༄༅། །རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་ཚུལ་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ།

༄༅། །རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་

འབུལ་ཚུལ་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་

ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་

བྱ་བ་བཞུགས་སོ།།[1]

༼ཤཱཀྱའི་རྗེས་འཇུག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པ།༽

 

ན་མོ་གུ་རུ། བསྟན་པའི་བདག་པོ་ཐུབ་དབང་རྡོ་རྗེ་འཆང༌། །རྒྱལ་བ་གཉིས་པ་ཡབ་གཅིག་ཙོང་ཁ་པ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་མཆོག །རྣམ་གསུམ་དབྱེར་མེད་ཞབས་པད་སྤྱི་བོར་མཆོད། །འཛམ་གླིང་བསྟན་པའི་མཛེས་རྒྱན་རྣམ་པ་དྲུག །འདུལ་བ་འབུམ་སྡེའི་མངའ་བདག་མཆོག་རྣམ་གཉིས། །བསྟན་པའི་སྙིང་པོ་གསལ་མཛད་ཟླ་བའི་ཞབས། །པཎ་གྲུབ་རིམ་བྱོན་རྣམས་ལ་སྙིང་ནས་འདུད། །

བརྩེ་ཆེན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །གདུལ་དཀའ་འདུལ་སླད་སྲིན་པོ་ཁྲོས་པའི་གར། །རབ་བསྒྱུར་མྱུར་མཛད་ཡེ་ཤེས་མགོན་པོ་ཡིས། །དེང་ནས་བྱང་ཆུབ་བར་དུ་འབྲལ་མེད་སྐྱོངས། །ཆེར་སྙིགས་ལྔ་བདོའི་ཚང་ཚིང་གཅོད་པའི་མཚོན། །བཤད་སྒྲུབ་རལ་གྲིའི་རྣོ་རྒྱུན་ལ་རགས་ཀྱང༌། །འགལ་རྐྱེན་ཀུན་རྨོངས་སྨག་རུམ་སེལ་བྱེད་པའི། །མཆོག་གསུམ་བྱིན་རླབས་འོད་སྣང་གྲོགས་སུ་གཅེས། །དེའི་ཕྱིར་དགེ་བའི་ལོ་ཏོག་སྤེལ་བའི་གཉེན། །ལྷ་དང་བླ་མའི་ཐུགས་རྗེ་ཉིན་བྱེད་འོད། །བསྐུལ་བྱེད་མཆོད་ཆོག་གསེར་གྱི་ཤིང་རྟ་ཆེ། །ཚིག་སྦྱོར་གོ་ལའི་ལམ་དུ་འདྲེན་པར་བྱ།།

དེ་ཡང་ཡོན་ཏན་རིན་པོ་ཆེའི་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་བདུད་ཀྱིས་མི་ཚུགས་པའི་རྒྱུ་བཞི་གསུངས་པའི་དང་པོ་གཉིས་ཀྱི་ཡང་དག་པའི་ལྟ་བ་དང༌། བྱང་ཆུབ་ཀྱི་སེམས་དངོས་སུ་གསུངས་ནས། ངེས་འབྱུང་གི་བསམ་པ་ཡན་ལག་དང་བཅས་པ་ཞར་ལ་འཕངས་པས་ལམ་གྱི་གཙོ་བོ་རྣམ་པ་གསུམ་བསྟན། དེ་ལྟ་བུའི་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་ཡང་རྩ་བ་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་ཅི་གསུང་བཀའ་བཞིན་དུ་སྒྲུབ་པ་ལ་རག་ལས་པར་གསུམ་པས་བསྟན། དེ་ཡང་ཞིང་ས་གཤིན་པོ་ལ་ས་བོན་བཏབ་ན་སྐྱེ་སླ་བ་ལྟར། རྟོགས་པ་དེ་དག་སྐྱེ་བ་མཆོག་གསུམ་གྱི་བྱིན་རླབས་ཀྱིས་རྒྱུད་བརླན་པ་ལ་ངེས་པས་ལྟོས་དགོས་པ་བཞི་པས་བསྟན་པས། གཞུང་འདིས་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ལུགས་ལྡོག་གི་ཚུལ་གྱིས་གསུངས་པ་ལས་དང་པོ་པས་ཉམས་སུ་ལེན་པའི་ཚེ་ལུགས་འབྱུང་གི་ཚུལ་གྱིས་སྒྲུབ་དགོས་པས། ཐོག་མར་ཡུལ་ཁྱད་པར་ཅན་ལ་བརྟེན་ཏེ་མཐུན་རྐྱེན་ཚོགས་བསགས་པ་དང༌། འགལ་རྐྱེན་སྡིག་སྒྲིབ་སྦྱངས་པའི་སྒོ་ནས་ལམ་རྒྱུད་ལ་སྐྱེ་བའི་སྣོད་རུང་དུ་སྒྲུབ་པ་གལ་ཆེའོ།།

དེ་ཡང་གང་ལ་བརྟེན་པའི་ཡུལ་ཚོགས་ཞིང་གསལ་འདེབས་ཚུལ་སྐབས་བབས་ཀྱིས་རྒྱས་བསྡུས་སྣ་ཚོགས་དང༌། མདོ་སྔགས་སོ་སོའི་ལུགས་ཀྱི་དམིགས་རྣམ་ཡིད་ལ་བྱེད་ཚུལ་དང་། ཆོ་གའི་འགྲོས་མི་འདྲ་བར་ཡོད་ཀྱང༌། འདིར་ནི་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ལ་འཁྲུལ་བའི་དྲི་མ་ཕྲ་མོ་ཙམ་ཡང་བྲལ་བ་རྗེ་བླ་མ་མཆོག་གི་རིང་ལུགས་བཀའ་པོད་ཀྱི་འཆད་ཉན་འཕེལ་བ་དགོས་པའི་གཙོ་བོར་བྱས་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྒྱན་དྲུག་མཆོག་གཉིས། ཆོས་སྲུང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་བཅས་པ་ལ་ཕྱག་མཆོད་ཐུགས་རྗེ་བསྐུལ་བའི་རིམ་པ་ལག་ཏུ་བླང་བདེ་བར་འགོད་པ་ལ། ཐོག་མར་གནས་ཁང་བྱི་དོར་ལེགས་པར་བྱས། བ་བྱུང་དང་དྲི་བཟང་གི་ཆུས་ཆག་ཆག་གདབ། སྐུ་གསུང་ཐུགས་རྟེན་སྤྱི་དང༌། སྐབས་བབས་ཀྱི་ཚོགས་ཞིང་རྣམས་ཀྱི་བྲིས་འབུར་གྱི་སྐུ་ཅི་རིགས་དམིགས་རྟེན་གྱི་ཚུལ་དུ་ལེགས་པར་བཀྲམ། ཇི་ལྟར་འཚམས་པའི་སྟེགས་བུ་རྟེན་ཁེབས་ཀྱིས་གཡོགས་པའི་སྟེང་དུ་འབུལ་ཡུལ་གྱི་གཡས་ནས་མགོ་བརྩམས་པའི་མཆོད་པ་ཆུ་གཉིས་ཉེར་སྤྱོད་ཚར་བཅུ་ལས་མི་ཉུང་བ་དང༌། འབུལ་གཏོར་དཀར་པོ་ཞི་བའི་རྒྱན་སྤྲས་གསུམ། འོས་འགབ་ཀྱི་ཕྱོགས་སུ། ཆོས་གོས་གསུམ། འཁར་གསིལ། ལྷུང་བཟེད། གདིང་བ་སོགས་དང༌། གཞན་ཡང་འཕན་གདུགས། རྒྱལ་མཚན། བླ་བྲེ་སོགས་ཇི་ལྟར་འབྱོར་པའི་མཆོད་པའི་ཡོ་བྱད། གཙང་ཞིང་གྱ་ནོམ་པ་བཀོད་པ་མཛེས་པར་བཤམས། ཐེག་ཆེན་གསོ་སྦྱོང་དང་འབྲེལ་བ་བྱེད་ན། ལག་རིས་མཐོང་བའི་ཚོད་ཙམ་དུ་བླ་མའམ་རྟེན་གྱི་དྲུང་དུ་ལེན། རང་ཉིད་སྟན་བདེ་བར་སྤྱོད་ལམ་བག་དང་ལྡན་པས་འཁོད་ནས་རང་རྒྱུད་ལ་ལེགས་པར་བརྟག་སྟེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས།

བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་གྱིས་སྐྱབས་འགྲོ་དང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ལན་གསུམ་གྱིས་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་པར་བྱས་ལ། གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱིས་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་འཁོར་དང་བཅས་པ་གང་དུ་སྤྱན་འདྲེན་པའི་གནས་འདི་ཉིད་ནུབ་ཕྱོགས་བདེ་བ་ཅན་དང༌། སྟེང་ཕྱོགས་ཡིད་དགའ་ཆོས་འཛིན་ལྟ་བུའི་ཞིང་ཁམས་རྣམ་པར་དག་པའི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེའི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ་ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་ངད་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ་གསེར་དང༌། དངུལ་དང༌། མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང༌། ཀུ་མུ་ཏ་དང༌། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང༌། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང༌། རྫིང་དང༌། ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་ཆེན་སྣ་བདུན་གྱི་རང་བཞིན་དཔག་བསམ་གྱི་ཤིང་ལྗོན་པ། ལྷའི་ནོར་བུ་དང༌། རིན་པོ་ཆེའི་ཕྲེང་བས་བརྒྱན་པ་སྣ་ཚོགས་པ་ཚར་དུ་དངར་བས་ཡོངས་སུ་བསྐོར་བ་དང༌། དེའི་དབུས་སུ་གཞལ་མེད་ཁང་རིན་ཆེན་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ་རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བཅུའི་རྣམ་པར་རིག་པའི་མཚན་ཉིད། རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱི་དགའ་བདེས་རོལ་བའི་གནས་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག །དེའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་གྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱིས་སྤྲས་པ་དང༌། གཡས་གཡོན་དུ་གདན་ཁྲི་ཕུན་སུམ་ཚོགས་པ་དུ་མ་དང་བཅས་པ་ཚོགས་ཀྱི་ཞིང་སོ་སོའི་སྨོན་ལམ་གྱི་ཁྱད་པར་དང༌། མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག ། མཆོད་པ་བྱིན་གྱིས་བརླབ་པ་ནི། མཐའ་བསྐོར་ཕྱོགས་མཚམས་ཀུན་ཏུ་མཆོད་པའི་སྤྲིན་གྱི་ཕུང་པོ་ལྷ་དང་མིའི་ཡོ་བྱད་དམ་པ། ཞལ་ཟས་དང༌། ན་བཟའ་དང༌། རྒྱན་དང་རོལ་མོ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་གྱི་རྒྱས་པར་གང་ཞིང་རྒྱན་ཀླུབ་པ་དང་ལྡན་པར་གྱུང་ཅིག ། ཅེས་པ་ལན་གསུམ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོདྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་མཆོད་པའི་སྤྲིན་གཟུངས་ལན་བདུན་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། རྨད་བྱུང་ཐུགས་བསྐྱེད་མཐའ་བྲལ་འཛིན་མའི་ཁྱོན། །གཞན་ཕན་ཕྱོགས་ཀྱི་འཁོར་ལོ་ཡོངས་རྫོགས་པས། །སྤངས་རྟོགས་ཡོན་ཏན་འབུམ་དུ་གྲོལ་བའི་གཏེར། །ལྷུན་གྲུབ་མཁའ་ཁྱབ་ཆོས་སྐུའི་གཞལ་ཡས་ནས། །རིགས་གསུམ་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །ཡབ་གཅིག་འགྲོ་བའི་མགོན་པོ་བློ་བཟང་གྲགས། །རྩེ་གཅིག་དད་ཅིང་གུས་པས་སྤྱན་འདྲེན་ན། །མོས་པ་ཇི་བཞིན་གནས་འདིར་གཤེགས་སུ་གསོལ། །སངས་རྒྱས་གཉིས་པ་དཔལ་མགོན་ཀླུ་སྒྲུབ་དང༌། །རང་གཞན་གྲུབ་མཐའི་མཐར་སོན་འཕགས་པ་ལྷ། །མི་ཕམ་ཆོས་ཀྱི་སྲས་པོ་ཐོགས་མེད་ཞབས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྨྲ་བའི་སྤོབས་པ་ཟླ་མེད་དབྱིག་གི་གཉེན། །འཕགས་པས་རྗེས་བཟུང་ཕྱོགས་ཀྱི་གླང་པོ་དང༌། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པའི་ཞབས། །ཀུན་བཟང་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །འཕགས་ཡུལ་མཁས་གྲུབ་རྒྱུ་སྐར་བྱེ་བའི་དབུས། །ཚུལ་ཁྲིམས་གཟི་བྱིན་ཆེར་འཕགས་མཆོག་གཉིས་དང༌། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བའི་ཞབས། །བརྩེ་ཆེན་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེས་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་འཕྲིན་ལས་རྒྱས་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གནས་འདིར་གཤེགས། །རྣལ་འབྱོར་དམ་ཚིག་ལྡན་པའི་སྒྲུབ་པ་པོའི། །ལས་བཞི་འཕྲིན་ལས་མྱུར་མཛད་ཡེ་ཤེས་མགོན། །འཇམ་དབྱངས་བཀའ་སྡོད་དམ་ཅན་རྒྱ་མཚོར་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། ། ཞེས་བརྗོད་པས་སྐྱབས་ཡུལ་རྣམས་ཚོགས་ཀྱི་ཞིང་དུ་སྐད་ཅིག་ལ་བྱོན་ཏེ་མདུན་གྱི་ནམ་མཁར་མགྲོན་ཐབས་སུ་བཞུགས་པར་བསམ། དེ་ནས་སྐུ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲིས་པ་དེར། ། ཅེས་ཁྲུས་ཁང་བསྐྱེད། ཚོགས་ཞིང་རྣམས་ཁྲུས་ཁང་དུ་བྱོན་པར་བསམ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཐ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་ཁྲུས་གསོལ་ལོ། ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་དབྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་སྐུ་དབྱི། དེ་བཞིན་དུ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །བདག་ཅག་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །བདག་ཅག་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་སྐུ་ཁྲུས་གསོལ། །ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །སྐྱེ་རྒུ་རྣམས་ལ་ལེགས་པའི་ལམ་སྟོན་པའི། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །རྟག་ཏུ་གུས་པས་ཡིད་ཀྱིས་སྐུ་ཁྲུས་གསོལ། །ཁྱེད་སྐུ་རང་བཞིན་ཡོངས་དག་པ། །སྲེད་སོགས་འཆིང་བ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱོང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༌། །མ་རུངས་ཀུན་འདུལ་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པ། །ནག་པོ་ཆེ་ལ་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་བྱེད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བགྱིའོ། ། ཞེས་སོགས་དང༌། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ། ཞེས་ཚིགས་བཅད་རེ་རེའི་མཐར་སྔགས་དང་སྦྱར་བས་ཁྲུས་གསོལ། ཚིགས་བཅད་རེ་རེའམ། གཉིས་གཉིས་ཀྱི་མཚམས་སུ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་དབྱི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་འདི་དག་བྱུག་པར་བགྱི། ། ཞེས་པས་བྱུགས་པ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག ། ཅེས་པས་ན་བཟའ་དབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག ། ཅེས་པས་རྒྱན་ཕུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་འཆིང་བ་ཀུན་དག་ནས། །བྱང་ཆུབ་སེམས་ཆུའི་རླན་གྱིས་བརླན་པར་ཤོག ། ཅེས་པས་གང་བུམ་འབུལ། ཁྲུས་ཁང་ནས་བྱོན་ཏེ། མདུན་དུ་སེངྒེའི་ཁྲི་ལ་བཞུགས་པར་མོས་ལ། གཞལ་ཡས་ཁང་གི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པད་ཟླ་ཉི་མའི་གདན་ལ་དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་ཅིང་ཨུཏྤ་ལའི་ཡུ་བ་བཟུང་བའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དུ་ཁ་ཕྱེ་བའི་གཡས་ཀྱི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང༌། གཡོན་གྱི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་དང༌། དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་མཛེས་པར་གསོལ་བ། ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་བསྟན་པའི་བདག་པོ་མཉམ་མེད་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་དབུ་གཙུག་གཏོར་དང་ལྡན་པ། ཕྱག་གཡས་ས་གནོན་དང༌། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་བརྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཀླུབས་པ། སྟེང་གི་ཆར་ཟབ་རྒྱས་གདམས་པའི་བཀའ་བབ་རྗེ་བཙུན་མི་ཕམ་མགོན་དང་འཇམ་དཔལ་དབྱངས། གཙོ་བོའི་གཡས་གཡོན་གྱི་གདན་ཁྲི་ཕུན་སུམ་ཚོགས་པ་ལ། རིམ་པ་བཞིན་དུ་ཟབ་དོན་ལྟ་བའི་མིག་འབྱེད་ཀླུ་སྒྲུབ་ཡབ་སྲས། རྒྱ་ཆེན་མངོན་པའི་གསལ་བྱེད་ཐོགས་མེད་སྐུ་མཆེད། དྲི་མེད་རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས། འདུལ་བ་འབུམ་སྡེའི་མངའ་བདག་ཡོན་ཤཱཀ་གཉིས། ས་བཅུའི་དབང་ཕྱུག་དཔལ་ལྡན་ཟླ་བའི་ཞབས་རྣམས་སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་བ། སྐལ་ལྡན་རྗེས་སུ་འཛིན་ཅིང༌། སྨྲ་ངན་ཟིལ་གྱིས་གནོན་པ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཉམས་དང༌། གཟི་བརྗིད་ཕུན་སུམ་ཚོགས་པའི་དཔལ་གྱིས་མངོན་པར་མཛེས་པ། མདུན་དུ་རྒྱལ་བའི་བསྟན་སྲུང་ཆེན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་ཚོགས་བཀའ་སྡོད་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ཕྱི་ནང་གི་འགལ་རྐྱེན་སེལ་ཞིང་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བའི་ཕྱིར་དུ་བགེགས་ཆེན་བསྣོལ་བའི་གདན་ལ་སྲིན་པོ་ཁྲོས་པའི་གར་གྱིས་བཞུགས་པ། རྗེ་བླ་མའི་སེང་ཁྲིའི་སྲེབ་ཏུ་འཇམ་དབྱངས་བཀའ་སྡོད་སྟོབས་ཆེན་གཤིན་རྗེའི་རྒྱལ་པོ་སྲིན་པོའི་གཟུགས་ཅན་ལེགས་ཉེས་ཀྱི་ཤན་འབྱེད་པའི་སྤྱན་གསུམ་བགྲད་ཅིང༌། བསྟན་དགྲའི་སྙིང་རྩ་གཅོད་པའི་གྲི་ཁུག་དང༌། སྙིང་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང༌། པད་ཉི་གནོད་བྱེད་ཀྱི་གདན་ལ་གཡས་བརྐྱང་གིས་བཞུགས་པ། ཚོགས་ཀྱི་ཞིང་རྣམས་དགྱེས་པ་ཆེན་པོས་རང་བཞན་སེམས་ཅན་ཐམས་ཅད་ལ་རྗེས་སུ་གཟིགས་ཤིང༌། བསྲུང་བ་དང༌། སྐྱོབ་པ་དང༌། བྱིན་གྱིས་རློབས་པའི་དགོངས་པ་ཅན་དུ་གྱུར་པར་བསམ་མོ། ། དེ་ནས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་འབུལ་བ་ལ། དགའ་ལྡན་ལྷ་བརྒྱ་མའི་གོ་རིམ་དང་བསྟུན་ཏེ་ཐོག་མར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། ། ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པར་བསམ། ཕྱག་འཚལ་བའི་ཡན་ལག་ནི། སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དྲན་པའི་དད་གུས་ཤུགས་དྲག་པོའི་སྒོ་ནས་དངོས་སུ་ལུས་ཀྱི་ཕྱག་འཚལ་བའང་མོས་ལ། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པའི་དོན་ལྡན་ལ་ཕྱག་འཚལ། །གང་ལ་བརྟེན་ན་སྲིད་ཞིའི་རྒུད་པ་ཀུན། །སེལ་ཞིང་མཆོག་ཐུན་དངོས་གྲུབ་ཡིད་བཞིན་ནོར། །བདེ་བླག་སྩོལ་མཛད་དྲིན་ཅན་བླ་མ་དང༌། །དབྱེར་མེད་རྡོ་རྗེ་ཅན་ཞབས་པདྨོར་འདུད། །རྣམ་འདྲེན་དབང་པོའི་ཏོག་གི་སྤྱན་སྔ་རུ། །ཡོངས་རྫོགས་རྒྱལ་བསྟན་སྤེལ་བའི་ཐུགས་བསྐྱེད་ཀྱིས། །རྒྱལ་སྲས་ཀུན་གྱི་སྤོབས་པ་ཟིལ་གནོན་པའི། །སྙིང་སྟོབས་མཆོག་ཏུ་བརྟན་ལ་ཕྱག་འཚལ་ལོ། །རྒྱལ་བསྟན་ནུབ་པར་ཕྱོགས་ཚེ་མིའི་གཟུགས་ཀྱིས། །རྒྱལ་བའི་མཛད་པ་མཐའ་དག་བྱེད་པ་རུ། །རྒྱལ་བ་ཉིད་ཀྱིས་བདེན་པས་རྗེས་བསྔགས་པ། །རྒྱལ་བ་གཉིས་པའི་ཞབས་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་སྙིགས་མ་ལྔ་བདོའི་མུན་ཀློང་དུ། །ཚང་ལ་མ་ནོར་གདམས་པའི་འོད་སྣང་གིས། །ཐར་འདོད་སྐྱེ་རྒུའི་ཚོགས་རྣམས་དབུགས་འབྱིན་པ། །འགྲོ་བའི་དེད་དཔོན་མཆོག་ལ་ཕྱག་འཚལ་ལོ། །མདོ་སྔགས་ཟུང་འབྲེལ་ལེགས་བཤད་བཙོ་མའི་གསེར། །བཤད་སྒྲུབ་རྩིབས་སྟོང་འབར་བའི་འཁོར་ལོ་ཡིས། །ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བ། །མཚུངས་མེད་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །མཁྱེན་བརྩེའི་གཏིང་མཐའ་ཤིན་ཏུ་དཔག་པར་དཀའ། །བྱང་ཆུབ་སྤྱོད་པའི་རླབས་ཆེན་ཆལ་ཆིལ་གཡོ། །ལེགས་བཤད་རིན་ཆེན་གཏེར་གྱུར་འཇམ་པའི་དབྱངས། །རྒྱལ་ཚབ་རྒྱ་མཚོ་ཆེ་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ནས། །བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་པ། །བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །ལོག་སྨྲ་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན། །ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །ཨཱརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང༌། །བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་རྣམས་ཀྱིས། །གང་གི་བློ་གྲོས་མགུལ་བ་རབ་བརྒྱན་ཅིང༌། །འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །མཁས་མཆོག་དབྱིག་གི་གཉེན་ཞབས་ལ་ཕྱག་འཚལ་ལོ། །ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པའི། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང༌། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང༌། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུ་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཀླུ་སྒྲུབ་གཞུང་ལུགས་ཤེལ་གྱི་ཨཱ་དར་ཤ །ཟླ་བྲལ་ལུང་རིགས་བྱི་དོར་གྱིས་སྦྱངས་ཏེ། །མདོ་སྔགས་ལམ་བཟང་མ་ནོར་གསལ་མཛད་པ། །དཔལ་ལྡན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་ཆོས་བཞིན་སྤྱོད་པའི་སྐྱེས་བུ་ཀུན། །བརྩེ་བའི་སྤྱན་གྱིས་བུ་བཞིན་སྐྱོང་བའི་ལྷ། །རབ་འབྱམས་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ། །ཡེ་ཤེས་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །དགེ་སྡིག་ཤན་འབྱེད་སྟོབས་ཆེན་གཤིན་རྗེའི་གཙོ། །བསྟན་དགྲ་འཇོམས་ཕྱིར་རབ་བརྗིད་སྲིན་པོའི་གར། །ཆོས་ལྡན་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །མཐུ་ལྡན་སྲུང་མ་ཁྱོད་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །ཕྱག་འོས་བསྟོད་འོས་མཆོད་འོས་ཇི་སྙེད་པ། །དེ་སྙེད་རྡུལ་གྲངས་མཉམ་པའི་ལུས་སྤྲུལ་ཏེ། །མཆོག་ཏུ་བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། ། ཞེས་ཕྱག་འཚལ། མཆོད་པ་འབུལ་བའི་ཡན་ལག་ནི། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། ། ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་དང༌། ཞིང་འདིར་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། ། ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན། དགེ་སྦྱོང་རྒྱན་དུ་འདྲེན་པས་བསྔགས་པའི་ཆས། །འཚམས་སྤྲིན་མདངས་འཕྲོག་ཆོས་གོས་རྣམ་གསུམ་དང༌། །གསིལ་བྱེད་དྲང་སྲོང་སྣོད་དང་གདིང་བར་བཅས། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ། ཞེས་ངུར་སྨྲིག་གི་རྒྱལ་མཚན། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་གྱུར་ཅིག །ཇི་ལྟར་འཇམས་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག ། ཅེས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་རྣམས་ནམ་མཁའ་བཀང་བ་འབུལ། བཤགས་པའི་ཡན་ལག་ནི། ཐོག་མེད་ནས་བསགས་པའི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་མི་བགྱིད་སྙམ་པའི་སྡོམ་སེམས་དྲག་པོ་དང་བཅས་ལྟུང་བཤགས་དང་སྤྱི་བཤགས་བྱ། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང༌། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །རྗེས་སུ་ཡི་རང་བའི་ཡན་ལག་ནི། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །ཆོས་འཁོར་བསྐོར་བའི་བསྐུལ་བའི་ཡན་ལག་ནི། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། ། བསྔོ་བའི་ཡན་ལག་ནི། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག ། ཅེས་པའི་དོན་དྲན་བཞིན་པས་བརྗོད། དེ་ནས། ཞིང་ཁམས་འབུལ་བར་ཞུ། ཞེས་པ་ནས། ཞིང་ཁམས་རྣམ་པར་དག་པ་འདི་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། བདག་གཞན་ལུས་ངག་ ཞེས་སོགས་དང༌། ས་གཞི་སྤོས་ཀྱིས་ ཞེས་པ་ནས། ཏཱརྱ་མི། ཞེས་མཎྜལ་རྒྱས་པ་འབུལ། སྤྲོ་ན་སྐབས་འདིར། དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་པུ། །ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །རྒྱལ་བའི་སྤྱན་སྔར་བྱང་ཆུབ་སྤྱོད་པ་བླངས། །དགའ་ལྡན་གནས་སུ་འཇམ་དཔལ་སྙིང་པོར་གྲགས། །ཁ་བ་ཅན་འདིར་བློ་བཟང་གྲགས་པའི་དཔལ། །རྒྱལ་སྲས་ཐུ་བོ་ཁྱོད་ལ་གསོལ་བ་འདེབས། །རྒྱ་ཆེན་བསོད་ནམས་སྨིན་པའི་མཐུ་ལྡན་པས། །གསུང་རབ་ཀློག་དང་ལེགས་སྦྱར་སྒྲ་ལ་སོགས། །བརྡ་སྤྲོད་གཙུག་ལག་མ་བསླབས་ཐུགས་སུ་ཆུད། །ཡོན་ཏན་ལྷུན་རྫོགས་ཁྱོད་ལ་གསོལ་བ་འདེབས། །ཁྱོད་སྐུའི་ཉིན་བྱེད་ཡུམ་གྱི་ཆུ་འཛིན་ལས། །གསལ་བར་བྱོན་ཚེ་སྲིད་པའི་ཕུན་ཚོགས་ལ། །ཀུན་ནས་སྲེད་པའི་གློག་གི་རོལ་རྩེད་དང༌། །ནམ་ཡང་འགྲོགས་པ་སྤངས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་རྒྱལ་བའི་བརྟུལ་ཞུགས་ཀུན། །མ་སྨད་ཚུལ་ཁྲིམས་མཆོག་གིས་ལེགས་བསྡམས་ཤིང༌། །སྐྱེ་བ་ཀུན་ཏུ་གཅིག་ཏུ་བག་ཡོད་པ། །གོམས་པའི་མཐུ་ལྡན་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ། །གཏུགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས། །རྟག་ཏུ་ལེགས་བཤད་འཚོལ་བ་ལྷུར་བླངས་པས། །རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཚིག་ཕྲེང་ལྦུ་བས་ངོམས་པ་མི་མངའ་ཞིང༌། །མཁས་མཆོག་བྱེ་བས་རྟོགས་པར་དཀའ་བའི་གནད། །ཞིབ་ཅིང་ཆེས་ཕྲ་དྲི་མེད་རིགས་པ་ཡིས། །མ་ལུས་ཆོས་ཀུན་གཟིགས་ལ་གསོལ་བ་འདེབས། །རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང༌། །ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས། །འཕགས་ཡུལ་ཤིང་རྟ་ཆེ་རྣམས་བཞེད་པའི་གཞུང༌། །ཇི་བཞིན་གཟིགས་པ་ཁྱོད་ལས་གཞན་ན་གང༌། །གསུང་རབ་ཀུན་ཀྱང་ཁྱོད་ཉིད་འབའ་ཞིག་ལ། །གདམས་པའི་མཆོག་ཏུ་ཤར་ལ་གསོལ་བ་འདེབས། །དེ་ཕྱིར་མཁས་མཆོག་ཀུན་གྱི་ཅོད་པན་ལ། །རྟག་ཏུ་ངལ་གསོ་མཛད་པའི་ཞབས་པད་ཀྱིས། །རྒྱ་མཚོའི་གོས་ཅན་གང་ལ་བྲིས་པའི་རྡུལ། །འགྲོ་བའི་མཆོད་རྟེན་གྱུར་ལ་གསོལ་བ་འདེབས། །རྒྱལ་བའི་མཁྱེན་པས་ཇི་ཙམ་ལེགས་དཔྱད་ཀྱང༌། །ཁྱོད་ཀྱི་ཐུགས་ལ་རྣམ་དག་བསླབ་པའི་ཁྲིམས། །ལྷོད་པར་བགྱིས་པའི་ཉེས་པ་ཕྲ་མོ་ནི། །ཆ་ཙམ་རྣམ་པར་སྤངས་ལ་གསོལ་བ་འདེབས། །རིན་ཆེན་འབྱུང་གནས་ཆུ་ཡི་ཕུང་པོ་བཞིན། །ཁྱོད་ཐུགས་སྙིང་རྗེའི་གཏིང་མཐའ་ཇི་ཙམ་ཞེས། །ཡེ་ཤེས་སྤྱན་ལྡན་ཀུན་གྱི་ཡུལ་ལས་འདས། །རྗེ་བཙུན་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །ཁྱོད་ཀྱི་ལྷག་བསམ་ཁྱོགས་ལ་མ་བླངས་པའི། །ལུས་ཅན་ཕན་བདེའི་ཁུར་ནི་ཅང་མ་མཆིས། །རླབས་ཆེན་སྤྱོད་པ་ཀུན་གྱི་མཐར་སོན་པ། །སྙིང་སྟོབས་རྨད་དུ་བྱུང་ལ་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། །ས་གསུམ་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཀྱིས་ཁྱོད་ལ་མངོན་སུམ་དུ། །ཉིན་རེ་བཞིན་ཡང་ལེགས་བཤད་བདུད་རྩིའི་རྒྱུན། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད་བསྡུས་པ། །རྒྱུན་མི་འཆད་པར་འདོམས་ལ་གསོལ་བ་འདེབས། །ཐུབ་བསྟན་པདྨོའི་ཚལ་ལ་འཇིག་རྟེན་འདིར། །ཁྱོད་ནི་རྒྱལ་བའི་ཉི་མ་ཇི་བཞིན་ཞེས། །མི་ཕམ་མགོན་པོས་ཁྱོད་ལ་མངོན་སུམ་དུ། །དབུགས་དབྱུང་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས། །གྲངས་མེད་རྒྱལ་བའི་སྐུ་ཡི་རྒྱལ་མཚན་གཟིགས། །ས་ར་ཧ་དང་ལཱུ་ཨི་པ་ལ་སོགས། །གྲུབ་ཆེན་དུ་མས་མངོན་སུམ་བྱིན་གྱིས་བརླབས། །ཡོངས་དག་སྐྱེས་བུ་མཆོག་ལ་གསོལ་བ་འདེབས། །ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་ཀྱིས་གང་ཚེ་བྱིན་བརླབས་པ། །དེ་ཡི་མོད་ལ་ཟབ་མོའི་ཆོས་ཉིད་ལ། །འཁྲུལ་པའི་དྲི་མ་སྤངས་ལ་གསོལ་བ་འདེབས། །ཁྱོད་ཀྱིས་ཆོས་ཉིད་ནམ་མཁའི་དཀྱིལ་ལྟ་བུ། །མཉམ་གཞག་ཏིང་འཛིན་མཆོག་གིས་ལེགས་བསྒོམས་པས། །རྗེས་ཐོབ་ཏུ་ཡང་སྒྱུ་མ་ལྟ་བུའི་ཐུགས། །སྐད་ཅིག་གཡོ་བ་མེད་ལ་གསོལ་བ་འདེབས། །ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་འབྱེད་པ་ལ། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དབང་དང༌། །དབྱེར་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཕྱོགས་འདིར་སྔོན་ཆད་གཞན་གྱིས་མ་མྱངས་པའི། །ལམ་གྱི་མཐར་ཐུག་རིམ་གཉིས་ཟབ་མོའི་གནད། །ཇི་བཞིན་གཟིགས་ནས་དེ་དོན་འབྱེད་པ་ལ། །ཉམས་ལེན་སྙིང་པོར་མཛད་ལ་གསོལ་བ་འདེབས། །ཕྲ་རགས་ལྷ་ཡི་རྣལ་འབྱོར་མཐར་ཕྱིན་ནས། །ཐ་མལ་སྣང་ཞེན་ཀུན་རྟོག་རྒྱང་བསྲིངས་ཤིང༌། །གང་ཤར་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ལས། །ཁྱོད་ཐུགས་གཡོ་བ་མེད་ལ་གསོལ་བ་འདེབས། །ཀུན་རྟོག་རླུང་གི་རྒྱུ་བ་དྷཱུ་ཏཱིར་དེངས། །འོད་གསལ་ཐམས་ཅད་སྟོང་པའི་དེ་ཉིད་གཟིགས། །གང་ཤར་བདེ་ཆེན་མཆོག་གི་རྣམ་རོལ་ཅན། །རྡོ་རྗེའི་ཐུགས་དང་ལྡན་ལ་གསོལ་བ་འདེབས། །མཐའ་ཡས་སྨོན་ལམ་སྟོབས་མངའ་ཐབས་མཁས་ཀྱིས། །འབད་མེད་ལྷུན་གྲུབ་མཐའ་ཡས་གདུལ་བྱའི་ཚོགས། །རྒྱལ་བ་དགྱེས་པའི་ལམ་ལ་འཁྲིད་མཛད་པ། །འཇིག་རྟེན་ཀུན་གྱི་སྐྱབས་ལ་གསོལ་བ་འདེབས། །ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས། །བསམས་བཞིན་ཞིང་འདིར་སྐུ་ཡི་བཀོད་པ་ནི། །ཉེ་བར་སྡུད་ལ་ཁྱོད་ཐུགས་གཞོལ་བའི་ཚེ། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་མཆོད་པ་ཡིས། །བསམ་ཡས་ནམ་མཁའ་གང་ལ་གསོལ་བ་འདེབས། །འོད་གསལ་ཆོས་སྐུ་མངོན་དུ་མཛད་གྱུར་པ། །དེ་ཚེ་ཁྱོད་སྐུ་འོད་ཀྱི་གོང་བུར་གྱུར། །བར་དོར་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ། །མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། ། ཞེས་པའི་བར་འདོན། དེ་ནས། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང༌། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ། ཞེས་སོགས་དམིགས་བརྩེ་མ་ལྔ་སྐོར་བདུན་ནམ་ཉེར་གཅིག ། དམིགས་མེད་བརྩེ་བའི་xx། དྲི་མེད་མཁྱེན་པའི་xx། གངས་ཅན་མཁས་པའི་xx། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། ། ཞེས་དམིགས་བརྩེ་མ་བཞི་སྐོར་བརྒྱ་རྩའམ་ཅི་རིགས་པ་བཟླ། བདུད་རྩི་འབེབས་སྦྱངས་བྱེད་པར་འདོད་ན་མ་དག་པ་འཁྲུད་པ་མི་ཤེས་པ་སེལ་བ་སོགས་ཀྱི་དམིགས་པ་ཁྲིད་ཡིག་ལྟར་ཉམས་སུ་ལེན། མཚམས་འདིར། ཐུགས་ཀའི་རྡོ་རྗེ་འཆང་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་གྱུར་པར་མོས་ལ་དབང་ཐོབ་ཡོད་ན་བཟླས་དམིགས་གསལ་བཏབ་སྟེ། རྩ་སྔགས། སྙིང་པོ། ཉེ་སྙིང་བཅས་བཟླས་རྗེས། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་པའི་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་རྒྱལ་སྐུར་སྟོན་པ། །བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། ། ཞེས་བསྟོད། དབང་མེད་ན་བསྟོད་པ་གཅིག་པུ་བྱའོ། །དེ་ནས། སྟོན་པ་ཐུབ་པའི་དབང་པོའི་ཐུགས་བཅུད་ཟབ་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེང་བར་མཛད་པ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དཔལ་ལྡན་ཟླ་བའི་ཞབས་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་དབང་དྲག་ཏུ་ཁྲོས་པའི་ཟློས་གར་རྒྱལ་བའི་བསྟན་སྲུང་ཆེན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཇམ་དབྱངས་བཀའ་སྡོད་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། ལན་བདུན། འདི་དག་གི་ཚེ་ཡང་བདུད་རྩི་འབེབས་སྦྱངས་སོགས་ཀྱི་དམིགས་རྣམ་སྐྱོང་ཐུབ་ན་ལེགས། དེ་ལྟར་རྗེ་བཙུན་བླ་མ་འཁོར་དང་བཅས། །རྨད་བྱུང་བསོད་ནམས་ཞིང་དུ་སྤྱན་དྲངས་ཏེ། །ཤུགས་དྲག་གདུང་བའི་ཡིད་ཀྱིས་གསོལ་བཏབ་མཐུས། །རྨོངས་པའི་མུན་པ་དྲུངས་ནས་འབྱིན་པར་ཤོག །གསུང་རབ་ཀུན་ལ་གཏུགས་པ་མེད་འཇུག་ཅིང༌། །དཀའ་བའི་གནད་ཀུན་འབྱེད་ལ་ཟླ་དང་བྲལ། །མ་རྟོགས་ལོག་རྟོག་ཐེ་ཚོམ་མྱུར་གཅོད་པའི། །ཟབ་གསལ་མྱུར་བའི་ཤེས་རབ་བདག་ལ་སྩོལ། །གང་ཞིག་བརྟག་ཅིང་དཔྱད་པའི་ཆོས་རྣམས་ཀུན། །མི་བརྗེད་བསྐལ་པའི་བར་དུ་འཛིན་ནུས་པའི། །ཚིག་དང་དོན་གྱི་གཟུངས་མཆོག་བླ་མེད་པ། །བདག་གི་ཡིད་ལ་དེ་རིང་འགྲུབ་པར་ཤོག །རྒྱལ་བའི་ཡུམ་ཆེན་མངོན་རྟོགས་རྒྱན་ལ་སོགས། །ཤེས་རབ་ཕ་རོལ་ཕྱིན་གཞུང་ཟབ་མོའི་དོན། །དགོངས་དོན་ཇི་བཞིན་སྨྲ་ལ་འཕགས་སེང་ལྟར། །ཟླ་བྲལ་མཁས་པའི་གོ་འཕང་ཐོབ་པར་ཤོག །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡས་སྲས་ཀྱི། །དྲི་མེད་གསུང་རབ་རྩ་འཇུག་བཞི་གསུམ་སོགས། །དབུ་མའི་གཞུང་ལ་ཡིད་དཔྱོད་ཙམ་མིན་པར། །ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་པར་ཤོག །གཞི་ལྔའི་རང་སྤྱིའི་མཚན་ཉིད་ཀུན་སྟོན་པའི། །ཐོགས་མེད་སྐུ་མཆེད་ཞབས་ཀྱི་གཞུང་ལུགས་ལ། །ངེས་པ་གཏིང་ནས་རྙེད་པའི་ལུང་རིགས་ཀྱིས། །ཆོས་མངོན་རྒྱ་མཚོའི་ཕ་རོལ་སོན་པར་ཤོག །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །སྒྲུབ་བྱེད་ཚད་མ་སྡེ་བདུན་མདོ་དང་བཅས། །ཇི་བཞིན་ཁོང་དུ་ཆུད་ནས་རྒོལ་བ་ཀུན། །གཞོམ་ལ་སྨྲ་བའི་ཁྱུ་མཆོག་ཐོབ་པར་ཤོག །ཐར་པའི་གྲོང་དུ་བགྲོད་པའི་འཇུག་ངོགས་མཆོག །བསྟན་པའི་རྩ་བ་འདུལ་བ་འབུམ་སྡེའི་གཞུང༌། །ཐུབ་གསུང་དགོངས་འགྲེལ་བཅས་ཀུན་རྟོགས་གྱུར་ནས། །བག་ཡོད་སྤྱོད་པས་རྟག་ཏུ་འཚོ་བར་ཤོག །ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མ་དང༌། །སྐལ་ལྡན་རྗེས་འཛིན་བཟོ་གསོ་སྙན་དངགས་སོགས། །མ་ལུས་མཁས་པའི་དགའ་སྟོན་རིག་གནས་ཀུན། །ཇི་བཞིན་སྨྲ་ལ་འཇམ་དབྱངས་ལྟ་བུར་ཤོག །མདོར་ན་ཐུབ་པའི་གསུང་རབ་ཐམས་ཅད་དང༌། །ཤིང་རྟ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི། །རབ་འབྱམས་གཞུང་ལ་བློ་གྲོས་བྱང་གྱུར་ཏེ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་འདབ་བརྒྱའི་བཅུད། །ཟབ་རྒྱས་ལམ་གྱི་ཟིལ་དངར་ཡོངས་རྫོགས་པའི། །སྦྲང་རྩིའི་གཏེར་གྱིས་བདག་རྒྱུད་ཚིམ་གྱུར་ཏེ། །ཡང་དག་ལམ་བཟང་ལུས་སྟོབས་རྒྱས་པར་ཤོག །རྒྱུད་རྒྱལ་འདུས་པའི་གསལ་བྱེད་རྣམ་པ་བཞི། །བདེ་མཆོག་སྦས་པའི་དོན་ཀུན་གསལ་བའི་མིག །ཀུན་འདུས་དབང་གི་རྒྱལ་པོའི་ཟ་མ་ཏོག །དགོངས་འགྲེལ་བཅས་པའི་ཐོས་བསམ་མཐར་ཕྱིན་ཤོག །བསྙེན་སྒྲུབ་ཡན་ལག་བཞི་དང་ཏིང་འཛིན་གསུམ། །རིམ་པ་ལྔ་དང་རྣལ་འབྱོར་བཞི་ལ་སོགས། །གསང་བའི་གནད་ཀུན་རྫོགས་པར་བྱང་ཆུབ་སྟེ། །འགྲོ་ཀུན་ལམ་འདིས་སྒྲོལ་བའི་དཔལ་ཐོབ་ཤོག །བདག་གིས་བྱང་ཆུབ་བསྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་ནད་རིམས་གདོན་བགེགས་ཐམས་ཅད་དང༌། །ཁྱད་པར་སྙིང་ཁམས་དཀྲུགས་པའི་ནད་རིགས་སོགས། །ཁྱོད་ཞབས་དྲན་པས་མྱུར་དུ་ཞི་བར་མཛོད། །ཚེ་ཡི་འདུ་བྱེད་གཏོང་ཚེ་གནད་གཅོད་དང༌། །བར་དོ་གཤིན་རྗེའི་འཇིགས་སྐྲག་ཀུན་ཞི་ནས། །དགའ་ལྡན་མཁའ་སྤྱོད་ཆོས་ཀྱི་ཕོ་བྲང་དུ། །སྐྱེས་ནས་འཇམ་མགོན་ཡབ་སྲས་ཞལ་མཐོང་ཤོག །མགོན་ཁྱོད་རྨད་བྱུང་བཀོད་པར་སངས་རྒྱས་ཚེ། །འཁོར་གྱི་ཐོག་མར་གྱུར་ཏེ་རྒྱལ་སྲས་ཀྱི། །ཐབས་མཁས་སྤྱོད་པ་མ་ལུས་མཐར་ཕྱིན་ནས། །རྒྱལ་བ་སེངྒེ་ང་རོ་ལྟར་གྱུར་ཅིག ། ཅེས་དང༌། གཞན་ཡང་ཡོན་ཏན་གཞིར་གྱུར་མ་ལྟ་བུའི་སྒོ་ནས་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་ཤུགས་དྲག་བྱའོ། །དེ་ནས་གཏོར་མ་འབུལ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདི་ཉིད་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཟག་པ་མེད་པ་བདུད་རྩིའི་རང་བཞིན་མགྲོན་རྣམས་དགྱེས་ཤིང་ཚིམ་པར་བྱེད་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། །ཅེས་བྱིན་གྱིས་བརླབས། བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི་ཉིད་དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཆོས་སྒྲུབ་པའི་འགལ་རྐྱེན་ནད་རིམས་གདོན་བགེགས་སོགས་ཀྱིས་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་ཚེ་བསོད་སྟོབས་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་གཏོར་མ་དང་པོ་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕུལ། བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི་ཉིད་རྒྱལ་བའི་བསྟན་སྲུང་ཆེན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་རེ་མ་ཏི་དང༌། གནོད་སྦྱིན་བཞི་དམ་ཅན་ཆོས་ཀྱི་རྒྱལ་པོ་ཕྱོགས་སྐྱོང་བཀའ་སྡོད་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་སྒྲུབས། བསམ་པ་ཆོས་བཞིན་དུ་འགྲུབ་པའི་འཕྲིན་ལས་མཛོད་ཅིག ། ཅེས་གཏོར་མ་གཉིས་པ་ཆོས་སྐྱོང་ལ་ཕུལ། གཏོར་མ་གསུམ་པ་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་སའི་ལྷ་མོ་བརྟན་མ་སོགས་འཛམ་གླིང་སྐྱོང་བའི་ལྷ་ཀླུ་སྤྱི་དང༌། ཁྱད་པར་ཡུལ་ཁམས་ས་ཕྱོགས་དགོན་གནས་འདི་དག་བསྲུང་ཞིང་སྐྱོང་བའི་ལྷ་ཀླུ་གཞི་བདག་མི་མ་ཡིན་མཐུ་བོ་ཆེ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཆོས་ལྡན་གྱི་བྱ་བ་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛད་དུ་གསོལ། ། ཞེས་ཡུལ་ལྷ་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕུལ། དེ་ནས་འདོད་པའི་དོན་ལ་སླར་ཡང་གསོལ་བ་འདེབས་པ་ནི། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་མ་མ་ལུས་པ་འདུས་པའི་བདག་ཉིད་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། དེང་སྐྱབས་ཡུལ་ཚོགས་ཞིང་འཁོར་དང་བཅས་པ་གདན་འཛོམས་པའི་སྤྱན་སྔར་བདག་ཅག་རྣམས་ཀྱིས་ཕྱག་མཆོད་ཕུལ་བའི་དགེ་བའི་རྩ་བ་འདིའི་མཐུ་དང་ནུས་པ་ལ་བརྟེན་ནས། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་སླད་དུ་སྨོན་ལམ་དཔག་ཏུ་མེད་པ་ཇི་ལྟར་བཏབ་པ་དང༌། ཁྱད་པར་དུ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་སྔོན་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བར་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་འཁྲུངས་པའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་བདག་ཅག་སྙིགས་མའི་གདུལ་བྱ་རྣམས་ལ་ཐུགས་རྗེ་ཆེན་པོས་ཉེ་བར་གཟིགས་ནས་མི་མཇེད་འཇིག་རྟེན་གྱི་ཁམས་ཡོངས་སུ་བཟུང་སྟེ་བདག་ཅག་རྣམས་ཀྱི་དོན་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྔོན་རྒྱལ་སྲས་སྙིང་སྟོབས་ཆེན་པོར་སྐུའི་སྐྱེ་བ་བཞེས་པའི་ཚེ་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སྤྱན་སྔར་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་སྙིགས་མའི་དུས་སུ་ཟབ་མོ་དབུ་མའི་ལྟ་བ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་སྤེལ་བར་དམ་བཅས་ཤིང༌། བདག་ཅག་རྣམས་ཀྱི་དོན་དུ་སྨོན་ལམ་ཆེན་པོ་ཇི་ལྟར་བཏབ་པ་དང༌། ༸རྒྱལ་ཀུན་བརྩེ་ཆེན་ཡེ་ཤེས་སྒྱུ་འཕྲུལ་འཕགས་མཆོག་ཕྱག་ན་པདྨོས་རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་གངས་ཅན་གྱི་ལྗོངས་འདི་ཡོངས་སུ་བཟུང་སྟེ་བདག་སོགས་དམུ་རྒོད་གདུལ་དཀའི་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དོན་དུ་རླབས་པོ་ཆེའི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི་སྨོན་ལམ་རྒྱ་ཆེན་པོ་ཇི་ལྟར་འདེབས་པར་མཛད་པ་དེ་དག་ཐམས་ཅད་བདག་ཅག་རྣམས་ལ་ད་ལྟ་ཉིད་དུ་མངོན་སུམ་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་ཚོགས་ཞིང་འཁོར་དང་བཅས་པ་རྣམས་ཀྱི་ཐུགས་རྗེ་བདེན་པའི་བྱིན་གྱིས་རླབས་དང༌། བདག་ཅག་རྣམས་ཀྱི་དད་མོས་ཀྱི་མཐུ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་མཐུ་ལ་བརྟེན་ནས་བསྟན་འཛིན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང༌། མཛད་འཕྲིན་འཕེལ་བར་གྱུར་ཅིག །དགེ་འདུན་རྣམས་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་རྩ་བརྟན་ཅིང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཕུན་སུམ་ཚོགས་པ་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག །ནམ་དུ་ཡང་ཀླ་ཀློ་དང་མུ་སྟེགས་བྱེད་ལ་སོགས་པ་སྡིག་པའི་གྲོགས་པོའི་དབང་དུ་འགྲོ་བར་མ་གྱུར་ཅིག །བསྟན་པའི་སྦྱིན་བདག་ཀྱང་སྟོབས་འབྱོར་མངའ་ཐང་རིགས་རྒྱུད་དར་ཞིང༌། དཀོན་མཆོག་གསུམ་ལ་གུས་མཆོད་ལྷུར་ལེན་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ཅིག །ཡུལ་ཕྱོགས་འདིས་མཚོན་པའི་ཡངས་པའི་འཇིག་རྟེན་ཀུན་ཏུ་ནད་དང༌། ཡམས་དང༌། གནོད་པ་དང༌། ནད་འགོ་བ་དང༌། ཕ་རོལ་གྱི་དམག་ཚོགས་དང༌། མཚན་ལྟས་ངན་པ་དང༌། བཀྲ་མི་ཤིས་པའི་རིགས་སྐད་ཅིག་ཙམ་ཡང་མི་འབྱུང་བར་གྱུར་ཅིག །མ་རྒན་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཆོས་འབྱོར་དགའ་བདེ་མི་ཟད་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །མཁའ་ཁྱབ་ཀྱི་ཞིང་ཁམས་ཀུན་ཏུ་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། བཀྲ་ཤིས་ཀྱི་དགེ་མཚན་རྒྱ་ཆེན་པོ་རྒྱུན་མི་ཆད་དུ་འབྱུང་བར་གྱུར་ཅིག ། ཅེས་སྨོན་ལམ་བཏབ། གཞན་ཡང༌། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང༌། ཐོག་མཐའ་བར་དང༌། བདེ་བ་ཅན་གྱི་སྨོན་ལམ་སོགས་ལམ་གྱི་གནད་ཚང་བའི་སྨོན་ལམ་རྣམ་པར་དག་པས་རྒྱས་འདེབས་པ་གལ་ཆེ་ཞིང༌། དེ་དག་མ་ནུས་ཀྱང༌། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། ། ཞེས་སོགས་ཚིགས་བཅད་གཉིས་དང་། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོ། །ཞེས་སོགས་ཀྱི་དགེ་རྩ་བསྟན་འགྲོའི་དོན་དུ་བསྔོ། །དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང༌། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །རྙེད་བཀུར་དོན་གཉེར་ཚེ་འདིའི་སྣང་བ་དང༌། །རང་བདེ་འདོད་པའི་ཞི་བའི་སེམས་སྤངས་ནས། །འགྲོ་བའི་དོན་སེམས་བྱང་ཆུབ་སེམས་མཆོག་དང༌། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས། །རིགས་པའི་རྗེས་འབྲང་རྒྱལ་བའི་གསུང་རབ་དོན། །མ་ལུས་ཁོང་དུ་ཆུད་ནས་འགྲོ་བ་ཡི། །རྨོངས་པའི་མུན་ཆེན་སེལ་བར་བྱིན་གྱིས་རློབས། །རྣམ་མང་རྒྱུད་སྡེའི་དོན་ལ་ངེས་རྙེད་ནས། །ལམ་བཟང་མཐར་ཐུག་རིམ་གཉིས་ཟབ་མོའི་དོན། །ཕྱི་ནང་འགལ་རྐྱེན་ཀུན་གྱིས་གཡོ་མེད་པར། །རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས། །མདོར་ན་རྒྱལ་བའི་དམ་ཆོས་མཐའ་དག་དང༌། །ཁྱད་པར་དུ་ཡང་བླ་མེད་རྡོ་རྗེ་ཐེག །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་ནས། །འགྲོ་བའི་འདྲེན་པ་བགྱིད་པར་བྱིན་གྱིས་རློབས། །དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ། །འདྲེན་མཆོག་བླ་མ་ཁྱོད་དང་མི་འབྲལ་ཞིང༌། །མགོན་པོ་ཁྱོད་ཀྱི་ཐུགས་ཀྱི་བཅུད་ཕྱུང་བ། །ལེགས་བཤད་བདུད་རྩིའི་རོ་ཡིས་འཚོ་བར་ཤོག །གཞན་ཡང་བདག་གིས་བགྱིས་དང་བགྱིད་འགྱུར་བའི། །ལེགས་པར་སྤྱད་པ་ཇི་སྙེད་མཆིས་པ་ཀུན། །ཁྱོད་ཀྱིས་དགྱེས་བཞིན་རྗེས་སུ་འཛིན་པ་དང༌། །བཀའ་བཞིན་སྒྲུབ་པ་ཁོ་ནའི་རྒྱུར་གྱུར་ཅིག །ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག ། ཅེས་བརྗོད། གང་ཡང་བདག་བློ་རྨོངས་པ་ཡིས། ། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། ། ཞེས་སོགས་ཀྱིས་རྟེན་བཞུགས་བྱ་བའམ། ཡང་ན། ཚོགས་ཞིང་རྣམས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། གཙོ་བོ་ཡང་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པར་བསམ། མཇུག་ཏུ། ཆེ་བའི་ཆེ་མཆོག་སྟོན་པ་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག ། ཅེས་ཤིས་པ་བརྗོད་པའི་ཚིགས་བཅད་ཅི་རིགས་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཐུན་བཞིར་བྱེད་ཚེ། དཔལ་ལྡན་ས་གསུམ་མའི་ཚབ་ཏུ། རྟོགས་བརྗོད་འདུན་ལེགས་མ། རྣམ་དག་གངས་རི་མ། ལམ་རིམ་བསྡུས་དོན་རྣམས་རེས་མོས་དང༌། བཟང་སྤྱོད་སོགས་སྨོན་ལམ་རྣམས་ཀྱང་རེས་མོས་བྱེད་ཅིང༌། གཏོར་འབུལ་ཐུན་ཐ་མ་གཅིག་པུ་ལ་བྱས་པས་ཆོག་གོ ། སྨྲས་པ། ཡབ་གཅིག་འཇམ་མགོན་རྒྱལ་བའི་ཉི་མ་དང༌། །འཕགས་ཡུལ་པཎ་གྲུབ་རྒྱུ་སྐར་བྱེ་བའི་མགོན། །ཟུང་འབྲེལ་མཛད་འཕྲིན་སྣང་བའི་མུ་ཁྱུད་ཀྱིས། །དུས་མཐར་ཐུབ་བསྟན་མི་ཉམས་སྐལ་བཟང་བྱིན། །དེ་ཕྱིར་ཡོངས་རྫོགས་རྒྱལ་བསྟན་སྣང་བའི་དཔལ། །བསྟེན་འདོད་སྐལ་བཟང་ལྡན་པའི་སྐྱེ་བོ་དག །ཐུགས་རྗེ་བྱིན་རླབས་ཉི་མ་འོད་པོ་ཆེ། །འདྲེན་བྱེད་གསེར་གྱི་ཤིང་རྟ་བསྐུལ་བར་རིགས། །ཚུལ་འདིར་འབད་ལས་དགེ་བ་གང་ཐོབ་དེས། །ཚེ་རབས་ཀུན་ཏུ་དམ་པས་རྗེས་བཟུང་སྟེ། །ཚང་ལ་མ་ནོར་མདོ་སྔགས་ཟབ་རྒྱས་ལམ། །མི་ནུབ་ཕྱོགས་དུས་ཀུན་ཏུ་རྒྱས་བྱེད་ཤོག ། ཅེས་རྗེ་བདག་ཉིད་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཆོས་སྲུང་ཡེ་ཤེས་ཀྱི་མགོན་པོ་དང་བཅས་པ་ལ་ཕྱག་མཆོད་གསོལ་བ་འདེབས་པའི་ཚུལ་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་རྡོ་རམ་པ་བློ་བཟང་རབ་གསལ་གྱིས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་འཆང་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཁོ་ནས་ཉེ་འཚོ་བ། ཤཱཀྱའི་རྗེས་འཇུག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་རང་ཤག་ཆོས་འབྱོར་དགའ་ཚལ་དུ་བྲིས་པ་འདིས་ཀྱང་གསེར་ཞུན་ཅོད་པཎ་འཆང་བའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་བྱེད་ནུས་པར་གྱུར་ཅིག ། ༈ བསྟ༵ན་པའི་བདག་པོ་ཐུབ་དབང་རྡོ་རྗེ་འཆང༌། །བསྟ༵ན་འཛིན་རབས་བདུན་རྒྱན་དྲུག་མཆོག་གཉིས་ཀྱི། །བསྟ༵ན་པའི་སྲོལ་བཟང་ཉམས་མེད་འཆང་བ་ཡི། །བསྟ༵ན་འཛིན་གཙོ་བོ་འཇམ་མགོན་བླ་མ་རྒྱལ། །གང་དེའི་བཞེད་སྲོལ་མདོ་དང་རྒྱུད་སྡེ་ཡི། །འཆད་ཉན་བརྒལ་བརྟག་དབྱར་དཔལ་དར་བའི་སླད། །བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཆེ། །སྐུལ་བྱེད་ཐབས་མཁས་པར་གྱི་འཕྲུལ་འདི་བྱས། །དགེ་བས་རྒྱུ་སྦྱོར་ཕ་མ་ཡིད་ཅན་ཀུན། །ཚེ་རབས་དམ་པའི་བཤེས་ཀྱི་མགོན་དང་བཅས། །བསླབ་གསུམ་སྤོང་བདུན་གྱིས་བརྒྱན་ས་ལམ་ཀུན། །རབ་མྱུར་ཟུང་འཇུག་རྒྱལ་སར་དབང་བར་ཤོག །དགའ་ལྡན་ལུགས་བཟང་གུས་མཆོད་ཕོ་བྲང་དུ། །ཆོས་དང་སྲིད་ཀྱི་འབྱོར་པ་བྱུར་བུར་སྤུངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་ཆེན་སྒྲ། །སྲིད་མཐའི་བར་དུ་ཆེས་ཆེར་སྒྲོག་པར་ཤོག །འཇམ་དཔལ་ངག་གི་དབང་ཕྱུག་བློ་བཟང་གི །ཡེ་ཤེས་སྒྱུ་འཕྲུལ་བསྟན་པ་འཛིན་པའི་གཉེན། །འཕྲིན་ལས་རྒྱ་མཚོས་སྲིད་པ་གསུམ་ལ་དབང༌། །རབ་བསྒྱུར་མཚུངས་པ་མེད་པའི་སྡེ་ཐོབ་ཤོག །ཁྱད་པར་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི། །འཆད་ཉན་ལང་ཚོ་དར་བའི་སྨིན་ལེགས་མས། །ཞྭ་སེར་གཞན་ཕན་ཆགས་ལྡན་སྐྱེས་བུ་ཡི། །མངོན་དགའ་བསྒྲུབ་ལ་ནམ་ཡང་ལྷོད་མེད་ཤོག །དེ་ལས་ཐུབ་བསྟན་འཕེལ་བའི་དགེ་མཚན་ནི། །ཉི་མ་ཟླ་བའི་གཟི་བྱིན་ལ་འགྲན་བཞིན། །མཐའ་དག་སྐྱེ་རྒུའི་མུན་པ་སེལ་བ་དང༌། །མངོན་མཐོ་ངེས་སོགས་ལམ་བཟང་གསལ་བྱེད་ཤོག ། ཅེས་པའི་སྨོན་ཚིག་འདི་ནི། བསླབ་གསུམ་རྒྱན་གྱིས་མཛེས་པ་རྨ་ཁམས་དགོན་སར་གྱི་གྲྭ་རིགས་རྒྱུད་སྟོད་གྲགས་པ་དགེ་བསོད་ནམས་དབང་ཕྱུག་ལགས་ནས་སྔོན་འཁོད་པར་མར་ཡིག་ནོར་ཆེ་རྐྱེན་ཞུས་དག་དང་འབྱིན་འཇུག་གང་དགོས་པར་གསར་བསྐྲུན་གྱི་དགེ་བསྔོའི་སྨོན་ཚིག་བཅས་དགོས་ཞེས་རབ་དཀར་ལྷ་རེག་རྟེན་དང་བཅས་ཇི་ལྟར་བསྐུལ་མ་མཛད་པ་ལྟར་བྲིས་ནོར་བསལ་ཞིང༌། མེད་མི་རུང་གི་ཚིག་སྣ་འགའ་ཞིག་གསར་འཇུག་དང་བཅས་སེར་བྱེས་ཆོས་ལྡན་སྤྲུལ་སྐུས་རྭ་ཆེ་གཙུག་ལག་གི་ཉེ་འདབས་སུ་སུག་ལས་སུ་བགྱིས་པ་དགེ་ལེགས་འཕེལ། ། ༈ བདུད་ཚར་གཅོད་པའི་སྔགས། ཏདྱ་ཐཱ། ཤ་མེ། ཤ་མ་བ་ཏི། ཤ་མི་ཏ་ཤཱ་ཏྲུཾ། ཨཾ་ཀུ་རཻ། མཾ་ཀུ་རེ། མ་ར་ཛི་ཏེ། ཀ་རོ་ཊི། ཀེ་ཡཱུ་རེ། ཨཱུ་ཀོ་ཧཱ་ཡ་ཏི། བི་ཤ་ཐ་ནིརྨ་ལེ། མ་ལཱ་པ་ན་ཡེ། ཨུ་ཁ་རེ། ཁ་རོ་གྲ་སེ། གྲ་ས་ནེ། ཧཱི་མུ་ཁི། བ་རཱ་མུ་ཁཱི། ལཱ་མུ་ཁཱི། ཤ་མི་ཏཱ་ནི། སརྦ་གྲ་ཧ། བནྡྷ་ནཱ་ནི། ནེ་གྲེ་ཧཱི་ཏྭཱ། སརྦ་མཱ་ར་པྲ་བཱ་དི་ནོ་མི་མུཀྟྭཱ་མཱ་ར་པྲ་ཤཱཔྟཱ་རི་ཏཱ། བུདྡྷ་མུ་དྲཱ། ས་མུདྒྷ་ཏི་ཏཱ། སརྦ་མཱ་ར་ཀརྨ་ཎི། ༈ བསྟན་པ་ཡུན་རིང་དུ་འབར་བའི་སྔགས། ཏདྱ་ཐཱ། ཨ་བ་མཱུ་ཀེ མི་མཱུ་ཀེ བི་ར་ཛ་མཱུ་ཀེ བ་ར་མཱུ་ཀེ ཙ་ལ་བ་ཏི། ཨ་ཧི། མ་ཧི་དྭ་བ་ཏི། མཧཱ་དྲེ་དྷེ། སུ་མ་བྷ་ར་བི། ཛ་ཀ་ལི་མཛྫུ་ལེ། ཨུཙྪ་མི་ཥེ་ཎ་ག་མེ། ཛྭ་ལེ་ཛྭ་ལ་མཱ་ནི་ནི་བ་ས་སྭཱཧཱ།། །།

[1] https://chodenrinpoche.com/13-literary-works-category/ritual-category/63-sbs-006

Leave a Reply

Your email address will not be published. Required fields are marked *