༄༅། །འདུལ་འཛིན་མཆོག་གྱུར་ཡོན་ཤཱཀ་གཉིས་ལ་བསྟོད་པ་མུ་ཏིག་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

 

༄༅། །འདུལ་འཛིན་མཆོག་གྱུར་ཡོན་ཤཱཀ་གཉིས་ལ་བསྟོད་པ་མུ་ཏིག་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།[1]

 

༼མཛད་པ་པོ། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོ།༽

 

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅའ་ཞིང་། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུ་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོར་ཕྱག་འཚལ་ལོ། །ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །ས་གསུམ་འོད་ཀྱི་སྣང་བ་རབ་རྒྱས་པས། །འདུལ་བ་འབུམ་སྡེའི་པད་ཚལ་བཞད་པའི་གཉེན། །

འཕགས་པ་ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །རིགས་རུས་ཡོན་ཏན་འབྱོར་པའི་ཆུ་གཏེར་དབུས། །བསླབ་གསུམ་གེ་སར་རྒོད་པའི་འདབ་སྟོང་ཅན། །འདུལ་འཛིན་ཆུ་སྐྱེས་ཁྲོད་ན་འོད་འབར་བ། །མཁས་མཆོག་པདྨ་དཀར་ལ་གསོལ་བ་འདེབས། །རྒྱ་གར་འཕགས་ཡུལ་གྲོང་ཁྱེར་བཅོམ་བརླག་ཏུ། །བྲམ་ཟེ་ཟླ་བ་བྱིན་དང་ལེགས་བྱིན་མའི། །སྲས་སུ་བསམ་བཞིན་འཁྲུངས་ཏེ་ཆུང་དུས་ནས། །རིག་བྱེད་ལེགས་པར་བསླབས་ལ་གསོལ་བ་འདེབས། །ཡབ་ཀྱིས་ཁྱིམ་འཛིན་གསོལ་ཀྱང་མ་བཞེད་པར། །ཡུམ་གྱི་བཀའ་བཞིན་རིངས་པར་རབ་ཏུ་བྱུང་། །བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་འཛིན་པའི་དཔལ། །འདུལ་འཛིན་མཆོག་ཏུ་གྱུར་ལ་གསོལ་བ་འདེབས། །ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་ཀྱི་རྡུལ། །སྤྱི་བོར་བླངས་ཏེ་ཐོས་བསམ་ལ་འབད་པས། །སྡེ་སྣོད་གསུམ་དང་རང་གཞན་གྲུབ་པའི་མཐའ། །ཀུན་ལ་མཁས་པར་སྦྱངས་ལ་གསོལ་བ་འདེབས། །ཁྱད་པར་སྟོན་པའི་རྒྱལ་ཚབ་འདུལ་བའི་གཞུང་། །སྡེ་བཞིའི་ལུང་ལ་མཁས་པའི་ཕུལ་དུ་གྱུར། །གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཞལ་འདོན་མཛད། །ཐུབ་དབང་གཉིས་པར་གྱུར་ལ་གསོལ་བ་འདེབས། །ཨོ་གྲ་པུ་རི་ཞེས་པར་རྟག་བཞུགས་ནས། །དམ་ཆོས་ཆར་འབེབས་རྒྱལ་བློན་འབངས་དང་བཅས། །ཕན་བདེའི་པད་ཚལ་བཞད་པའི་རོ་མྱང་བའི། །སྐལ་བ་བཟང་པོར་གྲུབ་ལ་གསོལ་བ་འདེབས། །དད་རྫས་ཡོ་བྱད་སྐུ་གསུང་ཐུགས་རྟེན་དང་། །གཙུག་ལག་ཁང་བཞེངས་དགེ་འདུན་ཚོགས་ལ་བསྔོ། །རང་དོན་འུ་སུའི་འདབ་མ་ཙམ་མི་སྤྱོད། །སྦྱངས་པའི་ཡོན་ཏན་ཅན་ལ་གསོལ་བ་འདེབས། །ཉིད་ཀྱི་གསུང་གི་བདུད་རྩིས་ཉེ་བར་འཚོ། །ལྷན་ཅིག་གནས་པའི་གནས་བརྟན་གསེར་གྱི་རི། །བརྒྱ་ཕྲག་ལྔ་བཅུའི་ཕྲེང་བས་བསྐོར་བའི་དབུས། །ལྷུན་པོ་ལྟ་བུར་བརྗིད་ལ་གསོལ་བ་འདེབས། །ཕྲ་མོའི་ཉེས་བྱས་ཀྱིས་ཀྱང་གོས་མིན་པའི། །རྣམ་དག་ཁྲིམས་ཀྱི་བདེན་པ་བརྗོད་པ་ཡིས། །རྒྱལ་པོའི་ཆད་པས་མིག་ཕྱུངས་བློན་པོ་ཞིག །སླར་ཡང་མིག་ལྡན་མཛད་ལ་གསོལ་བ་འདེབས། །འདུལ་བའི་མདོ་དང་རྣམ་བཤད་མཛད་པའི་ཚེ། །ལེགས་པར་བྲིས་པའི་བུ་དང་བུ་མོའི་ཚོགས། །འཆི་མེད་བདུད་རྩི་རོ་བརྒྱའི་བསོད་སྙོམས་འབུལ། །ལྷ་ཡི་བླ་མར་གྱུར་ལ་གསོལ་བ་འདེབས། །གཞན་ཡང་ཀརྨ་ཤ་ཏཾ་བྱང་ས་ཡི། །ཚུལ་ཁྲིམས་ལེའུའི་རྣམ་བཤད་ལ་སོགས་མཛད། །བསྟན་འགྲོའི་དཔལ་དུ་དགུང་ལོ་བཞི་བརྒྱར་འཚོ། །གནས་བརྟན་འདུལ་འཛིན་ཆེན་པོར་གསོལ་བ་འདེབས། །བརྟན་མཁས་ཡོན་ཏན་མུ་ཏིག་དཀར་པོའི་ཕྲེང་། །བསྡེབས་ལེགས་བསྟོད་པའི་ཚིག་གི་སྲད་བུར་བརྒྱུས། །དགའ་དང་དད་པའི་ལག་པད་བདར་བ་ཡིས། །ཁྱོད་སྐུ་མཛེས་པའི་རྒྱན་དུ་ལེགས་པར་འབུལ། །ཀཱ་རི་ཀ་ནས་དཔལ་ལྡན་འདུས་པའི་བར། །སེམས་རྒྱུད་འདུལ་བའི་ཐབས་སུ་འཁྱེར་བ་ཡིས། །དེ་དོན་རྩེ་གཅིག་སྒྲུབ་པ་སྙིང་པོར་བྱས། །ཁྱེད་ཀྱི་རྣམ་ཐར་ཇི་བཞིན་བསྐྱང་བར་ཤོག །འདུལ་འཛིན་མཆོག་གྱུར་མཁས་མཆོག་རྣམ་གཉིས་ལ་བསྟོད་པ་མུ་ཏིག་དཀར་པོའི་ཕྲེང་བ་ལས། སློབ་དཔོན་ཡོན་ཏན་འོད་ལ་བསྟོད་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།།  །།

 

ཤཱཀྱ་སེངྒེའི་བསྟན་པའི་སྙིང་པོ་མཆོག །སོ་ཐར་བསླབ་ཁྲིམས་དཀྱིལ་འཁོར་ཆ་ཤས་རྫོགས། །ཉེས་ལྟུང་ཚ་གདུང་གོ་སྐབས་འཕྲོག་པའི་དཔལ། །སློབ་དཔོན་འོད་དཀར་ཅན་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པའི་སྤྱན་གྱིས་སྡེ་བཞིའི་ལུང་། །དགག་སྒྲུབ་གནང་བའི་ལམ་ནས་ཐར་འདོད་ཀུན། །ཞི་བའི་དཔལ་ལ་འགོད་པའི་དྲང་སྲོང་ཆེ། །ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །རྒྱ་གར་ཡུལ་མཆོག་ནཱ་ལེན་ཏྲ་ར་རུ། །མཁན་པོ་བསོད་ནམས་གྲགས་ལས་རབ་ཏུ་བྱུང་། །བསྙེན་པར་རྫོགས་ཤིང་ཞི་བ་འོད་བསྟེན་ནས། །སྡེ་སྣོད་ལེགས་པར་སྦྱངས་ལ་གསོལ་བ་འདེབས། །ཚངས་སྤྱོད་འདུལ་བའི་ལུགས་བཟང་དྲི་མ་མེད། །ཐུབ་པའི་དགོངས་པ་ཇི་བཞིན་སྐྱོངས་པ་ཡི། །སྔོན་བྱོན་འཕགས་ཡུལ་འདུལ་འཛིན་མཐའ་དག་གི །རྣམ་ཐར་རྗེས་སུ་བསྐྱངས་ལ་གསོལ་བ་འདེབས། །སངས་རྒྱས་ཞེས་བྱའི་སྒྲ་བོ་ཆེ་དེ་ཡང་། །འདོད་པ་ཙམ་གྱིས་ཐོབ་ཡུལ་མིན་པར་དགོངས། །ཡོན་ཏན་ཀུན་འབྱུང་ཁྲིམས་སོགས་འཕགས་པའི་ནོར། །མང་དུ་བསགས་པར་མཛད་ལ་གསོལ་བ་འདེབས། །བསྟན་པའི་རྩ་བ་འདུལ་བ་འབུམ་སྡེའི་གཞུང་། །བྱེ་བྲག་བཤད་མཚོ་ལེགས་བསྲུབས་བསྐྲུན་པའི་དཔྱིད། །དགེ་ཚུལ་བསླབ་གཞུང་འོད་ལྡན་རྩ་འགྲེལ་གྱིས། །བསླབ་ཁྲིམས་གསལ་བར་སྟོན་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །ཤཱཀྱའི་འོད་ཀྱི་རྣམ་ཐར་རྗེས་བསྐྱང་ཤོག །འདུལ་འཛིན་མཆོག་གྱུར་མཁས་མཆོག་རྣམ་གཉིས་ལ་བསྟོད་པ་མུ་ཏིག་དཀར་པོའི་ཕྲེང་བ་ལས། སློབ་དཔོན་ཤཱཀྱ་འོད་ལ་བསྟོད་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།།  །།

བརྗོད་བྱ་ཚུལ་ཁྲིམས་ཏིང་འཛིན་རྣམ་དཔྱོད་ཕུལ་བྱུང་བདུད་རྩིས་ཐུགས་རྒྱུད་གཏམས། །རྗོད་བྱེད་འདུལ་བ་མདོ་སྡེ་མངོན་པའི་བཀྲ་ཤིས་རི་མོས་མགྲིན་པ་སྤྲས། །འདུལ་འཛིན་མཆོག་གྱུར་ལྷ་མཆོག་གཉིས་ལ་བསྟོད་པའི་རྣམ་དཀར་ཕུང་པོ་འདིས། །ཆོས་དང་སྲིད་ཀྱི་དཔལ་དང་འབྱོར་པས་འཛིན་མའི་ཁྱོན་ཀུན་གང་གྱུར་ཅིག །ཅེས་འདུལ་འཛིན་མཆོག་གྱུར་མཁས་མཆོག་རྣམ་གཉིས་ལ་བསྟོད་པ་མུ་ཏིག་དཀར་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི་ས་མཐའི་བཙུན་གཟུགས་མ་ཏི་བྷ་དྲ་དྷརྨ་དྷ་རས་བགྱིས་པའོ། །ཡི་གེ་པ་ནི་དགེ་སློང་བློ་བཟང་ཚེ་རིང་ངོ་། །ཝང་ཀའི་དཀའ་བཅུ་པ་བསོད་ནམས་ཀྱིས་དཔར་དུ་བསྒྲུབས་པའོ།།  །།[2]

 

[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། མཆོག་བསྟོད། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣ན༦ བར།

[2] མཆོག་གཉིས་ཀྱི་བསྟོད་པ་འདི་ཉིད་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་དང་། ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་གཉིས་དང་ཚིག་དང་བཅས་པ་ཧ་ལམ་འདྲ་མཚུངས་བྱུང་ངོ་།།

Leave a Reply

Your email address will not be published. Required fields are marked *