༄༅། །འཕགས་པ་ཀླུ་སྒྲུབ་ལ་རྟེན་འབྲེལ་གྱི་སྒོ་ནས་རྟོགས་པ་བརྗོད་པ་ལྟ་བའི་འདོད་འཇོ་དད་པའི་སྙེ་མ།

༄༅། །འཕགས་ཡུལ་གྱི་པཎ་གྲུབ་ཀུན་གྱི་གཙུག་རྒྱན་དཔལ་འཕགས་པ་

ཀླུ་སྒྲུབ་ལ་རྟེན་འབྲེལ་གྱི་སྒོ་ནས་རྟོགས་པ་བརྗོད་པ་ལྟ་བའི་

འདོད་འཇོ་དད་པའི་སྙེ་མ་བཞུགས་སོ།།[1]

༼མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པ།༽

 

དཔལ་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་རྗེས་སུ་གཟུང་དུ་གསོལ། རབ་དགའི་སར་ཞུགས་དབུ་མའི་ལམ་སྟོན་མཁན། །ཀླུ་མཆོག་ལྟོ་འགྲོའི་གདེངས་ཀ་གྲིབ་བསིལ་མཛད། །བཤད་སྒྲུབ་བསྟན་ལ་སྲོལ་འབྱེད་དང་པོར་གྲགས། །འཕགས་མཆོག་ཀླུ་སྒྲུབ་སྙིང་པོས་བདག་ལ་སྲུངས། །བསྟན་རྩ་ཐ་སྙད་དོན་དམ་དགེ་སྦྱོང་ཚུལ། །ཟག་བཅས་ཟག་མེད་ཁྲིམས་ལྡན་ངུར་སྨྲིག་འཛིན། །འདུལ་འཛིན་གཙང་མའི་སྒོ་འབྱེད་ཀླུ་སྒྲུབ་ཞབས། །

སྙིང་ནས་དྲན་ནོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ཆོས་ཕུང་བརྒྱད་ཁྲིའི་རྩ་བ་བདེན་བཞིའི་གཏམ། །དཀར་ནག་ལས་འབྲས་སླུ་མེད་སྟོན་པའི་འཕྲིན། །ཚུ་རོལ་མཛེས་པའི་སྙིང་ལ་ཐུར་མ་མཁན། །ཀླུ་སྒྲུབ་གསོ་རིག་དབང་པོས་བདག་ཅག་སྐྱོངས། །རྒྱས་འབྲིང་བསྡུས་གསུམ་དངོས་བསྟན་སྟོང་པའི་མདའ། །རྟེན་འབྱུང་རིགས་པའི་མདའ་གཏན་ལས་དྲངས་པས། །དངོས་སྨྲ་ལྟ་ངན་སྙིང་ཤུན་འགྲེལ་མཁས་པ། །ཀླུ་སྒྲུབ་གཞུ་ལྡན་དཔུང་གིས་བདག་ལ་སྲུངས། །བདེན་ལྟའི་ནད་སེལ་སྟོང་ཉིད་མཚན་འཛིན་སྨན། །མ་ཞུའི་དུག་འཇོམས་ལྟ་ངན་ཀུན་ཟློག་པའི། །བདུད་རྩིའི་སྨན་སྦྱོང་ཆོས་འཁོར་ཐ་མའི་བཀའ། །མདོ་དོན་སྨྲ་མཁས་ཀླུ་སྒྲུབ་དེར་ཕྱག་ཡིན། །ཉན་རང་འཕགས་ཚོགས་དབུ་མའི་རྒྱལ་སྲིད་ལ། །བཀོད་ཀྱང་ངན་གོམས་ཞི་བདེ་གཤོལ་མེད་མའི། །མངལ་དུ་ཉལ་རྣམས་ཕྱག་གིས་སློང་མཛད་པའི། །ཀླུ་སྒྲུབ་དྲང་སྲོང་མཆོག་ལ་གསོལ་བ་འདེབས། །རྟེན་འབྱུང་རིག་སྔགས་གྲུབ་པས་ཉན་རང་ཀུན། །འཕགས་པའི་ཞིང་སར་མཐོང་ཆོས་མྱང་འདས་ཀྱི། །སྔོན་མེད་ལོ་ཏོག་བསྐྲུན་མཛད་ཀླུ་སྒྲུབ་ཞབས། །སྒྱུ་མའི་རྫུ་འཕྲུལ་གར་མཁན་ཁྱོད་ལ་བསྔགས། །དམན་པའི་འཕགས་རྣམས་ཡང་སྲིད་འཁོར་བའི་རྒྱུ། །རྟག་ཆད་འཁྲི་ཤིང་རིགས་པའི་མདའ་བོ་ཆེས། །སྲེག་ཚེ་སྲིད་པའི་རྒྱུན་ཐག་ཕྲེང་བ་བཅད། །ཀླུ་སྒྲུབ་འཕོངས་རྐྱེན་དཔའ་བོར་བདག་ཕྱག་འཚལ། །སྲིད་བདུན་རིས་སྐྱེ་ཚེ་གཅིག་ཁམས་གཞན་འགྲོ། །ཉན་ཐོས་སྐྱེ་རྒྱུད་དྲངས་ངེས་མ་ཕྱེད་པའི། །མཁས་རློམ་བརྒྱལ་ཡང་ངེས་གསང་བདུད་རྩི་ཡིས། །འཚོ་མཛད་ཀླུ་སྒྲུབ་སྨན་པའི་རྒྱལ་པོར་བསྟོད། །རྣམ་ཤེས་སྐད་ཅིག་བདེན་དང་ཡེ་ཤེས་ཚེ། །རྟག་དང་བདེན་གྲུབ་སྨྲ་རྣམས་རྟག་ཆད་ཀྱི། །ལྟ་བར་བསྒྲགས་ཚེ་གཞན་གཞུང་འཇིག་མཛད་པ། །ཀླུ་སྒྲུབ་ཆོས་ཀྱི་རྒྱལ་སྲིད་དེར་ཕྱག་ཡིན། །དངོས་སྨྲ་གྲིབ་མའི་ཆུ་འཛིན་འཁྲིགས་པའི་སྤོར། །མངོན་པའི་ང་རྒྱལ་རོ་ལངས་འབྲུག་གི་སྒྲ། །འཁུན་ཡང་རང་ཉིད་འཇོམས་པའི་ལྟས་སུ་ལོག །ཀླུ་སྒྲུབ་རུ་མཚོན་ངོམ་འདི་ཕྱག་གི་གནས། །བདག་ལྟའི་འཚོ་བ་མ་ཞུར་སྟོང་ཉིད་ལ། །བདེན་ལྟའི་ཟུག་རྔུས་སྨན་ནད་སྲན་གྱི་གཟུགས། །གསོར་མི་རུང་ཞེས་རྒྱལ་དབང་བཀའ་རྟགས་ཁྲིམས། །དྲང་པོར་སྲོང་མཛད་ཀླུ་སྒྲུབ་སྙིང་ནས་བསྟོད། །ཐུབ་པའི་གྲུར་ཞུགས་རྟེན་འབྱུང་བདེན་གྲུབ་ཀྱིས། །རླུང་གཡོར་ལོག་སྐྱོད་རྟག་ཆད་རྦ་ཀློང་ཆེར། །ལྷུང་རྣམས་མ་བཟོད་ལུང་རིགས་བྱ་མ་རྟ། །བྲེལ་མཛད་ཀླུ་སྒྲུབ་མཁྱེན་བརྩེའི་ཕྱག་སྐྱོངས་ཤིག །གཉིས་བྲལ་ཡེ་ཤེས་རྟག་པའམ་བདེན་གྲུབ་ཅེས། །རྟག་ལྟའི་འཕྱོན་མ་སྙིང་ཞུགས་མགྲོན་པོ་ལ། །སྙིང་གཏམ་ཉན་རྣ་ཉུལ་མཁས་ཀླུ་སྒྲུབ་ཞབས། །བློ་བྲལ་མུན་པར་འཁྱམས་པའི་སྐྱབས་མཛོད་ཅིག །རྙོག་མར་ཆུ་བཞིན་འགྲོ་ལ་གཉིས་མེད་ཀྱི། །ཡེ་ཤེས་བསྒྲགས་ལས་གཞན་སྟོང་ཚོལ་རྣམས་འཁྲུལ། །རྟེན་འབྱུང་རིགས་པའི་སྒྲོ་ལྡན་ཚོགས་གསུམ་དུ། །འཕོངས་མཁས་ཀླུ་སྒྲུབ་སྲིད་ལས་རྒྱལ་གྱུར་ཅིག །བདེན་གྲུབ་དཀར་མིན་ཐིག་ལེ་མ་ཉམས་པར། །མཐའ་བླ་ལང་ཚོའི་ངོ་འཛུམ་ངོམ་ཡང་ཁྲེལ། །མཆུ་འཕྱང་ཞར་མའི་སྨིན་འཁྱོག་ལྕགས་སྒྲོག་གིས། །འཆིང་བ་ཀུན་གྲོལ་ཀླུ་སྒྲུབ་རྒྱལ་གྱུར་ཅིག །བདེན་ལྟའི་མཐར་འཛིན་དགྲ་ལ་ཟོན་ཆུག་ཀྱང་། །མཚན་འཛིན་ཆོམ་རྐུན་དགྲ་ཟིན་མ་ཕྱེད་པར། །རྒྱལ་བའི་ལམ་དེར་འཕགས་པའི་ནོར་འཚོལ་ལ། །མ་ནོར་ལམ་སྟོན་ཀླུ་སྒྲུབ་དེར་ཕྱག་འཚལ། །དངོས་འཛིན་དྲི་མ་བཀྲུ་བའི་གདོང་ལྟར་ཡང་། །མཚན་འཛིན་སོལ་བས་ཕྱུག་ལ་བཞད་གྲོ་ནས། །ལྟ་བའི་རིམ་གཉིས་ཛ་ཧུའི་བུ་མོ་ཡིས། །དག་བྱེད་ཆོ་ག་ཀླུ་སྒྲུབ་དེར་ཕྱག་འཚལ། །བདེན་འཛིན་ནད་ཀྱི་རྩ་བ་མ་ཕྱུང་ན། །འཕགས་པར་རློམ་ཡང་ཉོན་མོངས་དུག་རོ་ཡིས། །གནོད་ཅེས་ཐེག་གསུམ་འཕགས་པ་དབུ་མ་ཡི། །ལྟ་བར་བཀོད་མཛེས་ཀླུ་སྒྲུབ་དེར་ཕྱག་འཚལ། །ཐེག་གསུམ་ལྟ་རིམ་སྒྱུ་མའི་ན་ཆུང་ལ། །ཁྲེལ་བཞིན་བདེན་པ་མངོན་རྟོགས་གཅིག་ཁོ་ནའི། །འཆི་མེད་སྒེག་མོའི་སོ་ཕྲེང་ངོམ་མཛད་པ། །ཀླུ་སྒྲུབ་རྒྱལ་བས་ལུང་བསྟན་རྒྱལ་གྱུར་ཅིག །ཆོས་ཀུན་ཆོས་ཉིད་གསར་མཐོང་གཅིག་ཁོ་ན། །བདེན་མཐོང་གཉིས་པར་འཕགས་པའི་གཟིགས་པ་བྲལ། །བདེན་མཐོང་བཅུ་དྲུག་སྒྱུ་མའི་གླང་ཆེན་གྱི། །འཁྲུལ་འཁོར་གཞིག་མཁས་ཀླུ་སྒྲུབ་འདིར་ཕྱག་ཡིན། །ཆོས་ཀུན་བདེན་མེད་མ་རྟོགས་དངོས་འཛིན་སྙིང་། །རྟག་ཆད་སྲིན་པོའི་ཁར་ཆུར་བདེན་མཐོང་གི །ལང་ཚོའི་མཚར་སྡུག་རྟེན་འབྱུང་གཟིགས་འདིར་མེད། །ཀླུ་སྒྲུབ་རྟེན་འབྲེལ་མཁན་ཁྱོད་རྒྱལ་གྱུར་ཅིག །རྟེན་འབྱུང་གནས་ལས་ཐེག་གསུམ་འཕགས་ཀུན་གྱི། །བདེན་ལྟའི་མ་རིག་རྒྱལ་པོ་ཉོན་མོངས་འཁོར། །སྲིད་པའི་རྒྱལ་སྲིད་དམངས་སུ་ཕབ་པའི་གཏམ། །ཀླུ་སྒྲུབ་རྒྱལ་རྔ་བརྡུང་ཁྱོད་ས་འདིར་རྒྱལ། །རྟོགས་བྱའི་ཆོས་དང་སྒྲུབ་བྱེད་རྒྱས་བསྡུས་ལས། །ཐེག་གཉིས་འཕགས་པར་རྟོགས་ཚུལ་མི་འདྲ་བའི། །རི་བོང་ཅལ་སྨྲས་རི་དྭགས་ནགས་ནས་སྟོངས། །ཀླུ་སྒྲུབ་གདོང་ལྔ་ལྡན་ཁྱོད་ས་སྟེང་རྒྱལ། །དམན་འཕགས་རང་དོན་ཉོན་མོངས་སྤོང་ལ་འདུན། །མཐའ་བྲལ་རྫོགས་པར་མི་སྒོམ་གཞན་དག་གི །རི་བོང་ཅལ་སྨྲ་བིལ་བའི་ཤིང་ལ་དྲིས། །ཀླུ་སྒྲུབ་བསྟན་པའི་སྲོག་ཤིང་རྒྱལ་གྱུར་ཅིག །དངོས་པོར་བདེན་འཛིན་སྙིང་ཞུགས་དངོས་སྨྲ་བར། །བསྒྲགས་པའི་དྲིལ་ཆེན་ཐོས་ཚེ་སྟོབས་ལྡན་དཔུང་། །ས་འོག་ལག་འགྲོའི་ལྟོ་བར་བཅིངས་པར་ངེས། །བདེན་གསུང་ཀླུ་སྒྲུབ་ས་འདིར་རྒྱལ་གྱུར་ཅིག །འཕགས་ཀུན་མཐོང་ཆོས་མྱང་འདས་ཤང་ཁའི་སྒྲ། །ཐོས་ཚེ་ཐུབ་སྟོང་གྲངས་མེད་གསུམ་གྱི་ཚོགས། །གཤོལ་ནས་གསང་ཆེན་མྱུར་ལམ་བགྲོད་དོ་སྙམ། །ཨེ་མ་ཀླུ་སྒྲུབ་ཚུར་བྱོན་ཕྱག་གི་གནས། །བདེན་ཅིག་དྲང་དོན་མིག་སྒྱུ་བདེན་པའི་ཆུར། །འཁྲུལ་པའི་མཁས་རློམ་རི་དྭགས་མྱ་ངམ་ཐང་། །འཁྱམ་རྣམས་མ་བཟོད་སྤྲོས་ཀུན་ཉེར་ཞིའི་གནད། །འདོམས་མཁས་ཀླུ་སྒྲུབ་འདིར་བྱོན་འགྲོ་འདི་སྲུངས། །བྱང་ཆུབ་སྙིང་པོར་བདེན་གཅིག་ཟླ་བའི་བུ། །ཆོས་དབྱིངས་སྒྲ་གཅན་ཁ་སྐོར་ཐིམ་པའི་མོད། །གཉིས་སྣང་སེམས་འགགས་ཆོས་སྐུའི་ཉིན་བྱེད་ཤར། །ཀླུ་སྒྲུབ་སྟོན་པ་གཉིས་པ་རྒྱལ་གྱུར་ཅིག །བདེན་རྫུན་དགག་སྒྲུབ་ཕྱོགས་གཉིས་སྤང་བླང་བྲལ། །རྣམ་པར་མི་རྟོག་དོན་གཉིས་ལྷུན་གྱིས་གྲུབ། །ཀླུ་སྒྲུབ་ཡིད་བཞིན་ནོར་བུ་ཁྱོད་གཅིག་པུར། །སྙིང་ནས་གསོལ་འདེབས་བརྩེ་བས་གཟུང་མཛོད་ཅིག །ཁྱོད་གསུང་རྟེན་འབྱུང་ཟབ་མོ་རྡོ་རྗེའི་གླུ། །རྣ་བའི་བདུད་རྩིས་བླུག་པས་ཁྱོད་ཀྱི་ཐུགས། །རབ་དགའ་མཁྱེན་བརྩེའི་བྱིན་རླབས་སྙིང་ལ་འཕོས། །ཁྱོད་སྐུ་མཛེས་ཞལ་སྟོན་ཅིག་ཀླུ་སྒྲུབ་ཞབས། །རྟོགས་བརྗོད་དབྱངས་ཅན་སོར་གདུབ་རྒྱུད་མངས་སྒྲས། །དད་རྩ་འཁྲི་ཤིང་སྤུ་ལོང་གཡོ་བའི་བརྡས། །བོས་བཞིན་འདྲེན་བྱེད་རྫིང་བུར་ཆུ་རླུང་འབབ། །རབ་དགྱེས་ཐུགས་རྗེས་གཟིགས་ཤིག་ཀླུ་སྒྲུབ་ཞབས། །ཉན་རང་ཞི་བདེར་འཁྱུད་ལ་ཐུགས་ཁྲེལ་ན། །ཉམ་ཐག་འགྲོ་འདི་བོར་ནས་པདྨ་ཅན། །དག་ཞིང་བདེ་ལ་སྲེད་མཛད་ཁྱོད་རིགས་སམ། །མགོན་མེད་མགོན་དུ་ཚུར་བྱོན་ཀླུ་སྒྲུབ་ཞབས། །མཐའ་བྲལ་ལྟ་བའི་དབྱིངས་ལས་མི་གཡོ་ཡང་། །སྐྱེ་འགྲོའི་སྡུག་བསྔལ་དྲན་པའི་མེལ་ཚེ་བྲེལ། །སྙིང་རྗེས་དབང་མེད་མཁྱེན་བརྩེའི་ལྕགས་ཀྱུ་ཡིས། །འཁོར་བའི་འདམ་ནས་དྲོངས་ཤིག་ཀླུ་སྒྲུབ་ཞབས། །བདག་ཀྱང་ཚེ་རིང་ཁྱོད་ཀྱི་གསུང་རབ་ལ། །ཐོས་བསམ་སྒོམ་པས་ས་ལམ་མཐར་ཕྱིན་ནས། །མཐའ་བྲལ་ལྷོ་ཕྱོགས་དཔལ་གྱི་རི་བོའི་སྤོར། །ཞལ་མཐོང་གསུང་གི་བདུད་རྩིས་གྲོལ་བར་མཛོད། །ཁྱད་པར་རྟེན་འབྱུང་འཚང་རིག་ཡང་སྲིད་དུ། །སྐྱེ་བའི་ལམ་ཆད་མཐོང་ཆོས་ལུས་འདི་ཡིས། །བདེ་ལྡན་ཞིང་དུ་འཕགས་མཆོག་ཞལ་མངའ་དེར། །པདྨའི་སྦུབས་སུ་རྫུས་ཏེ་སྐྱེ་བར་མཛོད། །ཀླུ་སྒྲུབ་ཤིང་རྟའི་སྲོལ་ཆེན་གུར་ཞུགས་ནས། །ཅི་འདོད་ནོར་བུའི་ལམ་རྩོལ་མགྲོན་རྣམས་ལ། །ཞིང་སྐྱོང་དེད་དཔོན་མཆོག་གིས་ལམ་ཕྱེ་སྟེ། །རྒྱལ་དང་སེམས་དཔས་བཀྲ་ཤིས་མངའ་གསོལ་མཛོད། །ཅེས་དཔལ་འཕགས་པ་ཀླུ་སྒྲུབ་ལ་རྟེན་འབྱུང་ངག་གི་སྒོ་ནས་རྟོགས་པ་བརྗོད་པ་ལྟ་བུའི་འདོད་འཇོ་དད་པའི་སྙེ་མ་ཞེས་བྱ་བ་འདི་ནི། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་སྐྱེས་པ་རིག་པའི་གནས་ལྔ་ལ་སྤོབས་པ་དགེ་ཞིང་། རྒྱུད་དང་མན་ངག་འཛིན་པ་ཤཱཀྱའི་དགེ་སློང་འཇམ་དབྱངས་དགེ་བའི་བཤེས་གཉེན་གྱི་ལན་གཅིག་མ་ཡིན་པ་བསྐུལ་བ་ལས། ཕྱི་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མི་དམན་ཞིང་། དཔལ་ས་སྐྱ་པའི་རྒྱུད་གསུམ་མན་ངག་འཛིན་པའི་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་མང་དུ་ཐོས་པ་ཀླུ་སྒྲུབ་སྡེ་སྣོད་གྱི་རྒྱ་མཚོ་གང་དེས། ལྕགས་སྟག་ཟླ་བ་གཉིས་པའི་དམར་ཆ་དགའ་བ་དང་པོའི་ཚེས་ལ། མདར་གྲང་ཆེན་ཆོས་འཁོར་ཡང་རྩེའི་བླ་བྲང་སློབ་བཤད་བཀྲ་ཤིས་བརྩེགས་པར་སྦྱར་བ་འདིས་ཀྱང་དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་ཟབ་མོ་ལྟ་བའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །དགེ་ཞིང་བཀྲ་ཤིས། འདི་འགྲེལ་པ་དང་བཅས་པའི་ལུང་ཨ་ནནྡས་ཐོས།། །།

 

[1] མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་འབུམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ ལོ། ཤོག་ ༡༩༢-༡༩༦བར།

Leave a Reply

Your email address will not be published. Required fields are marked *