱིའོ། ། ༢༠༡ ཐོག་(སངས་རྒྱས་)མཐའ་དབུས་བྲལ་ལྷུན་གྲུབ་ཞི། དཔེ་མེད་རང་གིས་རྣམ་མཁྱེན་བརྙེས། །ལམ་སྟོན་ནུས་པས་རང་གཞན་གྱི། །དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༢ དག་(ཆོས་)གསལ་གཉེན་པོའི་ལམ་མཐར་ཕྱིན། །བརྟག་པར་མི་ནུས་ངེས་ཚིག་དང་། །གཉིས་མེད་གཉིས་སུ་རྟོག་པ་ལས། །རྣམ་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༣ དྲི་(ཚོགས་)མེད་རང་བཞིན་འོད་གསལ་ཉིད། །སེམས་ཅན་ཀུན་ལ་རྗེས་ཞུགས་པ། །མཐོང་བའི་ཡེ་ཤེས་ཆགས་ཐོགས་ཀྱི། །སྒྲིབ་བྲལ་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༤ རིགས་(ཁམས་)དང་རང་བཞིན་ཆོས་སྐུའི་ཁམས། །གནས་སྐབས་གསུམ་དུ་གཙང་བདག་བདེ། །རྟག་པར་བསྟན་ནས་སྐྱོན་ལྔ་པོ། །སྤོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༥ དག་(བྱང་ཆུབ་)ཐོབ་བྲལ་དང་དོན་གཉིས་རྟེན། །ཟབ་ཅིང་རྒྱ་ཆེ་བདག་ཉིད་ཆེ། །ཤེས་གསུམ་ལས་འདས་བསམ་ཡས་ཡུལ། །དབང་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༦ འཇིག་(ཡོན་ཏན་)རྟེན་འཇིག་རྟེན་ལས་འདས་པས། །དབྱེར་མེད་བྲལ་དང་སྨིན་པ་ཡི། །རྒྱུ་འབྲས་རྟོགས་ནས་སྟོན་པ་ལ། །མི་བསྙེངས་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༧ ཐུགས་(འཕྲིན་ལས་)གསུང་སྐུ་ཡི་གསང་བ་སོགས། །ཁྱབ་བདག་རྟག་ཏུ་ལྷུན་གྲུབ་པ། །ཆོས་དཀར་སྨན་ལྗོངས་བསྐྱེད་པའི་ས། །རྟོག་མེད་ཁྱོད་ལ་ཕྱག་འཚལ་ལོ། ། ༢༠༨ གང་དུ་འཕགས་པའི་ཤེས་པ་ནི། །རྡོ་རྗེའི་ཡེ་ཤེས་སྟོབས་བསྐྱེད་པས། །ཡེ་ཤེས་མདུད་པ་ཆེན་པོ་བསལ། །འདུ་ཤེས་འཆིང་བ་ཡོངས་སུ་བཅད། ། ༢༠༩ དེ་ཡིས་འགྲོ་ལ་དུས་གསུམ་དུ། །བྱང་ཆུབ་དམ་པ་བདུད་རྩིའི་རླུང་། །ཐུན་མོང་སྤྱད་པར་ཕབ་པ་ཡི། །མི་མཆོག་བླ་མེད་དེ་ལ་འདུད། ། ༢༡༠ སྙན་དངགས་ཆུན་པོ་གསར་པ་དབྱངས་ཅན་རྣ་རྒྱན་བསྔགས་འོད་ཚལ་ལས་བླང་། །དེ་ཡི་སྤྱོད་བཟང་ཆུ་རྒྱུན་འཇིག་རྟེན་འདའ་བར་འབབ་པའི་འཇུག་ངོགས་ན། །ལྗོན་པ་བཞིན་དུ་ཡོན་ཏན་བྱེ་བ་རྫོགས་བྱེད་འཁྲི་ཤིང་ཅན། །ཟླ་བ་བཟུང་བའི་གྲུ་འཛིན་ཚལ་གྱི་པདྨ་དཀར་པོ་ཉིད་གྱུར་ཅིག ། ༢༡༡ པདྨའི་སྤྱན་རས་ཡངས་པས་པདྨོ་ཅན་གྱི་ས་གཞི་ལ། །སྤྲོ་དང་ལྷན་ཅིག་ཆོས་སྙན་སྣང་བས་ལུང་བསྟན་སར་བཟུང་སྟེ། །ཆོས་དབྱིངས་ཀུན་ཏུ་གྲགས་པའི་རྔ་སྒྲ་སྨོན་ལམ་མཐར་སོན་པ། །སེམས་ཀྱི་དེ་ཉིད་འགྲོ་ཁམས་རྒྱ་མཚོས་རྟག་ཏུ་མཐོང་བར་ཤོག ། ༢༡༢ རྣམ་ཐར་སྒྲོན་མེའི་སྣང་བ་ལ། །དད་དང་དཔྱོད་དང་ཡིད་རངས་པས། །སྒྲིབ་པའི་རྡུལ་ནི་རབ་སྤངས་ཏེ། །འཁོར་བ་ཡུན་རིང་སྣང་བར་འགྱུར། ། ༢༡༣ འཕགས་པའི་རྣམ་ཐར་པདྨ་གཞོན་ནུའི་ནགས་ཀླུང་འཐུག་པོ་བར་མེད་པ་ཞིག་ན་ཕྲེང་བརྒྱུད་མཁན་པོ་ཡང་བསྟར་བ་ལ་མངོན་དུ་ཕྱོགས་པའི་མཐུན་དཔེ་རིག་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་འདུན་པས་འགྲོ་ཞིང་། ནགས་ཀྱི་རི་དྭགས་དང་ཕན་ཚུན་དུ་ཚུལ་མཚུངས་པ་བློ་གྲོས་མཐའ་ཡས་ཀྱིས་མེ་ཏོག་རྒྱས་པའི་དུས་འཕགས་པའི་བྱིན་གྱིས་བརླབས་པ་ན་མེ་ཏོག་ཆུང་ངུ་ཞིག་དད་པས་བླངས་ཏེ་ཐོས་པ་ཅན་གྱི་རྣ་རྒྱན་དུ་བསྟར་བའོ། །སརྦ་དཱཀ་ལྱཱ་ཎཾ་བྷ་བནྟུ། །ཤུ་བྷཾ། ཤུ་བྷཾ། ཤུབྷཾ། ཤློ་ཀ་ང་བརྒྱད་ཡན་ཆད་སྔ་མོ་བརྩམས་ནས་འཕྲོས་སྙོམ་ལས་སུ་ཡུན་རིང་ལུས་པར་སླད་ནས་ཡེ་ཝཾ་ཐར་རྩེ་མཆོག་སྤྲུལ་མཁྱེན་རྟོགས་དབང་ཕྱུག་བཀས་བསྐུལ་རྗེས་སུ་དྲན་ཏེ་འཕྲོ་མཐུད་པའོ། །སརྦ་མངྒ་ལཾ།། །།

 

(མཚན་བྱང་ལ་ལར་ཟླ་གྲགས་ཀྱི་རྟོགས་བརྗོད་དང་འགའ་ཞིག་ཏུ་ཙནྡྲ་གོ་མིའི་རྟོགས་བརྗོད་ཡིན་པར་གསལ་བར་དཔྱད་དགོས་པར་སྣང་ངོ་།།)

[1] བློ་གྲོས་མཐའ་ཡས་ཀྱི་གསུང་འབུམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༡༣༤-༡༥༦ བར།

Leave a Reply

Your email address will not be published. Required fields are marked *