༄༅། །རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད།

 

༄༅། །རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད་ཅེས་བྱ་བ་བཞུགས་སོ།།[1]

༼མཛད་པ་པོ། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོ།༽

 

ཐུབ་གསུང་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད། །སྟོང་ཐུན་སྙིང་ཁར་བསྡུས་པའི་མན་ངག་མཁན། །བདག་པས་གཞན་ཉིད་གཅེས་ལ་མངའ་བརྙེས་པའི། །རྒྱལ་སྲས་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །རྒྱ་གར་ནུབ་ཕྱོགས་འཁོར་མོ་བཟང་ཞེས་ཡུལ། །ཆོས་ལྡན་རྒྱལ་པོ་དགེ་བ་གོ་ཆ་ཡི། །སྲས་པོ་ཞི་བའི་གོ་ཆ་ཞེས་བྱ་བར། །བསམ་བཞིན་འཁྲུངས་པར་མཛད་ལ་གསོལ་བ་འདེབས། །

ཡུམ་གྱི་བཀས་བསྐུལ་བྷཾ་ག་ལ་རུ་སོང་། །ནགས་ཚལ་དབུས་སུ་མཚན་ལྡན་བླ་མར་མཇལ། །རྟ་དང་བདག་འབུལ་འཇམ་དཔལ་སྒྲུབ་ཐབས་ཞུས། །ལྷ་ཞལ་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །འཇམ་དབྱངས་བཀའ་ཡིས་ནཱ་ལེནྡ་རུ་སོང་། །པཎྜི་ཏ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་། །ཞི་བའི་ལྷར་བཏགས་སྡེ་སྣོད་གསུམ་སྦྱངས་པས། །མདོ་སྔགས་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །རྩེ་གཅིག་བསྒོམས་པས་ས་ལམ་མཐོན་པོར་བྱོན། །འཆད་རྩོད་རྩོམ་པ་ཀུན་ལ་མཁས་གྱུར་ཀྱང་། །ཕྱི་ཡི་ཀུན་སྤྱོད་བྷུ་སུ་ཀུ་པ་ཡི། །སྤྱོད་པ་འབའ་ཞིག་མཛད་ལ་གསོལ་བ་འདེབས། །མདོ་འདོན་རེས་བབས་དགེ་འདུན་ཚོགས་དབུས་སུ། །ཉམས་སད་ཁྲི་མཐོར་ཐོགས་མེད་འཕྲུལ་གྱིས་གཤེགས། །བྱང་སེམས་བསླབ་སྡོམ་སྤྱོད་འཇུག་གསུང་བཞིན་དུ། །མཁའ་ལ་ཇེ་མཐོར་གཤེགས་ལ་གསོལ་བ་འདེབས། །དེ་ནས་ཤར་ཕྱོགས་རྩོད་འཁྲུགས་ཆེར་བྱེད་ཡུལ། །འགྲོ་ཀུན་རྫུ་འཕྲུལ་གྱིས་འདུམ་བདེ་ལ་བཀོད། །ལྟ་ལོག་ལྔ་བརྒྱ་ཞག་བདུན་ཟན་ཆད་ཀུན། །ལྷུང་བཟེད་འབྲས་བཀང་གཅིག་གིས་ཚིམ་མཛད་དེ། །ལྟ་ངན་སུན་ཕྱུང་བསྟན་པའི་སྒོར་བཙུད་དོ། །གཞན་ཡང་མུ་གེས་ཉམ་ཐག་སྤྲང་པོ་སྟོང་། །བྲུ་བ་ཚ་བས་འཆི་བར་ཐུག་པ་ལ། །འཚོ་སྦྱོར་ཆོས་བསྟན་མཛད་ལ་གསོལ་བ་འདེབས། །མི་བསྲུན་མང་པོས་ཉེར་གཙེས་རྒྱལ་པོ་ཞིག །འཁོར་བཅས་བརྩེ་བས་བསྲུང་སྐྱོབ་བདེར་བཀོད་ཚེ། །ཕྱག་མཚན་ཤིང་རལ་འོད་ཀྱིས་སྤྱན་འབྲས་ལྷུང་། །སླར་བཅུག་གདམས་ངག་གནང་ལ་གསོལ་བ་འདེབས། །མུ་སྟེགས་འདུལ་ཕྱིར་སྤྲང་པོའི་ཆ་བྱད་མཛད། །མོ་ཡིས་ཁྲུད་ཟེགས་ཞབས་ཕོག་ཁོལ་བར་མཐོང་། །མུ་སྟེགས་ཚར་བཅད་དབང་ཕྱུག་དཀྱིལ་འཁོར་འཐོར། །ཆོས་ཁྲིམས་དར་བར་མཛད་ལ་གསོལ་བ་འདེབས། །དེ་ལྟར་ངོ་མཚར་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་ཅིང་གསོལ་བཏབ་མཐུས། །བདག་གཞན་མ་རྒན་གཅེས་འཛིན་རྒུད་པ་ལས། །གྲོལ་ཏེ་རིང་མིན་བྱང་ཆུབ་མྱུར་ཐོག་ཤོག །ཅེས་བདག་ཉིད་ཆེན་པོ་རྒྱལ་སྲས་ཞི་བའི་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་ཅིང་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་སྐལ་བཟང་དགའ་བྱེད་ཅེས་བྱ་བ་འདི་ནི། བཙུན་གཟུགས་བློ་བཟང་ཆོས་འཛིན་གྱིས་མགོན་པོ་འདི་ཉིད་ལ་དད་གུས་བག་ཙམ་གྱིས་མཚམས་སྦྱར་ཏེ་རང་གི་ཁ་འདོན་དུ་སྦྱར་བའོ། །དགེ་ལེགས་འཕེལ། །ལྷག་པའི་ལྷ་མཉེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང་། །རྒྱལ་པོ་མུ་སྟེགས་བཏུལ་བ་སྟེ། །ངོ་མཚར་ཡོན་ཏན་བདུན་ལྡན་པའི། །ཤཱནྟ་དེ་བར་གུས་ཕྱག་འཚལ། །བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས། །མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །བདག་ཆེད་དཀའ་སྤྱོད་སྤྱད་མཐོང་ཚེ། །སྡང་དགྲས་མཆི་མ་ཤོར་སྙམ་པའི། །མ་རྒན་ཡོངས་ལ་སྙིང་རྗེའི་སེམས། །བཅོས་མིན་སྐྱེ་བར་བྱིན་གྱིས་རློབས། །ཞེས་པའང་ཆོས་མིང་པས་སྦྱར་བ་དགེ་ལེགས་འཕེལ།།  །།

 

[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། སྐལ་བཟང་དགའ་བྱེད། དཔེ་རིང་། ཤོག་ ༡ན༡ ནས་ ༢ན༦ བར།

Leave a Reply

Your email address will not be published. Required fields are marked *