༄༅། །འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཞེས་བྱ་བ་བཞུགས་སོ།།

༄༅། །འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཞེས་བྱ་བ་བཞུགས་སོ།།[1]

༼ཀུན་མཁྱེན་རིག་འཛིན་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་  (1595-1659) མཛད་པ།༽

 

ཤཱཀྱ་སེངྒེ་ས་གསུམ་གྱི། །འདྲེན་པས་ཆོས་འཁོར་རིམ་པ་གསུམ། །བསྐོར་བས་འགྲོ་ཀུན་བདེར་མཛད་པ། །ཐུབ་པ་ཁྱོད་ལ་མགོས་ཕྱག་འཚལ། །ཀླུ་ཞབས་རྒྱལ་བ་གཉིས་པ་ནི། །རྒྱལ་བས་ལུང་དུ་བསྟན་པ་ལྟར། །མཐའ་བྲལ་ལྟ་བ་རྣམ་དག་དཔལ། །སྒྲུབ་མཛད་དེ་ལ་བདག་ཕྱག་འཚལ། །འཕགས་པ་དངོས་ཀྱང་ཉན་ཐོས་ཚུལ། །ཐུབ་བསྟན་ཕས་རྒོལ་སྒྲ་གཅན་གྱིས། །སྒྲིབ་ཚེ་སླར་ཡང་གསལ་མཛད་པ། །ལྷ་མཆོག་ཁྱོད་ལ་བདག་ཕྱག་འཚལ། །

ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མ་ཕམ་ཞལ་གྱི་བཅུད་གཞིབས་ནས། །རིགས་ཁམས་སངས་རྒྱས་དངོས་བསྟན་པས། །མེད་དགག་འཇོམས་མཛད་དེར་ཕྱག་འཚལ། །དབྱིག་གི་མཆོག་གྱུར་ཐེག་པ་ཆེའི། །ནོར་བུ་དམན་པའི་འདམ་དྲི་མས། །སྦགས་པ་གསལ་མཛད་བསྟན་པའི་བཤེས། །གཉེན་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་ཀྱི་འཁོར་ལོས་རབ་གང་བའི། །རྒོལ་ངན་རི་དྭགས་གང་ཇི་སྙེད། །རིག་པའི་མཆེ་བས་རབ་བཅོམ་པའི། །གླང་པོ་ཆེ་དེར་གུས་ཕྱག་འཚལ། །ཆོས་ཀྱི་རྔ་སྒྲ་ཆེར་འབར་བ། །ཚད་མའི་ང་རོས་རྒོལ་ངན་གྱི། །གླད་པ་འགེམས་ཞེས་ས་གསུམ་དུ། །གྲགས་པ་ཁྱོད་ལ་བདག་ཕྱག་འཚལ། །ཡོན་ཏན་མཆོག་མངའ་འོད་འབྱེད་པའི། །ས་ཆེན་ལ་འགྱེད་འདུལ་མངོན་གྱི། །གཞུང་ལུགས་ཉི་མ་ལྟར་གསལ་བའི། །འོད་མཛད་ཁྱོད་ལ་བདག་ཕྱག་འཚལ། །ཤཱཀྱ་མཆོག་གི་བསྟན་པ་ཡི། །རྩ་བར་གྱུར་པ་གང་དང་གང༌། །གསལ་མཛད་ཉི་མ་ལྟར་འབར་བ། །འོད་སྟོང་ལྡན་པ་དེར་ཕྱག་འཚལ། །ཞེས་པ་ཡང་བླ་མ་མགར་སྐུ་སྐྱེའི་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་སོ་སོའི་ཞལ་བྱང་དུ་འབྲི་གུང་པ་ཆོས་ཀྱི་གྲགས་པས་རྩེ་བ་གཞིས་ཀར་བྲིས་པའོ།། །།སརྦ་མངྒ་ལཾ།།

 

[1] ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོའི་གསུང་འབུམ། པོད། ༼ཁ༽ འཕྲུལ་པར་དཔེ་རིང་།  ཤོག་གྲངས་  ༡ན༡ ནས་  ༡བ༣ བར།

Leave a Reply

Your email address will not be published. Required fields are marked *