༄༅། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ།

༄༅། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ།[1]

༼དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པ།༽

བསྐལ་བཟང་རྣམ་འདྲེན་གཞན་གྱིས་ཡོངས་སྤངས་པའི། །གདུལ་དཀའི་ཞིང་འདི་བཟུང་ཚེ་མགོན་པོ་ཁྱོད། །རྒྱལ་བ་ཀུན་གྱིས་པད་དཀར་ལྟར་བསྔགས་པ། །བཅོམ་ལྡན་ཤཱཀྱ་སེངྒེར་གུས་པས་འདུད། །མཁས་པའི་མཐར་སོན་ཤེར་ཕྱིན་སྤྱན་དྲངས་ཏེ། །དབུ་མའི་སྲོལ་ཕྱེ་ཆོས་སྒྲ་གསུམ་བསྒྲགས་པས། །འཛམ་གླིང་འདི་ན་སངས་རྒྱས་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །

མི་ཕམ་ཞལ་གཟིགས་ཆོས་རྒྱུན་ཏིང་འཛིན་བརྙེས། །དགའ་ལྡན་གནས་སུ་མན་ངག་ཀུན་གསན་ཏེ། །གཟུང་འཛིན་གཉིས་མེད་ཤིང་རྟའི་སྲོལ་འབྱེད་པ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །བདེན་གཉིས་ཤེས་བྱའི་དེ་ཉིད་སྟོན་པའི་གཞུང་། །འབུམ་སྡེ་དགུ་བཅུ་གོ་དགུས་མགུལ་བརྒྱན་ཅིང་། །རང་གཞུང་གྲུབ་མཐའ་རྒྱ་མཚོའི་མཐར་སོན་པ། །མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །སིང་ག་ལར་འཁྲུངས་འཕགས་པས་རྗེས་སུ་བཟུང་། །གྲུབ་པ་མཆོག་བརྙེས་ལུང་དང་རིགས་པ་ཡིས། །ལོག་སྨྲ་ཚར་གཅོད་ཡང་དག་ལམ་བསྟན་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དཔལ་དབྱངས་ཀྱིས་དགྱེས་བཞིན་རྗེས་བཟུང་བས། །ཕྱི་ནང་གཙུག་ལག་མ་ལུས་ཐུགས་སུ་ཆུད། །ཡང་དག་རིགས་པས་ལྟ་ངན་དྲུངས་འབྱིན་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་སྟོབས་རིགས་པ་སེངྒེའི་ང་རོས་ཡིས། །སྨྲ་ངན་མུ་སྟེགས་གཉིས་འཐུང་ཀུན་འཇོམས་ཤིང་། །ཐུབ་བསྟན་གངས་རི་སྐྱོང་བའི་དཔལ་ཡོན་ཅན། །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་འཁྲུངས་རྒྱལ་པོའི་མཆོད་གནས་མཛད། །དགུང་ལོ་བཞི་བརྒྱར་བསྟན་འགྲོའི་དོན་མཛད་ཅིང་། །ཡོད་སྨྲ་འདུལ་འཛིན་ཀུན་གྱི་གཙུག་ནོར་མཆོག །ཡོན་ཏན་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །འདུལ་བ་འབུམ་སྡེའི་གཞུང་གི་མཐར་སོན་ནས། །དགག་སྒྲུབ་གནང་བའི་བཅས་པ་མ་ལུས་པ། །སྟོན་ལ་ཐུབ་དབང་གཉིས་པ་ལྟར་གྱུར་པ། །ཤཱཀྱ་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་འཛམ་གླིང་ནོར་འཛིན་ཐིག་ལེ་ནི། །མཛེས་པར་བྱེད་གང་རྒྱན་དྲུག་མཆོག་གཉིས་ཏེ། །དེ་དག་བསྔགས་པའི་དགེ་འབྲས་ཨ་མྲྀ་ཏ། །འགྲོ་བའི་བདེ་སྐྱིད་སྲོག་འཚོའི་སྨན་དུ་ཤོག །ཅེས་ཆོས་ཀྱི་གྲགས་པའི་བསྟོད་པ་ཡན་ཆད་གསུང་རྩོམ་དང་། དེ་མན་ཕྲན་གྱིས་ཁ་བསྐང་བའོ།།  །།

[1] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། པོད། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡ན༢ ནས་ ༣༡བ༦ བར།

Leave a Reply

Your email address will not be published. Required fields are marked *