༄༅། །འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག

༄༅། །འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་

ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་

འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་

ཞེས་བྱ་བ་བཞུགས་སོ།།[1]

 

༼ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད།༽

 

༡༽ མཐའ་བྲལ་ལྟ་བའི་དགའ་སྟོན་གྲུ་བོ་ཆེར། །ཞུགས་པས་མ་ཚིམ་གསང་སྔགས་སྦས་པའི་གཏེར། །མི་ཟད་འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར། །ཀླུ་སྒྲུབ་གདེངས་ཅན་དབང་པོའི་ཞབས་ལ་འདུད། །ཐུབ་དབང་ཀུན་གསལ་ནོར་བུ་ནུབ་རིའི་རྩེར། །འོད་གསལ་གོས་དམར་གྱིས་གཟིམས་མ་བཟོད་ནས། །བཞི་བརྒྱའི་ལོ་གྲངས་ཤར་རིའི་ཅོད་པན་ལས། །ཀླུ་སྒྲུབ་སྨྲ་བའི་ཟླ་བ་ཤར་འདི་མཚར། །ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་སྒྲུབ་ཅེས། །གྲགས་དཀར་བ་དན་སྲིད་འདིར་མ་ཤོང་བར། །ཉི་ཟླའི་བུ་མོས་ཤིང་རྟའི་རོལ་རྩེད་ལས། །རྒྱ་མཚོའི་འགྲམ་ནས་ནམ་མཁའི་མཐོངས་སུ་ཁུར། །

༢༽ ཀླུ་སྒྲུབ་ཆེན་པོའི་སྲས་ཀྱི་ཚུལ་བཟུང་ནས། །ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་བརྙེས། །ངེས་གསང་ཐེག་ཆེན་བསྟན་པ་རྒྱས་མཛད་པ། །རྒྱལ་གཉིས་ཨཱརྱ་དེ་བའི་ཞབས་ལ་འདུད། །མཁྱེན་དཔྱོད་ཤིང་རྟ་ཡོངས་དྲངས་ཀླུ་སྒྲུབ་གཞུང་། །རྟ་དམར་འཆར་ཁའི་འོད་ཀྱིས་ཏིར་རི་ཀའི། །རྣམ་དཔྱོད་ཨུཏྤལ་ཟུམ་འདི་ཟླ་ཟེར་གྱི། །འོད་དཀར་ཐིགས་པས་བརྟུལ་བའི་འདབ་སྟོང་བཞིན། །ཐུབ་བསྟན་དབང་ཕྱུག་གྲུབ་མཐའ་འབེན་བཙུགས་ནས། །རྣམ་དག་མཁྱེན་དཔྱོད་ལུང་རིག་འཕྲུལ་འཁོར་གྱིས། །དྲེགས་ལྡན་མ་ཁོལ་རྣམ་གསུམ་ཕྱེར་འཐག་ཚེ། །གྲགས་སྙན་ནམ་མཁའི་འཇའ་ཚོན་སུ་ཡིས་བསུབ། །

༣༽ དབེན་པའི་ནགས་ཚལ་ནང་དུ་དཀའ་ཐུབ་མཛད། །བྱམས་པའི་ཞལ་གཟིགས་མཐར་ཐུག་བསྟན་པ་སྤེལ། །རྣམ་འདྲེན་རྒྱལ་བའི་ལུང་བསྟན་ས་གསུམ་བརྙེས། །སྨྲ་དབང་འཕགས་པ་ཐོགས་མེད་ཞབས་ལ་འདུད། །རྡོ་རྗེའི་མེ་ཆར་ཕོག་པས་ཨུཏྤལ་ལ། །སྔོན་པོའི་ཚལ་ལ་སོ་ཡིས་ཆར་པ་བཞིན། །ལྟ་ངན་རལ་པའི་ཐོར་ཅོག་ངོ་ཚ་ནས། །ཐེམ་སྐབས་ལྕགས་རིའི་འོག་ཏུ་ཡིབས་སམ་སྙམ། །མཐར་ཐུག་ལྟ་བའི་ང་རོ་སྒྲོགས་པ་ལས། །མ་རྟོགས་གྲུབ་མཐའི་ཆུ་ཤིང་སྡོང་པོ་ལ། །སྔོན་མེད་འབྲས་བུ་སྨིན་ཞེས་རྟོགས་གེ་བའི། །གཏམ་གྱི་འུར་ཆེན་རྫུན་གྱི་མཚང་དུ་རྟོལ། །

༤༽ བསོད་ནམས་ཡེ་ཤེས་གཏིང་མཐའ་མི་མངོན་ཞིང་། །སྤངས་རྟོགས་ཡོན་ཏན་ནོར་བུའི་ཚོགས་ཀྱིས་གང་། །རྒྱ་ཆེན་འཕྲིན་ལས་རླབས་འཕྲེང་གཡོ་བ་ཡི། །སློབ་དཔོན་ཆེན་པོ་དབྱིག་གཉེན་ཞབས་ལ་འདུད། །གང་གི་གཅེན་པོ་འཕགས་པ་ཐོགས་མེད་ལས། །ཐེག་ཆེན་མདོ་རྣམས་ལན་གཅིག་གསན་པས་ཀྱང་། །མ་ལུས་ཐུགས་སུ་ཆུད་ཅེས་གྲགས་དཀར་གྱི། །སྙན་པའི་བ་དན་སྲིད་པའི་ཁོང་ན་ཁྱབ། །རྣམ་འདྲེན་རྒྱལ་བའི་ཉི་མ་ནུབ་རྗེས་སུ། །མང་ཐོས་འོད་དཀར་བྱེ་བའི་འོད་ཡུག་ཅན། །ཆོས་ཀྱི་རྟ་ལྗང་འདི་འདྲ་མ་བྱུང་ཞེས། །ས་སྟེང་གྲགས་པས་ཁྱབ་པ་ཨེ་མ་མཚར། །

༥༽ རྣམ་དཀར་ཚོགས་གཉིས་བསྐལ་པར་གོམས་པའི་ཚུལ། །སྒྲུབ་བྱེད་རིག་པའི་གློག་འཕྲེང་འཁྱུག་ཙམ་གྱིས། །ལྟ་ངན་ལོག་སྨྲའི་བྲག་རི་མཐར་མཛད་པ། །མཁས་པའི་གཙུག་རྒྱན་ཕྱོགས་ཀྱི་གླང་པོར་འདུད། །རྒྱལ་དགོངས་བྲལ་བའི་ཚིགས་བཅད་བྲིས་ཙམ་གྱིས། །ནོར་འཛིན་བུ་མོའི་ལུས་ཀྱི་འཁྲི་ཤིང་འདར། །སྒྲ་དང་འོད་ཀྱིས་མུ་སྟེགས་མཁས་རྣམས་ཀྱང་། །ཤིང་ལྟར་རེངས་པར་གྱུར་ཅེས་གྲགས་པས་ཁྱབ། །བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་ཡི། །ཚད་མ་མདོ་ཡི་ཚིག་ཟུར་རེ་རེའི་དོན། །ཆོས་ཀྱི་གྲགས་པའི་རྣམ་གྲངས་མཐའ་ཡས་པས། །རྣམ་པར་བཀྲལ་བའི་རྟོགས་བརྗོད་བསམ་གྱི་ཁྱབ། །

༦༽ རྒྱལ་སྲས་དབང་པོ་ཀུན་ཏུ་བཟང་པོ་ཡིས། །རྒོལ་ངན་ཚར་གཅོད་སླད་དུ་སྐུ་སྤྲུལ་བ། །རྒྱལ་བའི་ལུང་བསྟན་སྡོམ་བརྩོན་སྔགས་གྲུབ་པའི། །ཆོས་ཀྱི་གྲགས་པའི་ཞབས་ལ་སྤྱི་བོས་འདུད། །རྨད་བྱུང་ཏིང་འཛིན་སྒོ་བརྒྱ་མངོན་དུ་བརྙེས། །ཕུལ་བྱུང་གསུང་རབ་དགོངས་འགྲེལ་ཇི་སྙེད་དང་། །ལེགས་བཤད་བདུད་རྩིའི་རྒྱུན་གྱིས་ཉིན་རེ་བཞིན། །ཁྱོད་ཐུགས་དབྱར་མཚོ་རྒྱས་པ་སྙིང་ལ་དྲན། །བདེན་བཞི་ཚུལ་བཞིན་འདོམས་པ་ཐུབ་པའི་གསུང་། །མ་རྟོགས་ཐེ་ཚོམ་གཅོད་པ་རིག་པའི་གཞུང་། །མ་ནོར་ཇི་བཞིན་འཆད་པ་ཟླ་མེད་མཆོག །ཆོས་ཀྱི་གྲགས་པའི་རྣམ་ཐར་བསམ་མི་ཁྱབ། །

༧༽ ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །ས་གསུམ་འོད་ཀྱི་སྣང་བ་རབ་རྒྱས་པས། །འདུལ་བ་འབུམ་སྡེའི་པད་ཚལ་བཞད་པའི་གཉེན། །འཕགས་པ་ཡོན་ཏན་འོད་ལ་སྤྱི་བོས་འདུད། །རིགས་རུས་ཡོན་ཏན་འབྱོར་པའི་ཆུ་གཏེར་དབུས། །བསླབ་གསུམ་གེ་སར་དགོད་པའི་འདབ་སྟོང་ཅན། །འདུལ་འཛིན་ཆུ་སྐྱེས་དབུས་ན་འོད་འབར་བ། །ཡོན་ཏན་འོད་ཅེས་གྲགས་པའི་བ་དན་གཡོ། །ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་བསྟེན་ནས། །རང་གཞན་གྲུབ་པའི་མཐའ་ལ་ཕ་རོལ་སོན། །དགུང་ལོ་བཞི་བརྒྱར་བསྟན་འགྲོའི་དོན་མཛད་ཅེས། །འཆི་མེད་གྲུབ་པའི་གོ་འཕང་བརྙེས་འདི་རྨད། །

༨༽ ཕུན་ཚོགས་མང་ཐོས་སྤྱན་གྱིས་སྡེ་བཞིའི་ལུང་། །དགག་སྒྲུབ་གནང་བའི་ལམ་ནས་ཐར་འདོད་ཀུན། །ཞི་བའི་དཔལ་ལ་འགོད་པའི་དྲང་སྲོང་ཆེ། །ཤཱཀྱ་འོད་ལ་གུས་པས་ཆེན་པོས་འདུད། །སྡེ་བཞིའི་ལུང་གི་ཆུ་གཏེར་ཆེན་པོ་ལས། །ཚུལ་ཁྲིམས་འཕགས་པའི་གཅེས་ནོར་རིན་ཆེན་ཚོགས། །འདྲེན་བྱེད་འོད་ལྡན་ལེགས་བཤད་གྲུ་གཟིངས་མཆོག །སྦྱིན་མཛད་དེད་དཔོན་ཤཱཀྱ་འོད་ཅེས་གྲགས། །འཕགས་ཡུལ་ནཱ་ལེན་དྲ་ཡི་སློབ་དཔོན་མཆོག །བསོད་ནམས་གྲགས་པའི་མཚན་ལས་རབ་ཏུ་བྱུང་། །གྲུབ་པའི་མཆོག་གྱུར་ཞི་བ་འོད་བསྟེན་ནས། །མཁས་ཚུལ་གསུམ་གྱིས་ནོར་འཛིན་ཁྱབ་ཅེས་གླེང་། །

སྨྲས་པ། རྒྱན་དྲུག་མཆོག་གཉིས་ཡོན་ཏན་ནམ་མཁའི་མཐའ། །བློ་ཆུང་སོར་མོས་འཇལ་བའི་གཟིགས་མོ་ལ། །སྲས་བཅས་རྒྱལ་བ་བཞད་པས་སྟོང་གསུམ་གྱི། །འཇིག་རྟེན་འདི་ཀུན་ཚངས་པའི་དབྱངས་ཀྱིས་ཁྱབ། །རྣམ་མང་མཁས་པའི་དེད་དཔོན་འཇུག་པའི་ངོགས། །འཛམ་གླིང་རྒྱན་དྲུག་རྣམ་ཐར་རྒྱ་མཚོ་ཡི། །གཏིང་མཐའ་གཞལ་བར་དཀའ་ཡང་སྙན་ཚིག་གི །ལམ་ནས་དྲངས་པའི་རིན་ཆེན་ཚར་དུ་དངར། །རྒྱ་བོད་མཁས་པའི་གཞུང་ལུགས་ཕལ་མོ་ཆེ། །སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི། །རྨད་བྱུང་རྟོགས་བརྗོད་ནོར་བུའི་སེ་མོ་དོ། །བློ་གྲོས་ལང་ཚོ་རྒྱས་པའི་རྒྱན་དུ་འོས། །འཕགས་པའི་མཁྱེན་རབ་རྟ་བདུན་གྱིས་དྲངས་པའི། །བསྟོད་ཚོགས་གཞུང་གི་ཉི་མ་གཞོན་ནུ་ཡི། །རྒྱལ་བའི་དགོངས་དོན་གེ་སར་བཞད་པའི་དབུས། །ངེས་དོན་སྦྲང་རྩིའི་དཔལ་ལ་སྤྱོད་པར་ཤོག །ཅེས་འཕགས་ཡུལ་མཁས་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་འདི་ནི། སྟོད་འབྲེལ་སྐད་དུ་རྣམ་འཕྱང་ཞེས་ས་ཕོ་བྱིའི་ལོའི་ཧོར་ཟླ་བཞི་པ་ས་ག་ཟླ་བའི་སྦྲང་ལྡན་ཟླ་བ་ཞེས་བྱ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་རྣམ་འདྲེན་རྒྱལ་བའི་དབང་པོ་ཤཱཀྱ་ཐུབ་པ་ཞེས་མཚན་སྙན་ཀུ་ལུའི་སྲིད་པ་ཁོར་ཡུག་ཏུ་ཁྱབ་པ་དེ་ཉིད་སྐུ་བལྟམས་པ་མངོན་པར་བྱང་ཆུབ་པ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་གསུམ་འཛོམས་སུ་གྲགས་པ། གཟའ་སྐར་གྱི་སྦྱོར་བ་མེ་ནང་འཕྲོད་པའི་འཕེལ་འགྱུར་སྦྱོར་བ་ཞེས་པའི་ཉིན་གོང་དུ། ནང་རིམ་གཉིས་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་གཞོལ་བ། ཕྱི་ཚུལ་འདུལ་བའི་ཀུན་སྤྱོད་ཞི་ཞིང་དུལ་བ་རིག་པའི་གནས་ལ་མཁས་པ་ཕུལ་དུ་ཕྱིན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ། རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་མིང་གཞན་འཇམ་དཔལ་བཞད་པའི་རྡོ་རྗེའི་ཀུན་བཏགས་དབྱངས་ཅན་དགའ་བའི་ལང་ཚོ་དཔྱོད་ལྡན་དགྱེས་པའི་བློ་གྲོས་སུ་འབོད་པས་གསུང་ངོ་མཚར་བ་འདིའི་མཛད་བྱང་མི་སྣང་བའི་མཚོན་ཕྱིར་རྟེན་འབྲེལ་གྱི་ལེགས་སྨོན་དུ་བྲིས་པ་དགེ་ལེགས་འཕེལ།།  །།

 

[1] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། པོད། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

Leave a Reply

Your email address will not be published. Required fields are marked *