༄༅། །རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ།

དང་པོ། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་ཚོགས་ཕྱོགས་བསྡུས།

 

༄༅། །རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ།[1]

 

༼འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པ།༽

 

ཨོཾ་སྭསྟི་སི་དྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཞུང་ལུགས་མི་འདྲའི་ཆུ་བོ་བརྒྱ་འགྱེད་ཅིང་། །རིགས་ཚོགས་སྤོབས་པའི་རྦ་རླབས་སྟོང་འཕྲོ་བ། །ཡོན་ཏན་རིན་ཆེན་ཁྲི་ཕྲག་གིས་བརྒྱན་པའི། །ཀླུ་སྒྲུབ་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །བསོད་ནམས་དམ་པའི་པད་རྫིང་གིས་བསྐྲུན་ཞིང་། །སྨོན་ལམ་དག་པའི་ཆུ་སྐྱེས་ལས་འཁྲུངས་ལ། །སྲིད་དང་ཞི་བའི་དཔལ་འབྱོར་གྱིས་འཕགས་པ། །ལྷ་མཆོག་རྣམས་ཀྱི་བླ་མར་གྱུར་ལ་འདུད། །གང་ཞིག་ཐོགས་དང་ཐོགས་བྱའི་ཆོས་རྣམས་ཀུན། །འོད་གསལ་ཆེན་པོའི་ངང་དུ་ཆུད་པས་ན། །

གཟིགས་པ་སྒྲིབ་མེད་བརྩེ་བས་ཀུན་ཆགས་པ། །ཇི་བཞིན་སྣང་མཛད་སྨྲ་བའི་ཉི་མར་འདུད། །མང་དུ་སྦྱངས་པས་མཁྱེན་པའི་དཀྱིལ་འཁོར་རྒྱས། །སྤོབས་པས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །རིགས་པའི་ཟེར་གྱིས་གཞན་གཞུང་ཚང་ཚིང་སྲེག །དབྱིག་གཉེན་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །ཡོན་ཏན་ལུས་རྫོགས་སྤོབས་པའི་སྟོབས་ཀྱིས་རྩེན། །རྣམ་དཔྱོད་རྩལ་ལྡན་རིག་པའི་མཆེ་བ་ཅན། །རྒོལ་བ་འདམ་བུའི་གྲོང་བཞིན་རྩ་ནས་འཇོམས། །བསྟན་པའི་ཁུར་ཁྱེར་ཕྱོགས་གླང་ཞབས་ལ་འདུད། །ལུགས་བཟང་རི་བོའི་སྤོ་ལ་གནས་བཅས་ཤིང་། །བློ་གྲོས་ལུས་རྒྱས་རིགས་པའི་མཆེ་སྡེར་གྱིས། །རྒོལ་བ་གླང་པོའི་སྤོབས་པའི་ཀླད་འགེམས་པ། །ཆོས་ཀྱི་གྲགས་པ་འཇིགས་མེད་སེང་གེ་རྒྱལ། །རིང་དུ་སྦྱངས་པས་ཤེས་བྱ་ཀུན་མཁྱེན་ཅིང་། །བརྩོན་པས་བསྒྲུབས་པས་ཟབ་མོའི་དངོས་གྲུབ་བརྙེས། །མཐུ་དང་ནུས་པས་མུ་སྟེགས་བདུད་ལས་རྒྱལ། །འཇིགས་མེད་དཔལ་ལྡན་ཆོས་སྐྱོང་ཞབས་ལ་འདུད། །འདུལ་བ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །དུལ་བའི་ཡོན་ཏན་དཔལ་གྱི་གཟི་ཆེ་བས། །འཆལ་ཚུལ་སྨག་རུམ་སེལ་བའི་འོད་མཛད་པ། །ལྷ་ཡི་ཚོགས་ཀྱིས་བཏུད་པ་དེ་ལ་འདུད། །[2]ཁྱོད་ཐུགས་བསྐལ་པ་དུ་མར་རབ་སྦྱངས་པས། །ཤེས་བྱ་མ་ལུས་ཇི་བཞིན་ཡོངས་སུ་མཁྱེན། །སྐད་གཉིས་སྨྲ་བས་གངས་ཅན་གསལ་མཛད་པ། །རིན་ཆེན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །[3]ཞེས་པ་འདི་ཆོས་རྒྱལ་འཕགས་པས་མཛད་པའོ།།  །།

[1] ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༥༣

[2] ས་སྐྱ་བཀའ་འབུམ། ༼པ༽ འགྲོ་མགོན་ཆོས་འཕགས་བློ་གྲོས་རྒྱལ་མཚན་གྱི་གསུང་རབ། གླེགས་བམ་དང་པོ། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༩༩ ཐོག་མཆོག་བརྒྱད་ཀྱི་བསྟོད་པ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་པ་རྫོགས་སོ། །ཞེས་མཛད་བྱང་དང་མཚན་བྱང་གཉིས་ཀ་མཐུན་པར་གསལ་ལོ།།

[3] ཆོས་སྤྱོད་ཁག་ཏུ་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་དང་། སྒྲུབ་ཐབས་ཀུན་བཏུས་སུ་རྒྱན་དྲུག་མཆོག་བརྒྱད་ཀྱི་བསྟོད་པ། ཞེས་རིགས་གཉིས་དང་། ལོ་ཆེན་རིན་ཆེན་བཟང་པོའི་བསྟོད་ཕྱག་ཚིགས་སུ་བཅད་པ་ཡོད་མེད་རིགས་གཉིས་མཆིས་སོ།།

Leave a Reply

Your email address will not be published. Required fields are marked *