༄༅། །མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་།

༄༅། །མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་

བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་

པ་ལྷའི་དཔག་བསམ་ལྗོན་ཤིང་ཞེས་

བྱ་བ་བཞུགས་

སོ།།[1]

༼རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པ།༽

 

གང་གིས་བསམ་དང་སྦྱོར་བས་ཚུལ་བཞིན་དུ། །རྩེ་གཅིག་དད་པས་གཙུག་ཏུ་ཉེར་བསྟེན་ན། །ཚེ་འདིར་སངས་རྒྱས་སྟེར་བའི་བཀའ་དྲིན་ཅན། །མཚུངས་མེད་བླ་མའི་ཞབས་ལ་སྙིང་ནས་འདུད། །བསོད་ནམས་ཡེ་ཤེས་གཏིང་མཐའ་མི་མངོན་ཞིང་། །སྤངས་རྟོགས་ཡོན་ཏན་ནོར་བུའི་ཚོགས་ཀྱིས་གང་། །རྒྱ་ཆེན་འཕྲིན་ལས་རླབས་འཕྲེང་གཡོ་བ་ཡི། །ཐུབ་དབང་རིན་ཆེན་འབྱུང་གནས་ལ་ཕྱག་འཚལ། །

ཤེས་བྱ་ཀུན་ལ་ཁྱབ་པའི་ཟག་མེད་ལི་ཁྲིའི་རྡུལ་བརྩེགས་ས་འཛིན་ལ། །ཉིན་བྱེད་བྱེ་བས་འཁྱུད་པའི་གཟི་ལྡན་པད་དཀར་ཟླ་བའི་གདན་ལ་འགྱིང་། །ཤེས་རབ་རལ་གྲིའི་འོད་ཟེར་འགྱེད་པས་རྨོངས་པའི་མུན་པ་ཀུན་སེལ་བའི། །རྒྱལ་ཀུན་ཡབ་གཅིག་འཇམ་དབྱངས་གཞོན་ནུ་བྱང་ཆུབ་བར་དུ་སྙིང་དབུས་བཞུགས། །རིག་བྱེད་རྣམ་བཞི་སྦྲང་རྩིའི་འབྱུང་གནས་ཚངས་པའི་ཞལ་གྱི་པདྨ་འཛུམ་པའི་མཚོར། །སྐྱིལ་ཀྲུང་ཙོག་པུའི་ཚུལ་བཞུགས་རྒྱན་མང་རབ་འཕྱང་པད་དཀར་ཟླ་བའི་གཙུག་རྒྱན་ཅན། །མཉེན་ལྕུག་ཕྱག་སོར་འཕྲུལ་གྱིས་རྒྱུད་མང་འཁྲོལ་བས་ཆོས་ཕུང་མཐའ་དག་གླུར་ལེན་པའི། །རྒྱལ་བ་ཀུན་ཡུམ་དབྱངས་ཀྱི་ལྷ་མོས་གནས་ལྔ་རིག་པའི་བློ་གྲོས་ཡངས་པ་སྩོལ། །བློ་གསལ་འཆི་མེད་ཚོགས་ལ་ལེགས་བཤད་བདུད་རྩིའི་མཆོད་ཡོན་སྦྲེངས་མཁས་ཤིང་། །གསང་གསུམ་མཛད་བཟང་སྒྱུ་འཕྲུལ་རོལ་པས་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ཁྱབ། །མདོ་སྔགས་སུམ་རྩེན་གནས་ཀྱི་བདག་པོར་བསྔགས་པའི་གྲགས་སྙན་རྩིབས་སྟོང་གདུགས་དཀར་པོ། །སྲིད་གསུམ་བླ་ན་འཁོར་བའི་འཇམ་མགོན་སྤྱན་སྟོང་ལྡན་པས་བདུད་བཞིའི་ལྷ་མིན་འཇིགས་ལས་སྲུངས། །སངས་རྒྱས་ (འདི་རྒྱུད་བླའི་བརྗོད་བྱ་རྡོ་རྗེ་གནས་བདུན་དང་མཚན་སྒྲ་སྦྱར་ཞིང་ཚིགས་བཅད་ལ་རྐང་པ་ལྔ་པ་སོགས་སྙན་འགྲེལ་དང་རྒྱུད་བླ་དར་ཊཱིཀ་དབུར་འདུག་པ་བཞིན་འོག་ཏུ་ཡང་ཚིགས་བཅད་རྐང་པ་ལྔ་པ་ཅན་ཁ་ཤས་ཡོད་པ་དགོངས་འཚལ།) ཆོས་ཚོགས་འབྲས་བུའི་དཀོན་མཆོག་གསུམ། །ཐོབ་བྱེད་འཇིགས་མེད་བདེ་གཤེགས་སྙིང་པོའི་ཁམས། །ཆོས་གཟུགས་བྱང་ཆུབ་དབང་བཅུ་སྟོབས་སོགས་ཀྱི། །ཡོན་ཏན་དྲུག་ཅུས་ཁམས་གསུམ་འགྲོ་བ་ཀུན། །འདྲེན་མཛད་ཆོས་ཀྱི་རྒྱལ་པོ་དེ་ལ་འདུད། །འཆད་རྩོད་རྩོམ་གསུམ་འདབ་བརྒྱ་རྒྱས་པའི་དྲི། །མངར་བའི་དགེ་ལེགས་སྦྲང་རྩིའི་དཔལ་ཡོན་ལ། །སྐལ་བཟང་རྐང་དྲུག་རོལ་པའི་འཕྲེང་བ་ཅན། །འདྲེན་མཆོག་བསྟན་པའི་སྒྲོན་མེ་གཙུག་ན་མཛེས། །འཛམ་བུའི་འཁྲི་ཤིང་དར་བའི་གླིང་མཆོག་འདིར། །ལེགས་བཤད་འོད་ཀྱི་སྣང་བས་ད་ལྟའི་བར། །ཕན་བདེའི་ལམ་བཟང་གསལ་བའི་བཀའ་དྲིན་ཅན། །རྒྱན་དྲུག་མཆོག་གཉིས་རྣམ་ཐར་དྲན་པས་འདུད། །སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཡི། །རྨད་བྱུང་འཕྲིན་ལས་ཟླ་བའི་མ་མ་ལས། །བོད་ཡུལ་མུན་གླིང་དཀར་པོར་བསྒྱུར་མཛད་པའི། །སྔོན་བྱོན་མཁས་གྲུབ་རྟ་ལྗང་ཅན་རྣམས་རྒྱལ། །ཁྱད་པར་བློ་བཟང་བསྟན་པའི་ཡུ་བ་ལས། །བཤད་སྒྲུབ་ལེགས་བཤད་དར་གྱི་ཤམ་བུ་ཅན། །འཛམ་གླིང་ཡངས་པའི་དཔལ་དུ་བསྒྲེང་མཁས་པ། །བློ་བཟང་འཇིགས་མེད་རྒྱ་མཚོ་ཕྱག་གི་ཡུལ། །རྟོགས་བརྗོད་བཻཌཱུར་གཙང་མའི་ས་གཞི་ལ། །ངོ་མཚར་མཛད་བཟང་ལྷ་དབང་གཟུགས་བརྙན་འབུམ། །མ་འདྲེས་གསལ་བར་འཆར་བའི་དགའ་སྟོན་མཆོག །ཤེས་ལྡན་མཁས་པ་ཡོངས་ཀྱི་གཟིགས་མོར་སྤེལ།།

 

(དཔག་བསམ་འཁྲི་ཤིང་གི་ཡལ་འདབ་དང་པོར། གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། །གང་གི་གྲགས་པ་མངོན་མཆོད་པ། །རབ་གསལ་ཞེས་བྱའི་ས་བདག་དེ། །དེར་ནི་ས་ཡི་ཐིག་ལེར་གྱུར། །ཅེས་དང་། དེ་ནས་གླང་པོའི་དཔང་པོ་དེ། །གདུལ་བའི་བྱ་བ་མཐར་ཕྱིན་ནས། །ཞེས་དང་། འོད་སྟོང་ཤར་གྱི་རེ་བ་བཞིན། །དེ་ལ་སྤྲོ་བ་ཆེན་པོ་འདོད། །ཅེས་དང་། དེ་སྐྲག་དེ་ཡི་ཚིག་ཐོས་པས། །རྒྱལ་པོ་རྡུལ་བྲལ་རྣམས་ཀྱི་མཆོག །སྐྱེ་བ་དྲན་ཞིང་ལྷ་མིག་ལྡན། །བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར། །ཅེས་པ་ལྟར།) གངས་རིའི་དུམ་བུ་གཡོ་འདྲའི་གཉིས་འཐུང་དབང་། །དུལ་བའི་བསླབ་པ་ཡོངས་རྫོགས་དཔལ་ཐོབ་པ། །འདོད་པས་མྱོས་པས་འོད་ལྡན་གྲོང་ཁྱེར་ན། །མི་དབང་རབ་གསལ་བྱང་ཆུབ་ལམ་ལ་དགྱེས། །ཤཱཀ་ཐུབ་ནས་བཟུང་སངས་རྒྱས་རྣམ་གཟིགས་པར། །འབུམ་ཕྲག་ལྷག་པའི་བཤེས་གཉེན་བསྙེན་བཀུར་མཛད། །མཚན་དཔེའི་རྒྱུ་ཚོགས་ (སྐར་རྒྱལ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུམ་པའི་ལྷག་མ་) བསྐལ་པ་དགུ་བཅུའི་བར། །ཆད་མེད་བསྒྲུབས་པ་རྒྱལ་སྲས་སྐྱེས་པའི་རབས། །མར་མེ་མཛད་ལས་བྱང་ཆུབ་ལུང་བསྟན་དང་། །མི་སྐྱེ་ཆོས་ལ་བཟོད་པ་ཅིག་ཅར་ཐོབ། །དེའི་ཚེ་ས་བརྒྱད་ལམ་དང་མཁའ་དབྱིངས་སུ། །མངོན་པར་འཕགས་པས་ཁྱེའུ་བླ་མར་བསྔགས། །མཐོ་རིས་དཔལ་འབྱོར་བརྒྱས་རྩེན་དགའ་ལྡན་ནས། །ཆོས་སྲིད་གསེར་གྱི་ཅོད་པན་མ་ཕམ་པར། །གཏད་ནས་གཟིགས་པ་ལྔ་ཡིས་འཛམ་གླིང་དུ། །གཤེགས་པ་དམ་པ་ཏོག་དཀར་ལྷ་ཡི་སྲས། །ཕྱིན་དྲུག་རང་གཟུགས་རབ་དཀར་མཆེ་བའི་རྩེ། །ཉེས་ཚོགས་འདམ་བུའི་ཚལ་ལ་གདེངས་པ་བཞིན། །གསེར་གྱི་དྲ་བས་རབ་མཛེས་གླང་ཆེན་ཚུལ། །སྒྱུ་འཕྲུལ་ཆུ་གཏེར་ཆེན་པོའི་ལྷུམས་སུ་རོལ། །སེར་སྐྱའི་གྲོང་གི་བཀྲ་ཤིས་མེ་ཏོག་ཚལ། །འགྲོ་བའི་ཉི་མ་འཆར་ལ་དགའ་བ་བཞིན། །ལུམྦིའི་ཚལ་དུ་ལྷ་མོ་སྒྱུ་འཕྲུལ་མའི། །གློ་གཡས་ནས་བལྟམས་དགེ་བའི་དོན་ཀུན་གྲུབ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་མ་ལུས་པ། །དྲུག་ཅུའི་ཆ་ཤས་ཡོངས་རྫོགས་གསུང་དབྱངས་ཀྱིས། །མཐའ་ཡས་འགྲོ་ལ་ཅིག་ཅར་གསུང་ནུས་ཀྱང་། །ཐུན་མོང་རིག་གནས་བཟོ་ལ་སྦྱངས་པའི་ཚུལ། །མཚར་སྡུག་བཞིན་གྱི་པདྨ་ཡངས་པའི་ངོས། །ཟུར་མིག་བུང་བ་གཡོ་བའི་མཛེས་ལྡན་མ། །དྲུག་ཁྲིའི་བུ་མོ་རྩེ་དགས་རོལ་པ་ཡི། །ཟས་གཙང་རྒྱལ་པོའི་ཁབ་ནི་འཆི་མེད་གནས། །རིང་ནས་སྟོར་བའི་ལང་ཚོའི་ནོར་བུ་དེ། །ས་ལ་འཚོལ་བ་བཞིན་དུ་ལུས་སྒུར་ཞིང་། །བཞིན་པད་སོ་ཡི་གེ་སར་ལྷུངས་གྱུར་ཅིང་། །མགོ་སྐྱེས་ཙམ་པ་ཀ་ཡི་མེ་ཏོག་དཀར། །རྒན་པོ་མི་སྡུག་གཟུགས་ལ་གཉེན་བཤེས་ཚོགས། །སྐྱུག་པ་བཞིན་དུ་གོས་ཀྱིས་གདོང་གཡོགས་ཏེ། །རིང་བར་བྲོས་ཀྱང་རྗེས་སུ་བསྙེགས་པ་གཟིགས། །ལོ་ཟླ་ཉིན་ཞག་རྩིས་ཀྱིས་བཏབ་པའི་མཐར། །ལུས་ཀྱི་ཐ་མ་རྐང་ལག་བྲོ་གར་འཁྲབ། །མལ་གྱི་ཐ་མ་བཤང་གཅིས་མི་གཙང་བསྒོས། །དབུགས་ཀྱི་ཐ་མ་ལྐོག་མར་ཐིམས་པ་གཟིགས། །ལུས་ནི་ངུར་སྨྲིག་གསར་པའི་གོས་ཀྱིས་མཛེས། །དབང་པོ་ཞི་ཞིང་གཉའ་ཤིང་གང་དུ་བལྟ། །ཡིད་ནི་ཏིང་འཛིན་བདུད་རྩིས་ཚིམ་པ་ཡི། །གནས་གཙང་ལྷ་ཡི་དགེ་སློང་གཟིགས་མ་ཐག །གཡོ་ཅན་མཛའ་མོའི་སྦྱོར་ཚུལ་མཐའ་དག་དང་། །འདོད་པ་མ་རྙེད་ཚོལ་དང་བསྲུང་བ་སོགས། །ཁྱིམ་གྱི་ཉེས་པའི་རང་བཞིན་མཐོང་གྱུར་ཏེ། །གཅིག་པུར་དབེན་པའི་གནས་ལ་དགྱེས་པར་གྱུར། །ཉི་ཟླ་འཆར་ནུབ་དུས་བཞིའི་འགྱུར་བ་དང་། །ཉལ་འགྲོའི་བགྲོད་པ་ནམ་མཇུག་བུང་བའི་སྐད། །འཆི་མེད་ལྷ་ཡི་སིལ་སྙན་བརྒྱ་ཕྲག་གིས། །ཁབ་ནས་མངོན་པར་འབྱུང་བར་ཡང་ཡང་བསྐུལ། །ལྦུ་བའི་འཛུམ་དཀར་གཡོ་བའི་སྙན་སྒྲོགས་མ། །ནཻ་རཉྫ་ཎའི་ཆུ་བོའི་ཀླུང་འགྲམ་དུ། །བཟོད་དཀའི་དཀའ་ཐུབ་རྟ་གདོང་མེ་ལྕེ་ཡིས། །གདུང་བར་མ་གྱུར་སྙིང་སྟོབས་ཆུ་གཏེར་འཕེལ། །ས་ཆེན་རྣམ་དྲུག་གཡོ་བའི་གོམ་སྟབས་ཀྱིས། །བྱང་ཆུབ་ཤིང་དྲུང་གཤེགས་ལ་ལྷ་དབང་གིས། །གཙང་མའི་ཀུ་ཤ་ཕུལ་བའི་གདན་ཁྲི་ལ། །གཡོ་མེད་ཐུགས་ཀྱིས་རྩེ་གཅིག་མཉམ་པར་བཞག །བདུད་ཀྱི་དཀྱིལ་འཁོར་སྣང་བའི་འོད་བཀྱེ་བས། །བསམ་གཏན་ལ་ཆགས་ཟས་གཙང་སྲས་པོ་ལ། །བྱེ་བ་ཕྲག་བརྒྱའི་ཀློང་ནས་བདུད་དཔུང་ཚོགས། །རུ་མཚོན་དྲག་པོའི་མཚོན་གྱི་ཆར་པས་བྲེལ།།

བཅོམ་ལྡན་རྒྱལ་བ་འབེན་བྱས་པའི། །བདུད་ཀྱི་རལ་གྲི་མདུང་དང་མདའ། །མེ་ཏོག་པདྨར་གྱུར་མཐོང་ནས། །བདུད་ཚོགས་མྱ་ངན་ཁང་བུར་ཞུགས། །བཞིན་གྱི་པདྨ་དཀར་པོ་རབ་རྒྱས་ཤིང་། །མཆུ་ཡི་བིམྤའི་མེ་ཏོག་དམར་ཞིང་སྣུམ། །ལང་ཚོའི་ཟླ་བ་རྒྱས་པའི་སྒེག་ལྡན་མ། །དགའ་སྟོབས་མ་སོགས་བུ་མོ་སོ་གཉིས་ཀྱིས། །འདོད་པའི་བརྡ་ཐབས་དྲུག་ཅུ་རྩ་བཞི་ཡིས། །སྣ་ཚོགས་སྒྱུ་རྩལ་སྦྱོར་བས་བསླུ་བྲིད་ལ། །མ་ཆགས་མཉམ་བཞག་ཟབ་མོའི་བདེ་བ་ལ། །མངོན་པར་དགྱེས་པའི་ཏིང་འཛིན་ལྷག་པར་བརྟན། །སྤངས་རྟོགས་ཆ་ཤས་རྫོགས་ལ་འགྲན་པ་བཞིན། །ས་གའི་ཟླ་བ་ཉ་བའི་ཐོ་རངས་དུས། །རྨོངས་པའི་གཉིད་སངས་ཤེས་བྱའི་དཀྱིལ་འཁོར་ལ། །བློ་གྲོས་རབ་རྒྱས་ཁམས་གསུམ་བླ་མར་གྱུར། །ཟབ་ཞི་སྤྲོས་བྲལ་འོད་གསལ་བདུད་རྩིའི་ཆོས། །གཏིང་རྟོགས་དཀའ་བར་གཟིགས་ནས་བཏང་སྙོམས་མཛད། །གསེར་གྱི་མངལ་ལྡན་ལྷ་དབང་འབུམ་ཕྲག་བཅས། །རྩིབས་སྟོང་འཁོར་ལོ་ཕུལ་ཏེ་བསྐུལ་བ་ལས། །དྲུག་པའི་དཀར་ཆ་བཟང་པོ་དང་པོའི་ཉིན། །ཝཱ་རཱ་ཎ་སཱིར་སྟོང་ལས་བཞི་པའི་ཁྲིར། །སྔོན་ཆད་ལྷ་མི་ཀུན་གྱིས་ས་གསུམ་པོར། །སུས་ཀྱང་མ་ནུས་ངོ་མཚར་ཆོས་འཁོར་བསྐོར།།

ཆོས་འཁོར་གནས་བཅས་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀོ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོ་མའི་གྲངས་དང་སྒྱུ་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །སྐྱེས་མཆོག་ཐུབ་པ་ལོ་རེ་བཞུགས། །མཉན་ཡོད་གྲོང་དུ་ཉེར་གསུམ་བཞུགས། །སྨན་གྱི་ནགས་སུ་ལོ་བཞི་དང་། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་དང་། །ཁབ་ཏུ་ཉི་ཤུ་རྩ་དགུ་སྟེ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་བཞུགས། །ལུམྦིའི་ཚལ་དུ་བལྟམས་ཚེ་མཆོད་རྟེན་གཅིག །ནཻ་རཉྫ་འགྲམ་རྡོ་རྗེའི་གདན་ཉིད་དུ། །མངོན་པར་བྱང་ཆུབ་བརྙེས་པའི་མཆོད་རྟེན་དང་། །རྒྱལ་པོའི་ཁབ་ཏུ་བདུད་དམག་འབུམ་ཕྲག་ནི། །བཅོ་བརྒྱད་བཏུལ་བའི་མཆོད་རྟེན་ཆེན་པོ་དང་། །ཚངས་དབང་བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས། །གསོལ་བཏབ་ཆོས་འཁོར་བསྐོར་སར་མཆོད་རྟེན་གཅིག །ཀ་ཤི་ཝཱ་རཱ་ཎ་སཱི་རི་དྭགས་ཀྱི། །ནགས་སུ་ཆོས་འཁོར་བསྐོར་བའི་མཆོད་རྟེན་དང་། །མཉན་ཡོད་གྲོང་ཁྱེར་དགུ་བཅུ་རྩ་དྲུག་གི །མུ་སྟེགས་ཕམ་མཛད་ཆོ་འཕྲུལ་མཆོད་རྟེན་ཆེ། །ཀ་ཤིའི་ཡུལ་དུ་སུམ་ཅུ་རྩ་གསུམ་གྱི། །ལྷ་ལས་བབས་པའི་མཆོད་རྟེན་ཆེན་པོ་དང་། །གྱད་ཡུལ་རྩྭ་མཆོག་གྲོང་དུ་ཤིང་སཱ་ལ། །ཟུང་གི་དྲུང་དུ་མྱང་འདས་མཆོད་རྟེན་ནོ།།

སྐུ་གདུང་རིང་བསྲེལ་ཆ་བརྒྱད་བསྒོས། །མ་གྷ་ངྷ་དང་སཱ་ལའི་ཚལ། །རྩྭ་མཆོག་གྲོང་དང་ཡངས་པ་ཅན། །ཙན་ཙ་ཀ་དང་བིཥྞ་དྲ། །སེར་སྐྱའི་ཡུལ་དང་རྒྱལ་པོའི་ཁབ། །ཡུལ་ཆེན་བརྒྱད་དུ་མཆོད་རྟེན་བཞེངས། །ཀུན་ཁྱབ་ཆོས་སྐུའི་ལྷ་ལམ་ཡངས་པ་ནས། །བཅུ་གཉིས་མཛད་བཟང་འོད་དཀར་དྲ་བ་ཅན། །ཁམས་གསུམ་ཤར་རིའི་ཕྲག་པར་གར་བསྒྱུར་བས། །སྐལ་བཟང་ཕན་བདེའི་པད་ཚལ་ཡོངས་སུ་བཞད། །ཅེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས། ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པའི་ཡལ་འདབ་སྟེ་དང་པོའོ།།  །།

 

༈ མཐའ་བྲལ་ལྟ་བའི་དགའ་སྟོན་གྲུ་བོ་ཆེར། །ཞུགས་པས་མ་ཚིམ་གསང་སྔགས་སྦས་པའི་གཏེར། །མི་ཟད་འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར། །ཀླུ་སྒྲུབ་གདེངས་ཅན་དབང་པོའི་ཞབས་ལ་འདུད། ། (དུས་འཁོར་གྱི་རྒྱུད་ཕྱི་མ་ལས།) འཕགས་པའི་ཡུལ་གྱི་རྒྱལ་པོ་བདེ་གཤེགས་དམ་ཚིག་ཅན་ལ་སངས་རྒྱས་ལམ་སྟོན་མཛད་པ་པོ། །ཀླུ་སྒྲུབ་རྡོ་རྗེ་ཅན་ཡང་སྲིད་པ་གསུམ་གྱི་བླ་མས་ཆོས་ཀྱི་དབྱིངས་སུ་ལུང་བསྟན་ཅིང་། །དགེ་སློང་ཀླུ་སྒྲུབ་ཅེས་བྱ་ཡོན་ཏན་མ་ལུས་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །ཞེས་གསུངས་པ་བཞིན་སློབ་དཔོན་འདི། །སྟོན་པ་ཤཱཀྱའི་རྒྱལ་པོ་ཡིས། །ཚངས་པའི་དབྱངས་ཀྱིས་ལུང་བསྟན་ཚུལ། །མདོ་སྡེ་ལངྐར་གཤེགས་པ་ལས། ། (སྲིན་པོ་ལངྐ་མགྲིན་བཅུའི་ཡུལ་དུ་གཤེགས་ནས་མདོ་འདི་གསུངས་པས་ལངྐར་གཤེགས་པའི་མདོ་ཞེས་མཚན་བཏགས་པར་འགྲེལ་པར་གསུངས།) མགོན་པོ་མྱ་ངན་འདས་འོག་ཏུ། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ཡིན། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་ཏའི་ (རྩྭ་འཇག་མའི་མིང་ཡིན་ཞེས་སྒྲོན་གསལ་གྱི་མཆན་ལས་གསུངས།) ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེའི་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། ། (ཞེས་དང་།) རྒྱལ་བ་ཀླུ་རིགས་སྒྲོན་མེ་ལ། །རྒྱལ་པོ་བརྩོན་འགྲུས་ཀླུ་ཞེས་པས། །བསྟན་འདིར་ཆོས་ཀྱི་སྒྲ་ཆེན་པོ། །ལན་གསུམ་བསྒྲག་པའི་སྨོན་ལམ་བཏབ། །དེ་མཐུས་སློབ་དཔོན་ཀླུ་སྒྲུབ་འདི། །སྟོན་པའི་སྤྱན་སྔར་ལིཙཱ་བྱི། །རྔ་བོ་ཆེར་ཡང་ལུང་བསྟན་མཛད། །ཀླུ་ཡི་རྟོགས་བརྗོད་རྒྱས་པར་ནི། །དཔལ་ལྡན་ཟླ་བའི་ཞལ་སྔ་ནས། །རྩ་ཤེས་ཊཱིཀྐཱ་ཚིག་གསལ་དང་། །སྒྲོན་མ་གསལ་བར་གསུངས་པ་ (འགྲེལ་པ་བཞི་སྦྲགས་ཀྱི་མཇུག་ན་གསལ་) བཞིན། །འཇམ་མགོན་བླ་མ་ཡབ་སྲས་ཀྱིས། །བསྟོད་བསྔགས་བསམ་མི་ཁྱབ་པ་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་པ་ནི། །ལྷུན་པོའི་ཕྱོགས་བཞིར་གླིང་མཆོག་བཅུ་གཉིས་ཀྱིས། །ཡོངས་སུ་མཛེས་པའི་མི་མཇེད་འཇིག་རྟེན་འདིའི། །གླིང་གི་སྙིང་པོ་རྡོ་རྗེ་གདན་གྱི་སའི། །ལྷོ་ཕྱོགས་བཻ་ཏའི་ཡུལ་གྲུ་ཆེན་པོ་རུ། །རིག་བྱེད་ཀློག་དང་མཆོད་སྦྱིན་སྙན་དངགས་སྦྱིན། །ངེས་བརྗོད་སྲིད་བསྲུང་གཙང་སྦྲ་ཀུན་ཏུ་སྤྱོད། །ལས་དྲུག་ལྡན་པའི་བྲམ་ཟེའི་རིགས་མཆོག་ཏུ། །སྤྲུལ་པའི་སྐྱེ་བ་བཟུང་ཞིང་འཁྲུངས་མ་ཐག །མཚན་མཁན་མཁས་པས་དགེ་སློང་བརྒྱ་ཕྲག་ལ། །ཆོས་སྟོན་དྲངས་ན་ལོ་བདུན་བར་དུ་འཚོ། །དེ་ལས་ལྷག་པའི་སྐུ་ཚེ་མ་མཆིས་ཞེས། །ལུང་བསྟན་བདེན་སྙམ་དགུང་ལོ་བདུན་པའི་ཚེ། །ཡབ་ཡུམ་གཉིས་ཀྱིས་སྲས་ཀྱི་ངོ་། །བལྟ་བར་མ་བཟོད་གཡོག་དང་བཅས། །ཕྱོགས་སུ་འཁྱམས་སུ་བཏང་བ་ལས། །ཁ་སར་པཱ་ཎིས་ཞལ་བསྟན་ཏེ། །རིམ་གྱིས་སོང་བས་ནཱ་ལེན་དྲར། །ས་ར་ཧ་པའི་སྒོ་འགྲམ་དུ། །སྙན་དངགས་རིག་བྱེད་བཀླགས་པ་ལས། །རབ་ཏུ་བྱུང་ནས་ཚེ་དཔག་མེད། །འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ། །དབང་བསྐུར་གཟུངས་སྔགས་བཟླས་པའི་མཐུས། །འཆི་མེད་ཚེ་ཡི་རིག་འཛིན་བརྙེས། །མུ་གེ་ཆེན་པོ་ལོ་བསྐོར་དུ། །བྱུང་ཚེ་གསེར་འགྱུར་རྩི་བླངས་ནས། །ནཱ་ལེན་དྲ་ཡི་དགེ་འདུན་ལ། །འཚོ་བའི་ཡོ་བྱད་མཐའ་དག་སྦྱར། །དེ་ཚེ་དགེ་སློང་བདེ་བྱེད་ཀྱིས། །རིགས་པའི་རྒྱན་ཅེས་བྱ་བ་ཡི། །གཞུང་ལུགས་འབུམ་ཕྲག་བཅུ་གཉིས་བརྩམས། །མི་རུང་བ་ཡི་གཞི་རྣམས་ལ། ། (གཞི་བཅུ་ནི། ཧུ་ལུ་ཡིད་རངས་ས་རྐོ་ཆང་དང་ཚྭ། །ལམ་དང་སོར་མོ་འདིང་བ་དཀྲུགས་དང་གསེར།།) དགེ་འདུན་ཚོགས་ནས་ཨ་ལ་ལ། །བརྗོད་པས་ལྟུང་བ་འདག་པ་སོགས། །བསླབ་པར་བག་ཡངས་བྱེད་པ་རྣམས། །ཚར་བཅད་ཆོས་སྒྲ་དང་པོ་བསྒྲགས། །གདེངས་ཅན་དབང་པོས་རང་གི་ཕོ་བྲང་དུ། །སྤྱན་དྲངས་ནོར་བུའི་ཁྲི་ལ་ཞབས་བཀོད་དེ། །སྐལ་ལྡན་ཀླུ་དབང་ཚོགས་ལ་ཆོས་བསྟན་པས། །ས་འོག་གནས་པའི་རབ་རིབ་མ་ལུས་བསལ། །གདེངས་ཅན་ཡུལ་ནས་ཤེར་ཕྱིན་མདོ། ། (རྒྱ་ནག་ལུགས་ལ་སྤྱན་དྲངས་པའི་ཆོས་དེ་ཕལ་ཆེན་ལ་ངོས་འཛིན་ནོ།།) སྤྱན་དྲངས་རིགས་ཚོགས་དྲུག་མཛད་ཅིང་། །བདེན་དངོས་སྨྲ་བའི་རང་གཞན་སྡེ། །ཞིབ་ཏུ་བཀག་སྟེ་དབུ་མ་པའི། །སྲོལ་ཕྱེ་ཆོས་སྒྲ་གཉིས་པ་བསྒྲགས། །གནོད་སྦྱིན་ཀླུ་འཇིམ་ཕུལ་བ་ལས། །འཇིམ་པས་མཆོད་རྟེན་བྱེ་བ་བཞེངས། །རྒྱ་གར་ཡུལ་གྲུ་ཕལ་མོ་ཆེ། །ཆོས་སྐུའི་རྟེན་གྱིས་ཁྱབ་པར་མཛད། །ཤར་ཕྱོགས་ལི་ཁར་ཤིང་འཕེལ་དུ། །གསེར་འགྱུར་བྱས་ཏེ་དབུལ་ཕོངས་ལ། །སྦྱིན་གཏོང་རྒྱ་ཆེར་གནང་བའི་ཚེ། །བྲམ་ཟེ་རྒན་ཁོག་གཉིས་ལ་ཡང་། །གསེར་མང་གནང་བས་རྒན་པོ་དེ། །ཉེ་གནས་བྱས་ཏེ་ཆོས་ཉན་པས། །ཤི་ནས་ཀླུ་ཡི་བྱང་ཆུབ་གྱུར། །ཤར་ཕྱོགས་པཊ་བཻ་ས་དང་། །ར་ངྷར་ཞེས་བྱའི་ཡུལ་མཆོག་ཏུ། །སྐུ་གཟུགས་གསུང་རབ་མཆོད་རྟེན་དང་། །གཙུག་ལག་ཁང་ཡང་གྲངས་མང་བཞེངས། །དྲིལ་བུའི་དབྱིབས་ལྡན་བྲག་རི་ཆེན་པོ་ཞིག །གསེར་དུ་བསྒྱུར་ནས་སྦྱིན་པ་བྱེད་དགོངས་པས། །སྲེད་ལྡན་མི་རྣམས་རྩོད་པའི་རྒྱུར་འགྱུར་ཞེས། །ལྷ་ཡིས་བཀག་པས་གསེར་འགྱུར་བྱེད་པ་བཤོལ། །སྒྲ་མི་སྙན་དུ་གཤེགས་པའི་ལམ་བར་དུ། །གྲོང་ཁྱེར་དཔལ་ཡོན་ཅན་གྱི་བྱིས་པ་རྣམས། །རྩེ་བའི་ཁྲོད་ནས་བྱིས་པ་ཛེ་ཏ་ཡི། །ལག་རིས་གཟིགས་ནས་རྒྱལ་པོར་ལུང་བསྟན་མཛད། །སྒྲ་མི་སྙན་དུ་ལོ་གྲངས་སུམ་བརྒྱ་བཞུགས། །འཛམ་བུའི་གླིང་དུ་སླར་ཡང་གཤེགས་པའི་ཚེ། །སྔར་གྱི་བྱིས་པ་རྒྱལ་པོ་བདེ་སྤྱོད་ཀྱིས། །རིན་ཆེན་མང་པོ་སྐྱེས་སུ་ཕུལ་བ་ལ། །སྐྱེས་ལན་ཆོས་ཀྱི་རིན་ཆེན་ཕྲེང་བ་གནང་། །ཆོས་དབྱིངས་བསྟོད་པ་ལ་སོགས་པར། །ཁམས་ཀྱི་དྲི་མ་སྦྱོང་བའི་ཚུལ། །རྒྱས་པར་གསུངས་ཤིང་རྔ་བོ་ཆེའི། །མདོ་གསུངས་ཆོས་སྒྲ་གསུམ་པ་བསྒྲགས། །བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་། །ལྕགས་ཀྱི་དྲ་མིག་རྭ་བས་བསྐོར། །ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི། །མཆོད་རྟེན་ཆེན་པོའི་ཕོ་བྲང་དུ། །ཐུགས་རྗེ་ཆེན་པོའི་རྡོ་སྐུ་བཞེངས། །སྔོན་མེད་སྲི་ཞུའི་མཆོད་པ་མཛད། །མཐའ་བྲལ་དབུ་མའི་ལྟ་བ་ནི། །ལུང་གིས་སྒྲུབ་པ་བསྟོད་ཚོགས་སྐོར། །རིགས་པས་སྒྲུབ་པ་རིགས་ཚོགས་དྲུག །སྤྱོད་པ་ལུང་རིགས་ཀྱིས་སྟོན་པ། །མདོ་སྡེ་ཀུན་ལས་བཏུས་པ་དང་། །ཐེག་པ་ཆེན་པོའི་བློ་སྦྱོང་གཉིས། །ཉན་ཐོས་རིགས་ཅན་མཐའ་དག་ལ། །རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། །འདི་ལས་བྱང་ཆུབ་སེམས་དང་ནི། །སེམས་ཅན་མགུ་བར་བྱས་པ་ཡི། །ཕན་ཡོན་དཔག་མེད་གསུངས་པ་ལས། །ཚིགས་བཅད་འགའ་ཞིག་འདི་ལྟར་ཡིན། །གང་དག་མགུ་བར་བྱས་ན་སྐྱིད་པ་དང་། །མགུ་བར་མ་བྱས་རྒུད་པ་མི་བཟད་ཐོབ། །སྲོག་ཀྱང་ཡོངས་སུ་བཏང་བར་བྱས་ནས་སུ། །དེ་དག་ཡོངས་སུ་མགུ་བར་བྱ་བས་རིགས། །གང་དག་དགའ་བར་བྱས་པས་མང་པོ་རྣམས། །འགྲུབ་པར་འགྱུར་བ་སེམས་ཅན་འདི་རྣམས་སོ། །འཇིག་རྟེན་ན་ནི་སེམས་ཅན་དག་ལས་གཞན། །འགྲུབ་པར་འགྱུར་བའི་ཞིང་ནི་ཡོད་མ་ཡིན། །འདི་དག་ཡིད་བཞིན་ནོར་བུ་བུམ་པ་བཟང་། །འདོད་དགུ་བཞོ་བར་བྱ་བའི་བཞོན་དང་མཚུངས། །བླ་མ་དང་ནི་ལྷག་པའི་ལྷ་ཡང་འདྲ། །དེ་ལྟ་བས་ན་དེ་དག་མགུ་བར་བྱ། །ལུང་དང་རིགས་པས་ཡོངས་སུ་བརྟགས་ནས་ནི། །སེམས་ཅན་རྣམས་ནི་བདག་སྙམ་རློམ་པ་ཡི། །དམ་པའི་ལག་ཏུ་དགེ་ལེགས་ཐམས་ཅད་ནི། །ཡུན་མི་རིང་བར་འབྱུང་བར་འགྱུར་བ་ཡིན། །ཇི་སྲིད་འདི་ནི་མངོན་དུ་མ་བྱས་པ། །དེ་སྲིད་གྲུབ་པ་ཡོད་པ་མ་ཡིན་ནོ། །རེ་ཞིག་བརྟག་པར་བྱ་ཕྱིར་ཇི་སྐད་དུ། །བཤད་པ་འདི་ལ་འབད་པར་གྱིས་ཤིག་དང་། །ཆེན་པོ་ཉིད་ཀྱི་རྒྱུ་མཚན་དུ་གྱུར་པ། །ཡོན་ཏན་རང་ཉིད་ཀྱིས་ནི་ཐོབ་པར་འགྱུར། །ཞེས་གསུངས་ཁྱིམ་པར་བཤེས་སྤྲིངས་དང་། །རབ་བྱུང་རྣམས་ལ་བྱང་ཆུབ་ཚོགས། །སྔགས་ཀྱི་ལྟ་སྤྱོད་སྟོན་པ་ལ། །ཀུན་ལས་བཏུས་དང་སེམས་འགྲེལ་གཉིས། །བསྐྱེད་རིམ་སྟོན་པ་མདོར་བྱས་དང་། །མདོ་བསྲེ་རྫོགས་རིམ་རིམ་ལྔ་མཛད། །རིམ་ལྔ་ཡོངས་རྫོགས་སློབ་དཔོན་གྱིས། །གསུངས་པ་མིན་ཚུལ་གསལ་སྒྲོན་གསལ། །སྦྱོར་བ་བརྒྱ་པ་ལ་སོགས་པ། །གསོ་བ་རིག་པའི་བསྟན་བཅོས་དང་། །དམངས་ལ་སྐྱེ་བོ་གསོ་ཐིགས་སོགས། །ལུགས་ཀྱི་བསྟན་བཅོས་མང་པོ་དང་། །རྒྱལ་པོ་བློན་པོ་ཐམས་ཅད་ལ། །གདམས་པ་རིན་ཆེན་ཕྲེང་བ་དང་། །ཤེས་རབ་བརྒྱ་པ་རྟེན་འབྲེལ་རྩིས། །སྤོས་སྦྱོར་གསེར་འགྱུར་གཞུང་རྣམས་མཛད། ། (རྒྱ་ནག་ཆོས་འབྱུང་དུ་སློབ་དཔོན་འདིས་མཛད་པའི་ཤེར་མདོའི་འགྲེལ་པ་བམ་པོ་བརྒྱ་པ་ཞིག་ཡོད་པར་གསུངས།) རྒྱལ་པོ་བདེ་སྤྱོད་བཟང་པོའི་སྲས། །གཞོན་ནུ་ནུས་ལྡན་ཞེས་བྱ་བས། །སློབ་དཔོན་ཆེན་པོར་དབུ་བསླངས་པས། །རལ་གྲིས་མ་ཆོད་འཇག་མ་ཡིས། །བཅད་པའི་དབུ་ཡི་རྩ་བ་ནས། །ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །གསུངས་བཞིན་མ་འོངས་པ་ན་དབུ་འབྱར་ནས། །བསྟན་དང་འགྲོ་དོན་མཛད་ཅེས་རབ་ཏུ་གྲགས། །གསུང་རབ་རིན་ཆེན་བང་མཛོད་བརྙེས། །ལྟ་ངན་བསྲེགས་པས་ཀླུ་དང་མཚུངས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། །ཉེས་པའི་དགྲ་ཚོགས་འདུལ་བ་ལ། །སྲིད་སྒྲུབ་དག་དང་འདྲ་བས་ན། །ཀླུ་སྒྲུབ་ཅེས་པའི་མཚན་གསོལ་ལོ།།

གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར་སྐབས། །སློབ་དཔོན་འདི་ནི་ཤར་ཕྱོགས་ཀྱི། །ཀི་ཉྩའི་བྱེ་བྲག་ཀ་ཏོ་རར། །བྲམ་ཟེའི་རིགས་སུ་འཁྲུངས་པའི་ཚེ། །ཡུལ་དེར་གྲོང་ཁྱེར་ཁྲི་ཕྲག་དང་། །སྟོང་ཕྲག་ལྔ་ཡོད་ཐམས་ཅད་ལ། །ནོར་རྣམས་བྱིན་ནས་ནཱ་ལེནྡྲར། །རབ་ཏུ་བྱུང་ནས་མདོ་སྔགས་གཞུང་། །རིག་གནས་རྣམས་ལ་མཁས་པར་སྦྱངས། །སྒྲོལ་མ་བསྒྲུབས་པས་ཞལ་གཟིགས་ཤིང་། །གནོད་སྦྱིན་ཕོ་མོ་བརྒྱ་རྩ་ཡིས། །འཚོ་བའི་ཡོ་བྱད་ཐམས་ཅད་སྦྱར། །ལོ་སྐོར་གཅིག་ཏུ་སྒྲུབ་པ་མཛད། །དཔལ་གྱི་རིར་བྱོན་ལམ་བར་དུ། །གཙང་པོའི་འགྲམ་དུ་བ་རྫི་ཡིས། །སློབ་དཔོན་ཁུར་ནས་ཆུ་བརྒལ་བས། །འཇིགས་པ་སྣ་ཚོགས་བསྟན་པ་ན། །ཁོ་བོ་མ་ཤིའི་བར་དུ་ནི། །མ་འཇིགས་ཞུས་པས་སློབ་དཔོན་གྱིས། །སྤྲུལ་པ་བསྡུས་ཏེ་སྐམ་སར་བྱོན། །དངོས་གྲུབ་ཅི་འདོད་གསུངས་པ་ན། །རྒྱལ་པོ་བྱེད་པའི་ཐབས་ཞུས་པར། །ཤིང་སྡོང་ཞིག་ལ་ཆུ་གཏོར་བས། །གླང་པོ་ཆེར་བསྒྱུར་འཁུན་པའི་ཚེ། །དམག་དཔུང་བྱེ་བ་འབྱུང་བ་སྤྲུལ། །རྒྱལ་པོའི་མཚན་ལ་བནྔྷ་དང་། །བཙུན་མོའི་མིང་ལ་སིནྔྷིར་བཏགས། །བྷ་ངྷི་ཏ་ནཱའི་གྲོང་ཁྱེར་ཞེས། །འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ལ། །དབང་བའི་རྒྱལ་པོ་ཆེན་པོར་གྱུར། །སློབ་དཔོན་དཔལ་གྱི་རིར་བྱོན་ནས། །སྒོམ་སྒྲུབ་ཡུན་རིང་མཛད་པ་ན། །རྒྱལ་པོས་བླ་མ་དྲན་གྱུར་ཏེ། །དཔལ་གྱི་རིར་ཕྱིན་སློབ་དཔོན་ལ། །རྒྱལ་སྲིད་མནོག་ཆུང་ཉེས་དམིགས་ཆེ། །སློབ་དཔོན་སྤྱན་སྔར་སྡོད་ཞུས་པས། །རིན་པོ་ཆེ་ཡི་ཕྲེང་བ་ལ། །བློན་པོ་གྱིས་ལ་རྒྱལ་སྲིད་སྐྱོངས། །དུས་མིན་འཆི་བས་མི་འཇིགས་པའི། །བཅུད་ལེན་སྦྱིན་གྱིས་སྒྲུབས་གསུངས་པས། །བཅུད་ལེན་བསྒྲུབས་པས་ལོ་བདུན་བརྒྱད། །རྒྱལ་སྲིད་བཟུང་སྟེ་གནས་པའི་ཚེ། །འགྲོ་རྣམས་འབྱོར་པ་དང་ལྡན་ཞིང་། །བྱ་དང་རི་དྭགས་བདེ་བར་འཚོ། །སངས་རྒྱལ་བསྟན་པ་དར་ཞིང་རྒྱས། །དེ་ལ་བདུད་རིགས་བར་ཆད་ཀྱིས། །ཉི་ཟླའི་འོད་ཟེར་མོག་པོར་གྱུར། །ཤིང་ཐོག་འབྲས་བུ་རང་སར་བྲུལ། །ཆར་ཆུ་དུས་སུ་མ་བབས་པས། །སྲོགས་ཆགས་རྣམས་ལ་མུ་གེས་གཟིར། །ནད་དང་མཚོན་གྱི་བསྐལ་པ་དང་། །རྩི་ཤིང་ནགས་ཚལ་སྐམས་པ་སོགས། །མི་ཤིས་སྣ་ཚོགས་བྱུང་བའི་ཚེ། །རྒྱལ་པོ་འཁོར་བཅས་སློབ་དཔོན་གྱི། །སྤྱན་སྔར་ཕྱིན་ནས་འདི་ལྟར་ཞུས། །བདག་དང་སེམས་ཅན་བསྐལ་པ་ཟད་གྱུར་ཏམ། །རྒྱལ་བའི་བསྟན་པ་ཉམས་པར་གྱུར་ཏམ་ཅི། །ནག་པོའི་ཕྱོགས་རྣམས་རྒྱལ་བར་གྱུར་པའམ། །ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ། །ཆར་སྤྲིན་དང་འདྲའི་བདུད་ཀྱིས་བསྒྲིབས་སམ་ཅི། །རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། །འདུས་བྱས་རང་བཞིན་འབྱུང་ངམ་སྡིག་ལྟས་རྣམས། །འབྱུང་བས་བདག་ནི་འདིར་ནི་མཆིས་ལགས་ཀྱི། །ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་རློབས། །ཞུས་པས་སློབ་དཔོན་ཞལ་སྔ་ནས། །སྐྱེ་བ་ཀུན་འཆི་འདུས་པ་འབྲལ། །བསགས་པ་ཐམས་ཅད་འཛད་འགྱུར་ཞིང་། །འདུས་བྱས་ཐམས་ཅད་མི་རྟག་ན། །དེ་ལ་མི་དགའ་ཅི་ཡོད་གསུངས། །སྤྲུལ་པ་ལྔ་ཡིས་ཅིག་ཅར་དུ། །ནུབ་ཕྱོགས་ཨུ་རྒྱན་མཚོ་འགྲམ་དུ། །ནཱ་ག་བོ་ངྷིར་རྡོར་དབྱིངས་དང་། །རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ། །ཟླ་གྲགས་སོགས་ལ་ཕ་རྒྱུད་གསུངས། །བྱང་དུ་ཕར་ཕྱིན་ནུབ་ཕྱོགས་སུ། །ལེགས་ལྡན་སོགས་ལ་དབུ་མ་དང་། །ལྷོ་རུ་ཨཱརྱ་དེ་ཝ་ལ། །ཚད་མའི་བསྟན་བཅོས་གསུངས་པར་བཤད། །ཚངས་པའི་སྤྲུལ་པའི་བྲམ་ཟེ་ལ། །ཀུ་ཤས་རང་གི་དབུ་བཅད་དེ། །སྦྱིན་པར་བཏང་བས་རྒྱལ་པོ་ཡང་། །མྱ་ངན་སེམས་ཀྱིས་བཀུམ་པར་གྱུར། །སྔར་གྱི་གནོད་སྦྱིན་མོ་བརྒྱད་ཀྱིས། །སློབ་དཔོན་སྐུ་བསྲུངས་ད་ལྟ་ཡོད། །མ་འོངས་བྱམས་པའི་བསྟན་པ་ལ། །བཞེངས་ནས་བསྟན་འགྲོའི་དོན་ཡང་མཛད། །བསྐལ་བཟང་སངས་རྒྱས་སྟོང་བྱོན་ནས། །བསྐལ་པ་དྲུག་ཅུ་རྩ་གཉིས་ལ། །རང་རྒྱལ་བྱེ་བ་འབུམ་ཕྲག་འབྱུང་། །དེ་འོག་སངས་རྒྱས་བརྒྱད་འབྱུང་ཞིང་། །བརྒྱད་པའི་དུས་སུ་འཇིག་རྟེན་འདི། །དྭངས་པའི་འོད་ཅེས་བྱ་བར་འགྱུར། །དྭངས་པའི་འོད་ཀྱི་འཇིག་རྟེན་དུ། །སློབ་དཔོན་འདི་ནི་བཅོམ་ལྡན་འདས། །ཡེ་ཤེས་འབྱུང་གནས་འོད་དུ་འགྱུར། །སངས་རྒྱས་དེ་ཡི་སྐུ་ཚེའི་ཚད། །བར་གྱི་བསྐལ་པ་བཅོ་ལྔར་བཞུགས། །ཞིང་དེར་ཉན་རང་མུ་སྟེགས་དང་། །མི་ཁོམ་པ་ཡི་མིང་ཡང་མེད། །བྱང་ཆུབ་སེམས་དཔའ་མང་བཞུགས་ཤིང་། །སྒྲ་དབྱངས་སྙན་པ་རྟག་ཏུ་ཐོས། །རྒྱལ་བ་དེ་ཡི་བསྟན་པ་ནི། །བགྲང་བྱ་བྱེ་བ་ཕྲག་ཏུ་གནས། །ཐུབ་དབང་ཀུན་གསལ་ནོར་བུ་ནུབ་རིའི་རྩེར། །འོད་གསལ་གོས་དམར་གྱིས་གཟིམས་མ་བཟོད་ནས། །བཞི་བརྒྱའི་ལོ་གྲངས་ཤར་རིའི་ཅོད་པན་ལས། །ཀླུ་སྒྲུབ་སྨྲ་བའི་ཟླ་བ་ཤར་འདི་མཚར། ། (དགོངས་འགྲེལ་འགྲེལ་ཆེན་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ཉིས་བརྒྱ་ན་བྱོན་ཞེས་བཤད་པར་ཀུན་གཞིའི་དཀའ་འགྲེལ་ལས་གསུངས།།) ཐུབ་པས་བྱ་རྒོད་ཕུང་པོའི་རིར། །སྐལ་བཟང་ལྷ་དང་མི་རྣམས་ལ། །སྔོན་མེད་ངོ་མཚར་བདུད་རྩིའི་སྐྱེས། །ཆོས་འཁོར་གཉིས་པ་ཤེར་ཕྱིན་གསུངས། །དངོས་བསྟན་སྟོང་པའི་སྲོལ་འབྱེད་ཀླུ་སྒྲུབ་གཞུང་། །མཐར་འཛིན་སྙིང་གི་མུན་པར་ཕན་བདེའི་སྨན། །སྦས་དོན་ཤིང་རྟའི་སྲོལ་འབྱེད་མི་ཕམ་གཞུང་། །ཀུནྡ་གསར་པར་ཟླ་བའི་ཐིགས་ཕྲེང་བཞིན། །དབུ་སེམས་གཞུང་གི་ལུང་རིགས་མཁར་བ་ལ། །མ་བརྟེན་ཤེར་ཕྱིན་ཤིང་རྟའི་སྲོལ་འབྱེད་མཁན། །གསུམ་པ་ཀུ་ཤའི་ཐང་ཆེན་དེ་ན་མེད། །བཞི་པར་སྨྲ་རྣམས་རྣ་བའི་བདུད་རྩི་མིན། །མཁས་ལ་རིགས་ཚོགས་བཤེས་ལ་གཏམ་ཚོགས་དང་། །ཐུབ་ལ་སྙན་དངགས་བསྟོད་པའི་ཚོགས་རྣམས་ཀྱིས། །ཟབ་མོ་དབུ་མའི་ཆོས་སྒྲ་ལན་གསུམ་དུ། །མངོན་པར་བསྒྲགས་པ་དཔལ་ལྡན་བློ་འཆང་ཞབས། །ཁྱོད་ཀྱིས་རྟེན་འབྱུང་དྲི་ཟའི་གླུ་དབྱངས་འབུམ། །བསྒྲགས་པས་རྟག་ཆད་ཚངས་པའི་དཀའ་ཐུབ་དཀྲོལ། །བསླུ་མེད་ལས་འབྲས་ལང་ཚོའི་ཟུར་མིག་མ། །ཚོལ་བའི་ངལ་བ་འཇིག་རྟེན་མེས་པོ་བཞིན། །བདེན་དངོས་འགོག་བྱེད་ (རྩ་ཤེས་དང་ཞིབ་མོ་རྣམ་འཐག་གཉིས་) རྟེན་འབྲེལ་རྡོ་རྗེ་ཐོགས། །མུ་སྟེགས་ལྷ་རིར་འཕངས་དེས་རང་ (རིགས་པ་དྲུག་ཅུ་པ་) སྡེ་ཡི། །རྟག་ཆད་འདམ་བུ་བསྲེགས་རྗེས་རྟེན་འབྲེལ་ལ། །ངེས་པ་སྟེར་བྱེད་སྟོང་ཉིད་བདུན་ཅུ་པ། །ཨེ་མ་འཁོར་འདས་ཀུན་ལ་ཅོ་འདྲི་མཁན། །རྟེན་འབྱུང་རིགས་པའི་མདའ་འདིའི་ངོ་མཚར་གྱིས། །འཕོང་སྐྱེན་ནག་པ་སྲིད་སྒྲུབ་རྩོད་པའི་དཔུང་། །གཡུལ་གྱི་འཕྲིན་ལས་དོར་ནས་མཐོ་རིས་སོང་། །དེ་ཕྱིར་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཅེས། །གྲགས་དཀར་བ་དན་སྲིད་འདིར་མ་ཤོང་བར། །ཉི་ཟླའི་བུ་མོས་ཤིང་རྟའི་རོལ་རྩེད་ལས། །རྒྱ་མཚོའི་འགྲམ་ནས་ནམ་མཁའི་མཐོངས་སུ་ཁུར། །ཐེག་གསུམ་འཕགས་པར་ཟབ་མོ་སྟོང་ཉིད་ཀྱི། །ལྟ་བའི་ཁྲི་ལ་རྒྱལ་སྲིད་མཉམ་དུ་བྱིན། །ཐེག་ཆེན་འཕགས་པ་འཁོར་བའི་སྨན་ལྗོངས་སུ། །དཔལ་འབྱོར་ཏིང་འཛིན་སྨོན་ལམ་དབང་གིས་གཤེགས། །ལྟ་བའི་འཇུག་ངོགས་མཐོ་ཡང་སེམས་བསྐྱེད་ཀྱི། །དགའ་མ་མ་རྙེད་གཅིག་པུར་འགོག་སྙོམས་ཀྱི། །ཏིང་འཛིན་རོ་ལ་ཆགས་པས་རྒྱལ་རྣམས་ཀྱིས། །གཞན་དོན་གླང་པོའི་ཁུར་གྱི་ཆད་ལས་བྱིན། ། (ཉན་རང་དགྲ་བཅོམ་ཞི་བདེས་ཐུགས་འཕྲོག་ནས་འགོག་པ་ལ་སྙོམས་པར་ཞུགས་པ་རྣམས་སངས་རྒྱས་ཀྱིས་ཐེག་ཆེན་ལམ་དུ་ཞུགས་ཞེས་བསྐུལ་ནས་གཞན་དོན་བྱེད་དགོས་པའི་ཆད་ལས་གླང་པོ་ཆེའི་ཁུར་དུ་ལོང་བ་བྱིན་ཅེས་སྙན་དངགས་ཀྱིས་སྒྲོ་བཏགས་པ་ཡིན་ཏེ་གཞན་ལ་རིགས་འདྲའོ།།) མཐའ་བཞིའི་སྐྱེ་འགོག་རིགས་པའི་ཞགས་པ་ཡིས། །ཕས་རྒོལ་འཆིང་བྱེད་བུངྔྷ་པཱ་ལི་ཏ། །གཞན་ལ་མ་གྲགས་གསང་བ་རྣམ་བརྒྱད་ཀྱིས། ། (གཞིའི་སྐབས་སུ་ཐ་སྙད་དུའང་རང་མཚན་དང་། ཀུན་གཞི་ཁས་མི་ལེན་ཞིང་། ཕྱི་དོན་ཁས་ལེན་པ་དང་། ལམ་གྱི་སྐབས་སུ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང་། རང་རིག་ཁས་མི་ལེན་ཞིང་། སྒྲིབ་གཉིས་ཀྱི་འཇོག་ཚུལ་དང་། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཁས་ལེན་པའི་ཚུལ་དང་། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱིས་ཇི་སྙེད་པ་མཁྱེན་པའི་ཚུལ་ཏེ་དཀའ་གནད་བརྒྱད་ཀྱིས།) ཀླུ་སྒྲུབ་དགོངས་པ་བཀྲལ་བ་ཨེ་མ་མཚར། །ཐལ་འགྱུར་གནམ་ལྕགས་འོད་དུ་ཞུ་བ་ན། །དངོས་འཛིན་གློག་གི་ཞགས་པ་དབྱིངས་སུ་ཡལ། །གཞན་གྲགས་འབྲུག་གི་ན་ཆུང་ང་རོ་སྒྲོགས། །སྟོང་པའི་ནམ་མཁར་བརྟེན་འབྲེལ་འཇའ་ཚོན་བཀྲ། །དབུ་མའི་རྒྱ་མཚོར་ཞུགས་ནས་སྐུ་གསུམ་གྱི། །ནོར་བུ་ལེན་འདོད་ཀླུ་སྒྲུབ་དེད་དཔོན་གྱི། །རྗེས་ཞུགས་ལེགས་ལྡན་ཡེ་སྙིང་ཞི་འཚོ་སོགས། །རང་རྒྱུད་སྲོལ་འབྱེད་ཐུབ་བསྟན་ནམ་མཁའི་རྒྱན། །རིགས་ཚོགས་ (དྲུག་མངོན་རྟོགས་) རྒྱན་དང་རྒྱུད་བླའི་ལུང་རིགས་ལ། །དཔྱོད་མཁས་སློབ་དཔོན་རང་རྒྱུད་སྐྱ་བསེང་བུས། །དངོས་སྨྲའི་དགྲ་ངན་དཔུང་ཚོགས་ཀུན་བཅོམ་སྟེ། །བདེན་འཛིན་གཡུལ་ལས་རྒྱལ་བའི་བ་དན་འཕྱར། །རིགས་ཚོགས་རྒྱན་དང་རྒྱུད་བླར་དབུ་མའི་ལམ། །མཐུན་པར་བསྒྲགས་པའི་བདུད་རྩི་མ་ཐོབ་པར། །རྒྱུད་བླའི་གཞུང་དུ་གཞན་དབང་བདེན་གྲུབ་ཀྱི། །སྨིག་རྒྱུར་སྙེགས་རྣམས་མྱ་ངམ་ཐང་ལ་སྐམ། །ཐུབ་པའི་མཚོ་ལས་ཟབ་རྒྱས་ཆོས་ཀྱི་རྒྱུན། །གངྒཱ་སི་ཏ་སིནྔྷུ་པཀྵུའི་གཏེར། །ཆུ་ཀླུང་ཕྱོགས་བཞིར་འཕྱུར་ལས་སྙིང་པོའི་བཅུད། །ཀླུ་སྒྲུབ་ཛ་ཧུའི་ཞལ་སྒོར་ཧུབ་ཀྱིས་དྲངས། །ཆོས་ཀྱི་བདག་མེད་རྒྱས་བསྡུས་ལྟ་བའི་ཚུལ། །ཐེག་གཉིས་འཕགས་པར་སྦྱར་བའི་སྒྲུབ་བྱེད་གཞུང་། །མཚན་མ་མེད་ལ་ཐར་པ་མེད་གསུངས་པའི། །གནད་འདི་ཤེས་པ་མཁས་པའི་རྣམ་དཔྱོད་འཕྲུལ། །གངས་ཅན་ལྗོངས་འདིར་སྔོན་བྱོན་རྔོག་ལོ་སོགས། །དབུ་མའི་སྲོལ་བཟུང་པ་ཚབ་ལོ་ཙཱ་བ། །བུ་བཞིར་བཅས་ལ་ཐལ་འགྱུར་བཀའ་བབས་བཞིན། །རྩ་འཇུག་བཞི་གསུམ་གཞུང་གི་བཤད་རྒྱུན་སྤེལ། །འཇམ་པའི་དབྱངས་ཀྱི་མཁྱེན་དཔྱོད་ཨུཏྤ་ལས། །ཟེའུ་འབྲུའི་དཔལ་ལས་བློ་བཟང་ཚངས་པ་ཆེས། །གྲུབ་མཐའ་རྣམ་བཞི་མཐའ་བྲལ་ལྟ་བ་ཡི། །རྔ་གསང་རབ་བསྒྲགས་བདུད་རྩིའི་དགའ་ཆར་འབེབས། །ཐེག་གསུམ་ལྟ་བ་ཁྱད་མེད་ཀླུ་སྒྲུབ་ཀྱི། །རིགས་ཚོགས་འོད་ཕྲེང་རྒྱན་དང་རྒྱུད་བླ་མའི། །ནམ་མཁའི་རྒྱན་ཅེས་ཤིང་རྟ་ཆེན་པོ་གཉིས། །ཟབ་རྒྱས་དགོངས་པ་གཅིག་པའི་སྲོལ་ཆེན་ཕྱེ། །མཐའ་བྲལ་ལྟ་བའི་མེ་ཏོག་མ་རྙིང་པར། །རྟག་ཆད་མཚན་མའི་སེན་རིས་ཆགས་མཐོང་ནས། །ཀླུ་སྒྲུབ་གཞུང་གི་དེ་ཉིད་མཛེས་མའི་ལུས། །རྟེན་འབྱུང་སྟོད་གཡོག་མིང་གིས་བསྒྲིབས་སམ་སྙམ། །ཨེ་མ་བརྟེན་ནས་སྐྱེ་བའི་མ་སྐྱེས་ཞེས། །སྐྱེ་མེད་རྟེན་འབྱུང་གནད་ལ་དུས་གཅིག་ཏུ། །ངེས་པ་དྲངས་ནས་རྒྱུ་འབྲས་མི་བསླུ་བར། །འཕྲོག་མེད་ཡིད་ཆེས་སྦྱིན་པར་རྒྱལ་བས་གསུངས། །གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །དེ་ཕྱིར་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ། (ཞེས་སོ།།) དེ་ཕྱིར་ཟབ་མདོ་རིགས་པའི་ཚོགས་རྣམས་སུ། །རང་བཞིན་རྟག་ལྟ་གཏན་མེད་ཆད་ལྟ་གཉིས། །སྒྲོ་སྐུར་བསལ་བཞག་བྲལ་ཕྱིར་དབུ་མ་ཞེས། །མཚན་གྱི་དགེ་ལེགས་རི་མོ་ཆེད་དུ་བྲིས། ། (རྗེའི་ཞལ་ནས།) སྒྲུབ་དང་སུན་འབྱིན་ལམ་ནི་མི་འདྲ་བའི། །རིགས་ལམ་སྟོང་གི་འོད་ཟེར་སྤྲོས་པ་ཡིས། །མཐར་འཛིན་སྙིང་གི་མུན་སྟུག་འཇོམས་མཛད་པ། །ཀླུ་སྒྲུབ་སྨྲ་བའི་ཉི་མ་རྒྱལ་གྱུར་ཅིག །སྐར་ཚོགས་དབུས་ན་མཚན་མོའི་མགོན་པོ་བཞིན། །འགྲེལ་མཛད་ཀུན་གྱི་ཁྲོད་ན་ལྷམ་མེ་བ། །གྲུབ་མཆོག་སངས་རྒྱས་བསྐྱངས་དང་ཟླ་བའི་ལུགས། །དྲན་པ་ཡིས་ཀྱང་དད་པའི་སྤུ་ལོང་གཡོ། །ཞེས་བསྔགས་རྩ་ཤེས་གཞུང་ཚད་ནི། །ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཡིན། །ཆགས་པ་བརྟག་པའི་རབ་བྱེད་དུ། །ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པའི་ཚིག་གཉིས་བསྲེ་བསླད་ཡིན། །རབ་བྱེད་གཞུང་རྣམས་ཉམས་ལེན་གྱི། །ལམ་གྱི་རིམ་པར་བསྒྲིག་ཚུལ་དང་། །རབ་བྱེད་ཀུན་ལ་གཞུང་དོན་དང་། །ངེས་དོན་མདོ་དང་སྦྱོར་བའི་ཚུལ། ། (རབ་བྱེད་ཉེར་བཞི་པ་དང་ཉེར་དྲུག་པ་གཉིས་ལ་ངེས་དོན་གྱི་མདོ་དང་སྦྱོར་ཚུལ་མ་གསུངས།།) དོན་བསྡུ་གསུམ་གསུམ་ཤེས་པ་གཅེས། །རབ་བྱེད་གོང་འོག་ཐམས་ཅད་ཀྱིས། །བསྟན་པའི་ཟབ་མོ་སྟོང་པ་ཉིད། །ཇི་ལྟར་ཉམས་སུ་ལེན་པའི་ཚུལ། །རབ་བྱེད་བཅོ་བརྒྱད་པ་ལས་ནི། །སྟོང་པ་ཉིད་ལ་འཇུག་ཚུལ་དང་། །དེ་ལ་ལུང་འགལ་སྤངས་པ་དང་། །དེ་ལ་རིམ་གྱིས་བཀྲི་ཚུལ་དང་། །སྟོང་པ་ཉིད་ཀྱི་མཚན་ཉིད་དང་། །དེ་ཉིད་ངེས་པར་སྒྲུབ་དགོས་པ། །ལྔ་ཡིས་ཟབ་མདོ་ཐམས་ཅད་ཀྱི། །དགོངས་པ་དྲིལ་ཏེ་བསྟན་པ་ལ། །ངེས་དོན་མདོ་དང་སྦྱོར་བའི་ཚུལ། །རྗེ་ཡི་རྩ་ཤེས་ཊཱིཀ་ཆེན་ལས། (བཤེས་གཉེན་དང་དལ་འབྱོར་ལ་སོགས་པའི་ཕྱི་ནང་གི་རྐྱེན་ཚོགས་པ་ཤིན་ཏུ་རྙེད་དཀའ་བར་བསྟན་ལ། ཚུལ་ཁྲིམས་ཡོངས་སུ་དག་པས་གཞི་བཟུང་ནས་མང་དུ་ཐོས་པའི་དོན་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཟབ་མོའི་དོན་ལ་དབེན་པའི་གནས་སུ་འདྲིས་པར་བྱ་ཡི། ཚིག་ཏུ་སྨྲ་བ་ཙམ་ཆེད་ཆེར་མི་བྱེད་པ་ནི་གསུང་རབ་ཀྱི་གདམས་པ་རྣམས་ཀྱི་དོན་པོ་ཡིན་ནོ།།) ཇི་སྐད་དུ་ཡབ་སྲས་མཇལ་བ་ལས། སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང་། །དེ་བཞིན་བསྟན་ལ་དད་པ་ཐོབ་པར་དཀའ། །མི་ཡི་སྲིད་པ་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །མི་ཁོམ་བརྒྱད་པོ་ཐམས་ཅད་ཡོངས་སྤངས་ཤིང་། །ཁོམ་པ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ལ། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིག་པའི་རྣལ་འབྱོར་སྤྱོད། །སྒྲ་ལ་འཆེལ་ཅིང་འདུག་པར་མ་བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཁྱེད་ཀྱིས་རྟག་ཏུ་དགོན་པའི་གནས་བསྟེན་ལ། །དེས་ནི་མི་མཆོག་དམ་པར་འགྱུར་བར་བྱོས། །ཆོས་སྨྲའི་དགེ་བཤེས་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའ་འང་མ་བསྟེན་ཅིག །སེམས་ཅན་ཀུན་ལ་སེམས་ནི་མཉམ་གྱིས་ལ། །སེམས་ཅན་དེ་ལ་ནམ་ཡང་མ་རློམ་ཞིག །ཚུལ་ཁྲིམས་ལྡན་དང་མང་དུ་ཐོས་གྱིས་ལ། །རྟག་ཏུ་ཕྱག་དར་ཁྲོད་དང་བསོད་སྙོམས་སྤྱོད། །གཡེལ་བ་མེད་པར་ཤིང་དྲུང་བསྟེན་གྱིས་ལ། །བཀུས་ཏེ་བོར་བ་མཆོག་ལ་མ་སྨོད་ཅིག །འདུས་བྱས་འདི་དག་ཐམས་ཅད་འདུས་བྱས་མིན། །མཚན་ཉིད་གཅིག་ཀྱང་སྨིག་རྒྱུ་འདྲ་བ་ཡིན། །དམ་པའི་དོན་གྱིས་མི་གཅིག་ཤེས་གྱིས་ལ། །མྱུར་དུ་གཞལ་བྱས་བྱང་ཆུབ་རེག་པར་གྱིས། །ཕུང་པོ་ལྔ་རྣམས་སྒྱུ་མ་བཞིན་དུ་ལྟོས། །ནང་གི་སྐྱེ་མཆེད་དྲུག་དང་ཕྱི་ཡི་དྲུག །དེ་དག་གྲོང་སྟོང་འདྲ་བར་གསུངས་པས་ནི། །དེ་ལ་ནམ་ཡང་རྟེན་པར་མི་བྱེད་ཅིང་། །འདོད་ཆགས་ཞེ་སྡང་རང་བཞིན་སྟོང་པ་ཉིད། །གཏི་མུག་ང་རྒྱལ་ཡོངས་སུ་རྟོག་པས་བསྐྱེད། །རྟོག་པ་དེའང་མ་བྱུང་འབྱུང་མེད་པར། །དེ་ལྟར་ཤེས་ན་འདྲེན་པ་རྣམས་སུ་འགྱུར། །ཞེས་གསུངས་གྲུབ་མཐའ་ཆེན་མོ་ལས། །སྟག་ཚང་ལོ་ཆེན་འགོག་པའི་སྐབས། །རྩ་ཤེས་རབ་བྱེད་ཉེར་བཞི་པའི། །ལུང་འདི་རྩ་འགྲེལ་དྲངས་ནས་བཀག །དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །(ཞེས་གསུངས་པ་ལྟར་སྟོང་ཉིད་ཀྱི་དགོས་པ་དང་། སྟོང་ཉིད་ཀྱི་མཚན་ཉིད་དང་། སྟོང་ཉིད་ཀྱི་ཚིག་ལ་རང་བཞིན་གྱིས་སྟོང་པ་ཞེས་རང་བཞིན་སྦྱར་བའི་དོན་གསུམ་ནི། ཚིག་གསལ་ལས་དེ་ནས་སྟོང་པ་ཉིད་ཀྱི་དགོས་པ་ཅི་ཞེ་ན་འདི་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། ། ཞེས་བདག་བརྟགས་པར་བཤད་ཟིན་ཏོ། །སྟོང་པ་ཉིད་གང་ཡིན་ཞེ་ན་དེ་ཡང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དེ་ཉིད་དུ་བཤད་ཟིན་ཟིན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་པ་དེ་ཉིད་དུ་སྟོན་པར་འགྱུར་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡིན་གྱི། དངོས་པོ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་སྒྲའི་དོན་མ་ཡིན་ནོ།།) གསུངས་བཞིན་གྲུབ་མཐའ་རྩ་འགྲེལ་དང་། །རྩ་ཤེས་འཇུག་པའི་ཊཱིཀ་ཆེན་གཉིས། །སྟོང་ཐུན་སོགས་ལ་ཐོས་བསམ་གྱིས། །ཀླུ་སྒྲུབ་ལུགས་བཟང་འཛིན་པ་གཅེས། །མཐའ་བྲལ་དབུ་མའི་ལྟ་བ་ལ། །མིའམ་ཅི་ཡི་རྒྱལ་པོ་ཡིས། །དཀའ་བའི་དྲི་བ་བཅུ་ཕྲག་ལྷག །རྒྱལ་བའི་སྤྱན་སྔར་འདི་ལྟར་ཞུས། །རྒྱལ་བའི་གསུང་ནི་ཐོས་གྱུར་ནས། །ཤེས་རབ་ཆེ་མངའ་བདག་དོགས་སྐྱེས། །སྟོང་པ་ཉིད་དང་ལུང་བསྟན་པ། །བདེ་གཤེགས་བདག་གིས་དེ་མ་འཚལ། །གསུང་གི་ཟླ་བ་ཆོས་ཀྱི་དབྱིངས། །འགྱུར་མ་མཆིས་ལ་སྟོང་པ་དང་། །རང་བཞིན་མེད་གསུངས་ཇི་ལྟ་བུ། །མཆོད་པ་འདི་ཅི་གང་ཟག་མཆོག །སྐྱེ་བ་མ་མཆིས་བྱང་ཆུབ་ཏུ། །སེམས་བསྐྱེད་པ་ནི་ཇི་ལྟ་བུ། །མི་དབང་བདག་པོ་ཇི་ལྟར་ན། །འགག་པ་མ་མཆིས་འཆི་འཕོ་གསུངས། །སྒྱུ་མ་འདྲ་བ་ལྷར་སྐྱེ་ཞེས། །གསུངས་པ་དེ་ནི་ཇི་ལྟ་བུ། །གནས་པའང་མཆིས་པ་མ་ལགས་ལ། །དགེ་བཤེས་བསྟེན་གསུངས་ཇི་ལྟ་བུ། །གཡོ་བའང་མ་མཆིས་བགྱི་བ་རྣམས། །རྐང་གཉིས་མཆོག་གསུངས་མི་ལྟ་བུ། །རང་བཞིན་སྟོང་སྟེ་སྟོང་པ་ཡང་། །རྟོགས་ཞེས་མགོན་གསུངས་ཇི་ལྟ་བུ། །ཞི་བ་ཡོད་ཅེས་བཀའ་སྩལ་ལ། །ཆོས་ཀུན་ཞི་གསུངས་ཇི་ལྟ་བུ། །མཚུངས་མེད་འདི་འདྲའི་ལྡེམ་པོའི་དག །བདག་ལ་རྣམ་པར་བསྟན་དུ་གསོལ། །སྐུ་མཛེས་གྱུར་ཀྱང་ཆོས་ཀྱི་རྣམ། །ནམ་མཁའ་འདྲ་གསུངས་ཇི་ལྟ་བུ། །ཆོས་ནི་རབ་ཏུ་སྤངས་བགྱིས་ན། །མི་མཁས་དམྱལ་ལྟུང་ཇི་ལྟ་བུ། །བརྟན་པ་མཐོ་རིས་འཇིག་རྟེན་དང་། །འགྲོ་བ་གཞན་ཡང་གསུངས་པ་དང་། །ལས་དེ་བགྱིད་པ་མ་མཆིས་ལ། །རང་ལས་ཅན་གསུངས་ཇི་ལྟ་བུ། །དགེ་བའི་ཚོགས་གྱུར་མ་མཆིས་ལ། །བྱང་ཆུབ་ཡང་དག་བསྒྲུབ་པའང་གསུངས། །ཆོས་རྣམས་ཟད་པ་མེད་གསུངས་ལ། །སྤོང་བྱེད་ལས་ནི་ཟད་བསྟན་མཛད། །ཡང་དག་མཐའ་ཡང་བཀའ་སྩལ་པ། །མ་ནོར་སྦྱིན་པའང་བསྟན་མཛད་པ། །འདི་ཡང་རབ་རིབ་བྲལ་བ་ཡི། །སྤྱན་མངའ་སྡིག་སྤངས་བསྟན་དུ་གསོལ། །ཐམས་ཅད་གཟིགས་པ་མ་གཏོགས་པར། །གཞན་གྱིས་བདག་གི་ཐེ་ཚོམ་འདི། །སེལ་ནུས་མ་མཆིས་དེ་ལྟ་བས། །བདག་ནི་རྒྱལ་བ་མཆོག་ལ་དད། ། (ལན་བཀའ་སྩལ་པ།) སྟོང་པ་ཉིད་དང་ལུང་བསྟན་པ། །བདག་གིས་མ་འཚལ་ཞེས་སྨྲས་པ། །གལ་ཏེ་འགའ་ཞིག་མི་སྟོང་ན། །རྒྱལ་བས་དེ་ལུང་བསྟན་མི་གསུང་། །ཅི་ཕྱིར་ཞེ་ན་འདི་ལྟ་བུར། །རང་གི་རང་བཞིན་གནས་གྱུར་ན། །འགྱུར་བ་མེད་ཅིང་ཐེར་ཟུག་སྟེ། །དེ་ལ་འཕེལ་མེད་འགྲིབ་པ་མེད། །མེ་ལོང་ཤིན་ཏུ་ཡོངས་དག་པ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཆོས་ཀྱི་དབྱིངས་ནི་འགྱུར་མེད་ན། །མཆོད་པའི་ཡན་ལག་གང་འགྱུར་ཞེས། །ཡན་ལག་རྣམས་ལ་བརྟག་བྱོས་ལ། །ལྗོན་པ་མཆོད་པ་འདི་ལ་སྤྱོད། །ཆོས་དབྱིངས་རྣམ་པ་ཐམས་ཅད་དུ། །འགྱུར་མེད་སྐྱེ་བོ་མཁས་པས་རྟོགས། །བྱིས་པ་རྣམས་ནི་འདི་ལ་འཁྲུལ། །བློ་སྦྱངས་པས་ནི་མེད་པར་ཤེས། །སྐྱེ་བའང་མ་མཆིས་སེམས་ཀྱང་བསྐྱེད། །དེ་ནི་མ་འཚལ་ཞེས་སྨྲས་པ། །སྟོབས་བཅུ་མངའ་བའི་ལྡེམ་པོའི་ངག །གཞན་དུ་མ་སེམས་མཉན་པར་གྱིས། །བྱིས་པ་འཁོར་བར་དགའ་བ་རྣམས། །འཁོར་བར་མངོན་དགའ་སེམས་ཞེན་པ། །ལོག་པའི་སེམས་དང་འདུ་ཤེས་ཅན། །འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར། །དེ་དག་སྔོན་ཆད་མ་ཐོས་པའི། །སེམས་མེད་ཆོས་ནི་ངས་བཤད་ན། །བྱིས་པའི་བློ་དང་ལྡན་པ་རྣམས། །འདི་ལ་ཀུན་ཏུ་རྨོངས་པར་འགྱུར། །བྱང་ཆུབ་གཞོལ་བའི་སེམས་ཉིད་དང་། །བྱང་ཆུབ་ཕན་ཡོན་ཐོས་གྱུར་ནས། །ཟིལ་གྱིས་མ་ནོན་རང་བྱུང་སེམས། །རྒྱ་ཆེན་དེ་ནི་ཐོབ་པར་འགྱུར། །འགག་པ་མ་མཆིས་འཆི་འཕོ་བ། །དེ་ཡང་མ་འཚལ་ཞེས་སྨྲས་པ། །འཆི་འཕོ་ཡང་དག་ལུང་བསྟན་པ། །གཞན་དུ་མ་སེམས་མཉན་པར་གྱིས། །གང་ཟག་རྟག་འཛིན་དེ་དག་ལ། །འདི་ལ་མི་འགྱུར་ཐེར་ཟུག་མེད། །དངོས་པོ་འདི་དག་མི་རྟག་ཅེས། །བདེ་གཤེགས་འཆི་འཕོ་རྣམ་པར་སྟོན། །སྒྱུ་མ་འདྲ་ལ་ལྷར་སྐྱེ་བ། །ཇི་ལྟ་བུ་ཞེས་དོགས་གྱུར་པ། །མཐར་ཕྱིན་མ་གྱུར་སློབ་པ་དང་། །སྐྱེ་བོ་རྣམས་ལ་མཐོ་རིས་བཤད། །གནས་པའང་ཡོད་པ་མ་ཡིན་ལ། །དགེ་བཤེས་བསྟེན་ཅེས་གང་སྨྲས་པ། །གནས་དང་བྲལ་བར་བྱ་བའི་ཕྱིར། །གནས་པ་མེད་པའི་དགེ་བཤེས་བསྟེན། །གཡོ་བ་མ་མཆིས་བགྱི་བ་རྣམས། །བསྟན་པ་མ་འཚལ་ཞེས་སྨྲས་པ། །ཤིང་རྟའི་ཡན་ལག་འདུས་པ་དང་། །ཤིང་རྟའི་བྱ་བ་བཞིན་དུ་རྟོགས། །མི་གང་བདག་ཡོད་ཁས་ལེན་ཅིང་། །བྱ་བའམ་བདག་གིས་བྱས་འཛིན་པ། །དེ་དག་ལ་ནི་བྱ་བ་དང་། །གཡོ་བ་མེད་པར་བདེ་གཤེགས་བཤད། །རང་བཞིན་སྟོང་སྟེ་སྟོང་པ་ཡང་། །རྟོགས་ཞེས་ང་ཡིས་གང་སྨྲས་པ། །བྱིས་པ་ལོག་པའི་བློ་ཅན་རྣམས། །རང་བཞིན་སྟོང་པར་མི་ཤེས་པ། །དེ་དག་རྣམས་ལ་བསྟན་པའི་ཕྱིར། །རང་བཞིན་སྟོང་ཞེས་བདེ་གཤེགས་སྟོན། །ཀུན་ཏུ་རྟོག་པའི་རྟོག་པ་སྐྱེད། །ཡང་དག་མ་ཡིན་རྟོགས་པས་བཅིངས། །ཞི་བ་ཡོད་ཅིང་ཆོས་ཀུན་མེད། །ཞི་བར་མཐོང་ཞེས་སྨྲས་པ་ནི། །མི་ཤེས་རྨོངས་པར་གྱུར་རྣམས་ཀྱིས། །ཀུན་ཏུ་རྟོག་ལ་སྲེད་པ་སྐྱེད། །སྐོམ་པས་ཇི་ལྟར་སྨིག་རྒྱུ་ལས། །ཀུན་ཏུ་རྟོག་པས་སྐོམ་པ་སྐྱེད། །མི་མཁས་དེ་ནི་རྟོག་པའི་རྒྱུས། །ཡོད་པ་མིན་ལ་ལེག་པར་བཏགས། །ཆུ་ཡིན་པར་ནི་མཐོང་གྱུར་ཀྱང་། །སྨིག་རྒྱུ་ལ་ནི་ཆུ་མེད་དོ། །དེ་བཞིན་ཡོངས་སུ་རྟོག་པར་བཏགས། །སྡུག་པ་མིན་ལ་སྡུག་པར་རྟོག །བྱིས་པ་འདོད་ཆགས་ལྡན་པ་དག །སྡུག་དང་ལྡན་པ་རང་བཞིན་གྱིས། །སྡུག་མེད་སྨིག་རྒྱུའི་ཆུ་བཞིན་ཏེ། །སྨིག་རྒྱུ་ལ་ནི་ཆུ་མེད་དོ། །དེ་བཞིན་གཟུགས་ལ་སྡུག་པ་མེད། །གཟུགས་དེ་སྡུག་པ་མ་ཡིན་ན། །བྱིས་པ་ལོག་པའི་འདུ་ཤེས་ཅན། །སྡུག་པར་རྟོག་པས་བཅིངས་པར་གྱུར། །ཆོས་རྣམས་ནམ་མཁའ་འདྲ་བ་དང་། །སྤོང་བ་དམྱལ་ལྟུང་ཞེས་སྨྲས་པ། །མེད་པ་མཐོང་བར་མ་གྱུར་པ། །མི་མཁས་རྣམས་ནི་སྐྲག་པར་འགྱུར། །རང་བཞིན་ངོ་བོ་ཉིད་སྟོང་ན། །བདག་ཞེན་དུས་ནི་མི་ཤེས་པ། །དེ་དག་སྟོང་ཞེས་ཐོས་གྱུར་ན། །བདག་མེད་འགྱུར་ཞེས་སྐྲག་པ་སྐྱེ། །དེ་དག་བདག་ཏུ་མངོན་ཞེན་ཏེ། །ནམ་མཁའ་ལ་ནི་མདུད་བོར་ནས། །སྟོང་པ་གྱ་ནོམ་སྤོང་བྱེད་དོ། །མི་མཁས་སེམས་དམྱལ་ཆེན་པོར་ལྟུང་། །མཐོ་རིས་འཇིག་རྟེན་ངས་བསྟན་དང་། །སྐྱེ་བོ་འགྲོ་རྒྱུད་གཞན་དག་དང་། །ལས་དང་ངས་ནི་བསྟན་བྱ་སྟེ། །བྱེད་པ་པོ་ནི་རབ་ཏུ་བཀག །ཡང་དག་ཏུ་ན་འགྲོ་འོང་དག །རྨི་འདྲར་བཤད་པ་ཤེས་པར་གྱིས། །རྨི་ལམ་གང་ལའང་དངོས་པོ་མེད། །ལོག་པའི་བློ་ལྡན་མངོན་པར་ཞེན། །ངས་ནི་ལས་ཀྱི་རྣམ་པ་བསྟན། །བྱེད་པོ་ཕྱོགས་བཅུ་རྣམས་ན་མེད། །ཤིང་རྣམས་རླུང་གིས་བསྒུལ་བ་ལས། །མེ་འབྱུང་འགྱུར་བ་ཇི་བཞིན་ནོ། །བདག་ཅག་མེ་འདི་བསྐྱེད་བྱ་ཞེས། །རླུང་དང་ཤིང་ལ་སེམས་པ་མེད། །འོན་ཀྱང་མེ་ནི་འབྱུང་བ་ལྟར། །ལས་ཀྱི་བྱེད་པོ་དེ་བཞིན་ནོ། །བསོད་ནམས་ཚོགས་ནི་ཡོད་མིན་ལ། །བྱང་ཆུབ་ཡང་དག་སྒྲུབ་པ་དང་། །ལེགས་སྤྱད་ཡོད་ཅེས་ཟེར་བ་ནི། །དེ་ཚུལ་ཡང་དག་མཉན་པར་བྱོས། །མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། །ལོ་ལ་ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་དང་། །ལས་ཟད་ནས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པར་བསྟན། །ཡང་དག་མཐའ་ནི་ངས་བཤད་པ། །ཕྱིན་ཅི་ལོག་དེ་ཡང་དག་མཐའ། །ལོག་པའི་བློ་ཅན་བྱིས་པ་རྣམས། །ཡང་དག་མཐའ་ནི་མི་ཤེས་སོ། །རང་བཞིན་སྟོང་པར་གང་ཤེས་པ། །གང་ནི་ཡང་དག་མཐའ་ལ་གནས། །ཞེས་གསུངས་དྲི་ཚིག་དྲིས་ལན་གཉིས། །སྦྱར་ནས་ལེགས་པར་དཔྱད་གྱུར་ན། །ཡ་མཚན་གོ་བ་སྟེར་རོ་ཞེས། །སྤྱན་སྔ་བློ་གྲོས་རྒྱལ་མཚན་གསུངས། །ཡབ་སྲས་མཇལ་བའི་མདོ་སྡེ་ལས་གསུངས་པའི། །མི་འམ་ཅི་ཡི་རྒྱལ་པོ་རྟ་མགོ་ཅན། ། (དེ་ནི་ལུས་དུད་འགྲོའི་གཟུགས་ལ་བྱད་གཟུགས་བཟང་བ་མགོ་ན་རྭ་གཅིག་ཡོད་པས་མིའམ་ལྷའམ་དུད་འགྲོའམ་སྙམ་པའི་ཐེ་ཚོམ་སྐྱེ་བས་མིའམ་ཅིའི་ལྷ་ཞེས་ལངྐར་ཤེགས་པའི་མདོ་འགྲེལ་དུ་གསུངས།) དྲིས་ལན་བདུད་རྩིའི་ཐིགས་པ་རེ་རེས་ཀྱང་། །སྐལ་བཟང་འཆི་མེད་ཚོགས་ལ་འདོད་དགུ་སྩོལ། །རང་ཉིད་སྡེ་སྣོད་རྒྱ་མཚོར་མ་ཞུགས་པར། །གདེངས་ཅན་གཙུག་གི་ནོར་བུ་ལེན་འདོད་པའི། །བླུན་སྒོམ་མཁའ་ལྡིང་རིགས་སྔགས་བཟླས་པ་ལ། །ངལ་བ་ལྷུར་ལེན་གང་དེ་ཨེ་མ་མཚར། །ཞེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་གཉིས་པའོ།།  །།

 

༈ ཀླུ་སྒྲུབ་སྲས་ཀྱི་ཚུལ་བཟུང་ནས། །ཚེ་འདིར་ཟུང་འཇུག་གོ་འཕང་བརྙེས། །ཐེག་ཆེན་བསྟན་པ་རྒྱས་མཛད་པ། །འཕགས་པ་ལྷ་ཡི་རྟོགས་བརྗོད་འབྲི། །རྒྱ་གར་ཡུལ་མཆོག་སིངྒཱ་ལའི། །རྒྱལ་པོའི་མེ་ཏོག་ལྡུམ་རའི་མཚོར། །པདྨ་དམར་པོ་ཉིན་མཚན་ཀུན། །འདབ་མ་ཟུམ་པ་གཅིག་བྱུང་བས། །རྒྱལ་པོ་འཁོར་བཅས་ངོ་མཚར་ཏེ། །གཅེས་སྤྲས་མཛད་པས་ཞག་བདུན་ནས། །པདྨའི་འདབ་མ་ཕྱེ་བའི་དབུས། །ཁྱེའུ་ལོ་བརྒྱད་ལོན་པའི་ཚོད། །ཟིལ་པ་ཁྲོམ་མེར་བཞུགས་པ་མཐོང་། །མངལ་སྐྱེས་ལག་པས་རྗེན་པར་ནི། །སྐུ་ལ་རེག་པ་མི་རུང་སྙམ། །པཉྩ་ལི་ཀའི་རས་ཁུད་དུ། །བཀུར་སྟི་ཆེན་པོས་སྤྱན་དྲངས་ཚེ། །ལམ་ཁར་སྤྲུལ་པའི་ཁྱེའུ་ཡིས། །སློབ་དཔོན་ཀླུ་སྒྲུབ་བཞུགས་སམ་གསུངས། །རྒྱལ་པོས་རང་གི་བུར་བཟུང་སྟེ། །གཅེས་པར་བསྐྱངས་ཤིང་ཆེར་སྐྱེས་ཚེ། །དཔལ་གྱི་རི་ལ་ཀླུ་སྒྲུབ་ལས། །བསྙེན་པར་རྫོགས་ཏེ་འཇམ་པའི་དབྱངས། །བསྒྲུབས་པས་མངོན་སུམ་ཞལ་མཐོང་ཞིང་། །འཕགས་པ་ལྷ་ཞེས་ཀུན་ཏུ་གྲགས།།

དེ་ཚེ་རྒྱ་གར་ལྷོ་ཕྱོགས་ནས། །བྲམ་ཟེ་མ་ཁོལ་ཞེས་བྱ་བ། །རིག་པའི་གནས་རྣམས་ཀུན་ལ་མཁས། །དབང་ཕྱུག་ཆེན་པོས་མངོན་སུམ་དུ། །ཚངས་པ་ཁྱབ་འཇུག་ཨུ་མ་གསུམ། །རྩོད་པའི་གྲོགས་སུ་བྱིན་པ་དེས། །རྒྱ་གར་ཤར་ཕྱོགས་མཁས་པ་རྣམས། །ཕམ་པར་བྱས་དེ་ཡུལ་དབུས་ཀྱི། །ནཱ་ལེནྡྲ་ཡི་པཎྜི་ཏ། །སྟོང་དང་ལྔ་བརྒྱའི་འདུན་ས་རུ། །ཁོ་དང་རྩོད་པར་ནུས་པ་ཡི། །མཁས་པ་སུ་ཡོད་དྲིལ་བསྒྲགས་པས། །ཐམས་ཅད་ཞུམ་སྟེ་དཔལ་གྱི་རིར། ། (རྒྱ་ནག་ཆོས་འབྱུང་གི་ཐང་ཟང་བླ་མའི་ལོ་རྒྱུས་ཀྱི་སྐབས་འདི་ལྟར་འབྱུང་སྟེ། སིངྒཱ་ལའི་གླིང་ནས་ལྷོ་ནུབ་མཚམས་སུ་ལེ་དབར་ལྔ་སྟོང་གི་ས་ན། ཀྲིཥྞ་རའི་ཡུལ། དེའི་རྒྱལ་པོའི་གཞུང་མཁར་གྱི་ལྷོ་ངོས་ལེ་དབར་སུམ་བརྒྱ་ན་དཔལ་གྱི་རི་སྟེ། །དེར་མགོན་པོ་ཀླུ་སྒྲུབ་ཀྱི་དགོན་པ་གཞུང་ཁང་རིམ་པ་དགུ་པ། རྡོའི་སྐུ་འདྲ་གསེར་འགྱུར་གྱི་རྩིས་བྱུགས་པ་ཡིན་ཟེར་བ་གསེར་མདངས་མཚུངས་མེད་ཅན་ཞིག་སྣང་སྐད། དཔེ་ཆའི་རིགས་འདི་མེད་ཅེས་བྱ་བ་མེད་དེ་མགོན་པོ་ཀླུ་སྒྲུབ་ཀྱི་དུས་ནས་བཟུང་དགྲ་མ་བྱུང་བའི་རྒྱུ་མཚན་གྱིས་ཡིན་ཟེར། དེར་ཕལ་ཆེན་སྡེ་པའི་སློབ་དཔོན་ལེགས་འབྱོར་དཔལ་དང་པདྨའི་གཉེན་གཉིས་ཀྱི་གམ་དུ་ཟླ་བ་ཁ་ཤས་བཞུགས་ནས་ཕར་སློབ་ཚུར་སློབ་བྱས། ཡང་ལྷོ་ཕྱོགས་སུ་ལེ་དབར་བདུན་སྟོང་ན་མ་དུ་ཀུ་ཋའི་གནས་ཡོད་དེ་འཛམ་བུའི་གླིང་གི་ལྷོ་མཐའ་ཡིན་སྐད། དེ་ན་ཙནྡན་དང་ག་བུར་འབྱུང་བའི་རི་མ་ལ་ཡ་ཞེས་བྱ་བ་ཡོད་པའི་སྤོར་སྤྱན་རས་གཟིགས་ཀྱི་ལྷ་ཁང་བཀོད་པས་མཛེས་པ། ལོགས་ཤིག་ན་ཆུ་མིག་ཅིག་རི་ལ་ལན་ཉི་ཤུས་སྐོར་བཞིན་འབབས་པ་མཐར་ལྷོའི་རྒྱ་མཚོར་ལྷུང་བ་གཟིགས་ཞེས་འབྱུང་།) སློབ་དཔོན་ཡབ་སྲས་བཞུགས་པའི་དྲུང་། །སྤྲུལ་པའི་བྱ་རོག་ཕོ་ཉར་མངགས། །དུས་བབས་གཟིགས་ནས་མྱུར་བར་བྱོན། །དབང་ཕྱུག་མཆོག་བྱིན་རློམ་པའི་མ་ཁོལ་གླང་། །སྔོ་བསང་སྤྲིན་འཕྲེང་ཆད་པའི་དུམ་བུ་བཞིན། །རྟོག་གེ་རྣོ་ལྡན་ལྷོ་ཕྱོགས་གྲུབ་མཐའི་མཚོར། །རྣམ་དཔྱོད་རོལ་པས་མ་ཚིམ་ཡུལ་དབུས་ཀྱི། །མཁས་མང་སྙན་པ་ཐོས་ནས་རྒོལ་བར་འོང་། །བྱ་རོག་མཚན་ལྡན་སྲུང་མའི་གཏམ་སྙན་གྱིས། །ག་བུར་ཐིགས་པས་བྲན་ཚེ་སྤྲིན་གྱི་རྔས། །མདོངས་ལྡན་གསར་པའི་སྙིང་ལ་རོལ་རྩེད་བཞིན། །དཔལ་གྱི་རི་བོའི་མགུལ་ནས་ནཱ་ལེནྡྲར། །རྫུས་སྐྱེས་མཁའ་ལྡིང་དབང་པོ་ལུང་རིགས་ཀྱི། །གཤོག་རླབས་གཡོ་བས་ཆུ་གཏེར་དཀྲུགས་པ་བཞིན། །རླུང་ལྡན་རྩོད་པ་རྩུབ་མོའི་ཚུལ་དུ་ནི། །མཁས་མང་རྒྱ་མཚོའི་གླིང་དེར་ཡུད་ཀྱིས་འཕུར། །སྐྱོན་བྲལ་ལུགས་མཆོག་ནོར་བུའི་ཚོང་འདུས་སུ། །རྟག་ཆད་བདེན་གྲུབ་གངས་རིར་ལས་འབྲས་ཀྱི། །གངས་ལྡན་བུ་མོར་ཡིད་ཆགས་བྱེད་པོའི་བདག །ཡོད་པར་ཁས་ལེན་འཆིང་བུའི་ཚོང་ཟོང་བཀྲམ། །མི་གཙང་བཀྲད་པས་ལྷ་ཆེན་མ་འཁོར་རིང་དུ་བྲོས། །སྤྲུལ་པའི་བྱི་ལས་ནེ་ཙོ་ཚངས་པའི་མགྲིན་པ་བཅད། །ཐུགས་རྗེའི་སྣུམ་གྱི་ཐིགས་པས་ཁྱབ་འཇུག་ཐོད་ལེ་ཀོར་བསུབས་ཤིང་། །དགེ་བསྙེན་གཅེར་བུས་ཨུ་མ་དེ་བ་ཁ་སྐྱེངས་སོ། །ལྟར་སྣང་ལུང་རིགས་སྐད་ངན་སྒྲོགས། །རྟག་ཆད་གཤོག་པའི་རྔ་ཡབ་གཡོ། །ཕ་ཁོལ་གཉིས་སྐྱེས་ཞུམ་བཞིན་དུ། །ཅི་བྱ་གཏོལ་མེད་གྱུར་འདི་མཚར། །མཁྱེན་དཔྱོད་ཤིང་རྟས་ཡོངས་དྲངས་ཀླུ་སྒྲུབ་གཞུང་། །རྟ་དམར་འཆར་ཁའི་འོད་ཀྱི་ཏིར་ཏི་ཀའི། །རྣམ་དཔྱོད་ཨུཏྤལ་ཟུམ་འདི་ཟླ་ཟེར་གྱི། །འོད་དཀར་ཐིགས་པས་བརྡུང་བའི་འདབ་སྟོང་བཞིན། །རྡོ་རྗེའི་མེ་ཆར་ཕོག་པས་ཨུཏྤལ་ལ། །སྔོན་པོའི་ཚལ་ལ་སོ་ཡིས་ཆད་པ་བཞིན། །དེ་དག་རལ་པའི་ཐོར་ཅོག་ངོ་ཚ་ནས། །ཐེམ་སྐས་ལྕགས་རིའི་འོག་ཏུ་ཡིབས་སམ་སྙམ། །ལུང་རིགས་ཞགས་པའི་འཕྲུལ་དང་ལྕགས་ཀྱུས་བཞིན། །ལྟ་ངན་མཆེ་བ་གཙིགས་པའི་མགྲིན་པ་ནས། །མངོན་སུམ་དྲངས་ཚེ་མ་ཁོལ་སྟོན་པར་བཅས། །གསོན་པོ་སྲོག་སོང་མིང་གི་ལྷག་མར་བྱས།།

ཐུབ་པའི་བསྟན་དང་དབང་ཕྱུག་གྲུབ་མཐའ་འབེན་དུ་བཙུགས་ནས་རིགས་པ་ཡིས། །དྲེགས་ལྡན་མ་ཁོལ་ལྷ་ཆེན་རྣམ་གསུམ་ཕམ་པར་བྱས་ཚེ་ངལ་བའི་ཁུར། །འདེགས་པར་མ་ནུས་བསྐལ་པའི་བར་དུ་ས་ཡི་འོག་ཏུ་ཡིབས་སོ་ཞེས། །སྔོན་བྱུང་རྩོད་པའི་གྲགས་སྙན་ནམ་མཁའི་འཇའ་ཚོན་རི་མོ་སུ་ཡིས་བསུབ། །ལོག་ལྟའི་བྲག་རི་ཀུན་བཤིགས་ཀྱང་། །ལྟ་ངན་རླུང་འཚུབ་མ་ལོག་པས། །ལྷ་ཆེན་ཡུལ་སྙེགས་ནམ་མཁའ་ལ། །རིང་བར་བྲོས་པ་སླར་ཡང་བཀུགས། །ཀླུ་སྒྲུབ་རིགས་པའི་མེ་ཏོག་མདའ། །དངོས་ལེན་བྱེད་པའི་མུ་སྟེགས་རྣམས། །ཕུགས་ཀྱང་མ་ངོམས་མཚོན་བསྣུན་གྱི། །དབང་ཕྱུག་ཆེན་པོ་སྐུ་ཟུར་ཞིག །བདེན་གསུང་ཆོས་ཀྱི་སྤྲིན་སྒྲ་ཐོས་པ་ལས། །ཕྱི་རོལ་གྲུབ་མཐའི་ཆུ་ཤིང་སྡོང་པོ་ལ། །སྔོན་མེད་འབྲས་བུ་སྨིན་ཞེས་རིག་བྱེད་པའི། །གཏམ་གྱི་འུད་ཆེན་རྫུན་གྱི་མཚང་དུ་རྡོལ། །སློབ་དཔོན་འཕགས་པས་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་ངག་སྐྱོན་བྲལ་བཀོད་དེ་ལ། །དཔའ་བོ་མཁས་པས་སོ་སོར་དྲིས་ཚེ་ཐེ་ཚོམ་ཚེར་མ་མ་ལུས་ཕྱུང་། །ཚུལ་གསུམ་དོན་ལ་ངེས་པ་རྙེད་ཚེ་དྲན་པ་སྐྱེད་བྱེད་སྒྲུབ་ངག་བཀོད། །རྒོལ་བ་གཉིས་ཀྱི་རྒྱལ་ཕམ་ཤན་ཕྱེ་རྩོད་ཚུལ་འདི་འདྲ་སྔོན་མ་བྱུང་། ། (ཆོས་ཀྱི་གྲགས་པའི་རྩོད་རིགས་ལས། དཔེར་ན་དམ་བཅའ་བ་བརྗོད་པ་སྔོན་དུ་འགྲོ་བ་འགའ་ཞིག་སྨྲ་བ་ནི། ཁོ་བོ་ཅག་སངས་རྒྱས་པ་བདག་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་བ་ལ་སངས་རྒྱས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཁས་ལེན་པ་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་གང་ཡིན། གང་གི་བསྟན་པ་ལ་བཙུན་པ་རྟ་དབྱངས་རབ་ཏུ་བྱུང་བའོ། །བཙུན་པ་རྟ་དབྱངས་གང་ཡིན། །གང་ཡུལ་འཁོར་སྐྱོང་ཞེས་བྱ་བའི་ཟློས་གར་མཁན་ནོ་ཞེས་བྱ་བའི་ཞར་ལ་འོང་བ་བྱས་ནས་དགའ་བྱེད་མའི་མཐར་བྱས་ཏེ་དེ་ནས་མདོ་འཛིན་པ་ཞེས་བྱ་བ་ལ་སོགས་པ་འདོན་པ་དང་གར་བྱེད་པ་དང་གླུ་ལེན་པ་ལ་རབ་ཏུ་འཇུག་པར་འགྱུར་རོ། །ཕྱིར་རྒོལ་བས་ཀྱང་ཞར་ལ་འོངས་པ་དེ་ཐམས་ཅད་རྗེས་སུ་ཟློ་བར་ནུསཔ་མ་ཡིན་པའི་ཕྱིར་ཕམ་པར་འགྱུར་རམ། ཨེ་མའོ་མཁས་པ་དམ་པར་འདོད་པ་དག་གི་དེ་ཁོ་ན་ཉིད་འདི་ལྟ་བུ་བརྟག་པ་ནི་རྣམ་པ་འདི་འདྲ་བ་དེ་ལྟ་ན་ཡང་རྒོལ་བའི་གཉུག་མ་མཐར་ཐུག་པ་ནུས་པ་མེད་པ་ཡིན་ནོ་ཞེས་བྱ་བ་འབྲས་བུ་ངེས་པ་མེད་པའི་ཕྱིར།  རྩོད་པ་བརྩམ་པར་བྱ་བ་མ་ཡིན་པ་དེ་ལྟ་ནའང་རྒོལ་བ་རྒྱལ་བ་དང་ཕམ་པ་དག་མ་ཡིན་ཏེ། ཕྱིར་རྒོལ་བ་མི་སྨྲ་བ་ཉིད་ཀྱང་རྒོལ་བ་རྣམ་པ་འདི་ལྟ་བུ་རྒྱས་པ་ཞར་ལ་འོངས་པ་ཟོལ་གྱིས་རྗེས་སུ་སྒྲུབ་པ་ཡོད་པའི་ཕྱིར་ཞེས་པ་ལྟར།) ཤན་འབྱེད་དཔང་པོས་རྒྱལ་ཕམ་གྱི། །བདེན་པའི་སྲང་ལ་གཞལ་དཀའ་ཡང་། །ཕྱོགས་བྲལ་མཁས་པའི་རྣ་རྒྱན་དུ། །བ་ལང་རྫི་བོས་བཀོད་འདི་མཚར། །དེ་ནས་དཔལ་ལྡན་མ་ཁོལ་གྱི། །ལུས་ངག་ཡིད་ཀྱི་སྒྲིབ་སྦྱངས་སུ། །སྨན་དཔྱད་ཡན་ལག་བརྒྱད་པ་དང་། །ཐུབ་པའི་སྐྱེས་རབས་སོ་བཞི་པ། །རྩ་ལྷུང་བཅུ་བཞིའི་རྣམ་གཞག་དང་། །གཞན་ཡང་བླ་མ་ལྔ་བཅུ་པ། །བསྔགས་འོས་བསྔགས་བསྟོད་ལ་སོགས་པའི། །ཐུབ་པའི་བསྟོད་པ་བརྒྱ་རྩ་བརྩམས། །དེ་ཕྱིར་འཕགས་པའི་ཡུལ་གྱི་སྙན་དངགས་མཁན། །ཀུན་གྱི་གཙུག་རྒྱན་དཔལ་ལྡན་དཔའ་བོ་ཡི། །སྐྱེས་པའི་རབས་དང་ཆེད་དུ་བརྗོད་པའི་ཚོམས། །རྩ་འགྲེལ་གདམས་པའི་གྲགས་དཀར་བ་དན་གཡོ། །གངས་ཅན་ལྗོངས་འདིར་བདེ་བར་གཤེགས་པའི་བཀའ། །བསྒྱུར་བའི་ཀླགས་ལུང་བཞུགས་པ་ཕལ་མོ་ཆེ། །སློབ་དཔོན་(དཔའ་བོ་)འདི་ལས་བརྒྱུད་ཅེས་བཀའ་འགྱུར་གྱི། །གསན་ཡིག་དག་ལས་བྱུང་བས་སྐུ་དྲིན་ཆེ།། (སློབ་དཔོན་དཔའ་བོའི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་གི་དགོངས་པ་ཐལ་འགྱུར་བ་དང་མཐུན་པའི་ཚུལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་ལས་ཆེན་ཀུན་རྒྱལ་བའི་དྲིས་ལན་དུ་རྒྱས་པར་གསུངས་སོ།།)

དང་པོ་བསོད་ནམས་མིན་པ་ཟློག་པའི་ཆེད། །གཙང་བདེ་རྟག་འགོག་ལེའུ་དང་པོ་གསུམ། །བར་དུ་བདག་བཟློག་ལེའུ་བཞི་པ་དང་། །ཐ་མར་ལྟ་བ་ངན་པ་ཀུན་ཟློག་ཆེད། །རབ་བྱེད་ལྷག་མ་བཅུ་གཉིས་དང་བཅས་པའི། །རྣལ་འབྱོར་ཆེན་པོ་དབུ་མ་ (ལྟ་བ་རྒྱས་པར་སྟོན་པ་) བཞི་བརྒྱ་པ། །དབུ་མ་ལག་པའི་ཚད་དང་ནི། །འཁྲུལ་པ་ཟློག་པའི་གཏན་ཚིགས་གྲུབ། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། །སྤྱོད་པ་བསྡུས་པའི་སྒྲོན་མེ་དང་། །སེམས་ཀྱི་སྒྲིབ་པ་སྦྱོང་བའི་ཚུལ། །དཀྱིལ་ཆོག་སྙིང་པོ་མདོར་བསགས་དང་། །བསྐྱེད་རིམ་གདན་བཞིའི་སྒྲུབ་ཐབས་དང་། །རྫོགས་རིམ་ཤིང་གཅིག་དཀའ་འགྲེལ་སོགས། །མདོ་སྔགས་བསྟན་བཅོས་མང་དུ་མཛད། །

རྗེ་བཙུན་ཏཱ་ར་ནཱ་ཐ་ཡིས། །འཕགས་པའི་ཡུལ་གྱི་ཆོས་འབྱུང་དུ། །སློབ་དཔོན་འདི་ནི་མངལ་སྐྱེས་ལས། །རྫུས་སྐྱེས་མིན་ཞེས་གསུངས་པ་དང་། །གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་སྐབས། །འདི་དང་མི་འདྲ་མང་འབྱུང་ཡང་། །འདི་ནི་ཐུན་མོང་ཡོངས་གྲགས་བཞིན། །བྲིས་པ་ཀུན་ལ་བདེ་ལེགས་ཤོག །ཅེས་སྟོན་པ་མཉམ་མེད་ཤཱ་ཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་འཕགས་པ་ལྷའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་གསུམ་པའོ།།  །།

 

༈ ནགས་ཚལ་ནང་དུ་དཀའ་ཐུབ་མཛད། །བྱམས་པའི་ཞལ་གཟིགས་བསྟན་པ་སྤེལ། །ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི། །རྟོགས་པ་བརྗོད་པ་ཅུང་ཟད་འབྲི། །རྒྱལ་བློན་སྡིག་ཅན་མང་པོ་དང་། །སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས། །ནང་པའི་གཙུག་ལག་ཁང་རྣམས་བཤིགས། །དགེ་སློང་མང་བསད་ཕལ་ཆེར་བསྐྲད། །གླེགས་བམ་མཐའ་དག་མེར་བསྲེགས་སོགས། །མངོན་པར་ལན་གསུམ་དགྲ་བྱུང་བས། །བསྟན་པ་ཉམས་པ་མ་བཟོད་ཅིང་། །ཐེག་ཆེན་བསྟན་པ་སྤེལ་བའི་ཕྱིར། །བྲམ་ཟེ་གསལ་བའི་ཚུལ་ཁྲིམས་མ། །རྒྱལ་རིགས་མཆོག་དང་འདུས་པ་ལས། །སློབ་དཔོན་འདི་ནི་འཁྲུངས་མ་ཐག །ལྗགས་ལ་སྨན་མཆོག་གྷི་ཝཾ་གིས། །ཨ་ཡིག་འབྲི་བ་ལ་སོགས་པའི། །བློ་གྲོས་རྣོ་བའི་ཆོ་ག་བྱས། །ཆུང་ངུའི་དུས་སུ་ཡི་གེ་དང་། །རྩིས་དང་བརྡ་སྤྲོད་རྟོག་གེའི་གཞུང་། །སྨན་དཔྱད་བཟོ་ཡི་གནས་རྣམས་དང་། །རིག་པའི་གནས་ཆེན་བཅོ་བརྒྱད་ཀུན། །རང་གི་མ་ཡིས་ལེགས་པར་བསླབས། །ཤིན་ཏུ་བྱང་ཞིང་གསལ་བར་གྱུར། །ཕ་ཡི་རིགས་ཆོས་གང་ཡིན་ཞེས། །མ་ལ་དྲིས་པས་བུ་ཁྱོད་ནི། །དམ་ཆོས་དར་ཆེད་བདག་གིས་བསྐྱེད། །རབ་ཏུ་བྱུང་ནས་མང་ཐོས་དང་། །ཏིང་འཛིན་བསྒོམ་ལ་གཞོལ་གསུངས་པས། །རབ་ཏུ་བྱུང་ནས་ལོ་གཅིག་ཏུ། །མཁན་སློབ་དགེ་འདུན་ཞབས་འབྲིང་མཛད། །དེ་ནས་བསྙེན་རྫོགས་ལོ་ལྔའི་བར། །སྡེ་སྣོད་གསུམ་པོ་ལོ་རེ་རུ། །ཚིགས་བཅད་འབུམ་འབུམ་འཛིན་པར་མཛད། །སྡེ་སྣོད་གཞན་རྣམས་རྟོགས་སླ་ཡང་། །ཤེར་ཕྱིན་མདོ་དོན་རྟོགས་དཀའ་བས། །བྱམས་མགོན་ཉིད་ལ་ཞུ་དགོངས་ནས། །རི་བོ་བྱ་རྐང་ཅན་ཕུག་ཏུ། །ལོ་གསུམ་བསྒྲུབས་པས་ཐུགས་སྐྱོ་བ། །རྒན་པོས་ཤིང་བལ་འདབ་མ་ཡིས། །ལྕགས་ཀྱི་སྡོང་པོ་ཟད་པ་དང་། །བྱ་སྒྲོ་ཆུ་ཡི་ཐིགས་པས་ཀྱང་། །བྲག་རི་ཟད་པ་གཟིགས་པས་སླར། །སྙིང་སྟོབས་ཆེན་པོས་ལོ་བསྐོར་དུ། །བསྒྲུབས་ཀྱང་ཞལ་མ་མཐོང་བ་ཡིས། །སྐྱོ་ནས་ཕེབས་པའི་ལམ་ཁ་རུ། །ཁྱི་མོ་རོ་སྨད་འབུས་ཟོས་པས། །སྡུག་བསྔལ་མ་བཟོད་ཐུག་པ་ལ། །སྙིང་རྗེ་ཆེན་པོ་འཁྲུངས་གྱུར་ཏེ། །ཨ་ཙན་ཏ་ཡི་གྲོང་ཁྱེར་དུ། །མཁར་གསིལ་གཏའ་མར་བཞག་ནས་སུ། །གསེར་གྱི་སྤུ་གྲི་གཡར་བ་ཡིས། །ཤ་ལ་བཅད་ནས་བྱིན་པའི་ཚེ། །བྱམས་མགོན་འོད་བཅས་མངོན་སུམ་གཟིགས། །མོད་ལ་ཆོས་རྒྱུན་ཏིང་འཛིན་མངོན་དུ་གྱུར། །རྫུ་འཕྲུལ་སྟོབས་ཀྱིས་དགའ་ལྡན་གནས་སུ་བྱོན། །མི་ལོ་ལྔ་བཅུར་མི་ཕམ་མགོན་པོ་ལས། །དམ་ཆོས་གསན་ཅིང་དོན་ཚན་རེ་རེ་ལ། །སྔོན་མེད་ཏིང་འཛིན་ཟབ་མོ་རེ་རེ་འཁྲུངས། །དེ་ནས་འཛམ་གླིང་འཕགས་ཡུལ་དུ། །ཐེག་ཆེན་ལྟ་སྒོམ་སྤྱོད་གསུམ་གྱི། །སྒོམ་པ་རྩལ་འདོན་མངོན་རྟོགས་རྒྱན། །སྤྱོད་པ་སྟོན་པ་མདོ་རྒྱན་དང་། །ལྟ་བ་གསལ་བཤད་འབྱེད་གཉིས་དང་། །རྒྱུད་བླ་བཅས་པ་ཡི་གེར་བཀོད། །དགོངས་འགྲེལ་ས་ཡི་དངོས་གཞི་དང་། །གཏན་ལ་ཕབ་པ་བསྡུ་བ་དང་། །གཞི་དང་རྣམ་གྲངས་བཤད་པའི་སྒོ། །ཚིགས་བཅད་ཁྲི་དང་སྟོང་ཕྲག་ལྔ། །ཡོད་པའི་ས་སྡེ་རྣམ་ལྔ་བརྩམས། །རིགས་དང་སེམས་བསྐྱེད་མཐུ་དང་དེ་ཁོ་ན། །བདག་གཞན་དོན་དང་བླ་མེད་བྱང་ཆུབ་སྟེ། །ཕྱོགས་བཅུའི་རྒྱལ་བའི་སྲས་པོ་མཐའ་དག་གིས། །གང་ལ་བསླབ་པར་བྱ་བའི་གཞི་བདུན་པོ། །བྱང་སའི་ལེའུ་དང་པོ་བདུན་གྱིས་བསྟན། །དེ་དག་རྣམས་ལ་ཇི་ལྟར་སློབ་པའི་ཚུལ། །རིགས་ཀྱིས་སྟོབས་ཀྱི་ལེའུས་རྒྱས་པར་གསུངས། །ཕར་ཕྱིན་དྲུག་དང་བསྡུ་བཞི་ཚད་མེད་བཞི། །བྱང་ཆུབ་ཕྱོགས་མཐུན་ཡོན་ཏན་ལེའུ་བཅུས། །དེ་དག་ཉམས་སུ་ལེན་ཚུལ་བསྡུས་ནས་གསུངས། །བཅུ་དགུ་པ་ནས་ལེའུ་ཉེར་བདུན་པས། །གདུལ་བྱ་རྗེས་སུ་འཛིན་ཚུལ་གསུངས་པ་སྟེ། །དེ་ལྟར་བྱང་སའི་ལེའུ་ཉེར་བདུན་པོ། །མདོ་སྡེ་རྒྱན་གྱི་ལེའུ་ཉེར་གཅིག་ཏུ། །བསྡུས་ནས་ས་རྒྱན་སྦྱོར་ཚུལ་དོན་ཚན་བཅུར། །འདུས་པའི་སྡོམ་ཚིག་བྱང་སར་འདི་ལྟར་གསུངས། །གཞི་དང་རྟགས་དང་ཕྱོགས་དང་ནི། །ལྷག་པའི་བསམ་པ་གནས་པ་དང་། །སྐྱེ་དང་ཡོངས་སུ་འཛིན་དང་ས། །སྤྱོད་པ་རབ་གནས་རྣམ་པ་བཅུ། །ཡུལ་གྲུ་སོ་སོར་སྐལ་ལྡན་ལ། །ཐེག་ཆེན་དམ་ཆོས་འཆད་པ་དང་། །མཆོད་རྟེན་གཙུག་ལག་ཁང་བཞེངས་ཤིང་། །ཆོས་གཞི་མང་པོ་བཙུགས་པ་ཡིས། །རྒྱ་གར་ཡུལ་གྲུ་ཐམས་ཅད་དུ། །གཞན་སེམས་ཇི་བཞིན་མཁྱེན་པ་ཡི། །སར་གནས་འཕགས་པར་གྲགས་པ་ན། །རྒྱལ་པོ་ཟབ་མོའི་ཕྱོགས་ཞེས་པས། །བདེན་ནམ་མི་བདེན་བརྟག་པའི་ཕྱིར། །ཕོ་བྲང་ཁྱམས་སུ་གདན་བཤམས་ཏེ། །སྐྱེ་བོ་ཐམས་ཅད་ཚོགས་པའི་དབུས། །སློབ་དཔོན་འཁོར་བཅས་སྤྱན་དྲངས་ཤིང་། །བསོད་སྙོམས་ན་བཟའ་ཕུལ་བ་བཞེས། །མ་ཧེ་ནག་པོ་ས་དཀར་གྱིས། །བྱུགས་པ་ཁྱིམ་གྱི་ནང་དུ་སྦས། །མི་གཙང་སྦྲང་རྩིས་ཁ་བཀང་བའི། །བུམ་པ་རས་ཀྱིས་གཡོགས་པ་ཞིག །ལག་ཏུ་ཐོགས་ནས་སློབ་དཔོན་ལ། །ཁྱིམ་ན་ཅི་ཡོད་འདི་ཅི་ཞེས། །དྲིས་པས་ཇི་བཞིན་གསུངས་པ་ལ། །དེ་ཙམ་ཤེས་པ་ཆུང་ངུས་འཇལ། །གཞན་སེམས་ཤེས་སམ་མི་ཤེས་སྙམ། །ཤེར་ཕྱིན་མདོ་ཡི་ཚིག་དོན་ལ། །ཡིད་ཀྱིས་དྲི་བ་དྲུག་ཞུས་པས། །ཇི་བཞིན་མཁྱེན་ནས་ལན་བཏབ་པས། །རྒྱལ་པོ་འཁོར་བཅས་ངོ་མཚར་ཏེ། །ཡུལ་དེར་ཐེག་པ་ཆེན་པོ་ཡི། །ཆོས་གཞི་ཉི་ཤུ་རྩ་ལྔ་བཙུགས། །རེ་རེར་དགེ་སློང་བརྒྱ་བརྒྱ་དང་། །དགེ་བསྙེན་དཔག་མེད་བཞུགས་སུ་གསོལ། །བྲམ་ཟེ་བཱ་སུ་ནཱ་ག་ཡིས། །ཀྲྀཥྞ་རཱ་ཛའི་གྲོང་ཁྱེར་དུ། །སྤྱན་དྲངས་ཟླ་བ་གསུམ་གྱི་ལམ། །ཐུན་ཚོད་གཉིས་ལ་སླེབས་པར་མཛད། །ལྷོ་ཕྱོགས་ཡུལ་དེར་ཡུན་རིང་དུ། །བཞུགས་ནས་དམ་ཆོས་བསྟན་པ་ལས། །ཐེག་ཆེན་ཤིན་ཏུ་དར་བར་འགྱུར། །ཚོང་དཔོན་ངྷ་ན་རཀྵི་ཏས། །ཨུ་རྒྱན་ཡུལ་དུ་སྤྱན་དྲངས་པས། །མ་ག་ངྷ་དང་ཨུ་རྒྱན་ཡུལ། །ཉིན་ཞག་གཅིག་ལ་བགྲོད་པར་གནང་། །ཡུལ་དེར་ཐེག་ཆེན་དར་བར་མཛད། །མཐའ་འཁོབ་གྲོང་ཁྱེར་ཨ་ཡོ་ངྷྱར། །རྒྱལ་ཕྲན་འགའ་ལ་ཆོས་སྟོན་ཚེ། །གར་ལོག་གཙོ་བོས་དམག་དྲངས་པས། །འཁོར་ལ་བཟོད་པ་སྒོམས་གསུངས་ནས། །ཐམས་ཅད་མཉམ་པར་བཞག་པ་ལས། །མདའ་མདུང་མཚོན་ཆས་མ་ཕུགས་ཤིང་། །གར་ལོག་གཙོ་བོས་སློབ་དཔོན་ལ། །རལ་གྲིས་བཏབ་པ་དུམ་བུར་ཆག །སྐུར་བ་འདེབས་སོགས་ཅི་བྱས་ཀྱང་། །གཡོ་བ་མེད་པར་བཞུགས་པ་ལ། །ལྷག་པར་དད་དེ་ཕྱག་འཚལ་སོང་། །གཞན་གྱི་བསམ་པ་མཁྱེན་པ་ཡིས། །ཆོས་སྟོན་ཚེ་ན་སློབ་མ་རྣམས། །མི་ཤེས་པའམ་ཐེ་ཚོམ་ཡོད། །དེ་ཉིད་གསལ་བར་བཀྲལ་ནས་སྟོན། །སྐུ་ཚེ་སྨད་དུ་ནཱ་ལེནྡྲར། །བགྲང་བྱ་བཅུ་གཉིས་རྟག་བཞུགས་ནས། །མུ་སྟེགས་རྒོལ་བ་ཚར་བཅད་ཅིང་། །ཐེག་ཆེན་དགེ་འདུན་འབུམ་ཕྲག་འདུས། །སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་འཕྲིན་ལས་རྡོ་རྗེའི་གནས་བདུན་པོ། །ཤེར་ཕྱིན་འདྲི་དང་བཤད་བྱའི་མདོ་སྡེ་ལྔ། །རྒྱུད་བླའི་གཞུང་གཉིས་ཕན་ཚུན་རྩ་འགྲེལ་དུ། །ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས། །འགྲེལ་ཆེན་ཕོ་ཉས་མཚམས་སྦྱར་ནས། །རྡོ་རྗེ་གནས་བདུན་མངོན་སུམ་དུ། །སྐལ་བཟང་སྙིང་ལ་འདོམས་པར་མཛད། །སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེ། །ཆོས་རྣམས་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །གློ་བུར་བ་དང་བདེ་བཤེགས་སྙིང་པོའི་ཁམས། །རྟག་བརྟན་གཡུང་དྲུང་འགལ་ཞིང་སྙིང་པོའི་དོན། །བྱིས་པས་རྟོགས་མི་ནུས་པས་དགོས་མེད་ཅེས། །འཁོར་ལོ་བར་མཐའ་འགལ་བར་བརྩད་པའི་ལན། །སྤྲིན་དང་རྨི་ལམ་སྤྲུལ་པ་སྒྱུ་མའི་དཔེ། །སྒྲུབ་བྱེད་དྲི་མ་གློ་བུར་བ་བསལ་བས། །སེམས་ནི་འོད་གསལ་དགོས་པ་རྣམ་པ་ལྔ། །(སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་སོ།། ཐལ་འགྱུར་ལུགས་ལས་སེམས་ཙམ་རང་རྒྱུད་པའི། །གཞུང་དུ་བྱས་ན་ལན་འདི་འཆད་པར་དཀའ། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས་བདེན་འཛིན་ཉོན་སྒྲིབ་ཏུ། །བསྟན་མིན་བག་ཆགས་ལ་དགོངས་གསུངས། །ཐེག་པ་ཆེན་པོའི་རིགས་ཅན་གྱིས། །བྱང་སྡོམ་ཆོ་གས་ལེགས་བཟུང་ནས། །ཚུལ་ཁྲིམས་གསུམ་ལ་སློབ་པའི་ཚུལ། །བྱང་སར་སྡོམ་ནི་འདི་ལྟར་གསུངས། །ངོ་བོ་ཉིད་དང་ཐམས་ཅད་དང་། །དཀའ་བ་དང་ནི་སྒོ་ཀུན་དང་། །སྐྱེས་བུ་དམ་པ་ལྡན་པ་དང་། །དེ་བཞིན་རྣམ་པ་ཐམས་ཅད་དང་། །ཕོངས་ཤིང་འདོད་དང་ལྡན་པ་དང་། །འདི་དང་གཞན་དུ་བདེ་འགྱུར་དང་། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་ཚུལ་ཁྲིམས་དེ་ཡིན་ནོ། །ངོ་བོ་ཉིད་ཀྱིས་མདོར་བསྟན་ཅིང་། །ཐམས་ཅད་པ་ཡིས་རྒྱས་པར་བཤད། །ཐོས་བསམ་ཚུལ་བཞིན་བྱེད་པ་གཅེས། །ཡོངས་སྦྱོང་དྲུག་ཅུས་བདེ་གཤེགས་སྙིང་པོའི་ཁམས། །སྦྱངས་པས་འབྲས་བུ་བྱང་ཆུབ་ཆེན་པོ་ནི། །དྲུག་ཅུ་རྩ་བཞིའི་ཡོན་ཏན་ལྡན་པའི་མཐུས། །མཐའ་ཡས་འགྲོ་བ་སྒྲོལ་བའི་འཕྲིན་ལས་རྨད། །ཅེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་འཕགས་པ་ཐོགས་མེད་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཞི་པའོ།།  །།

 

༈ སྐྱེ་བ་ལྔ་བརྒྱར་པཎྜི་ཏར་འཁྲུངས་ཤིང་། །དགུ་བཅུ་གོ་དགུ་འབུམ་སྡེ་ཐུགས་སུ་ཆུད། །བརྒྱད་སྟོང་པ་ལ་རྒྱུན་དུ་ཞལ་འདོན་མཛད། །དབྱིག་གཉེན་སངས་རྒྱས་གཉིས་པའི་རྟོགས་བརྗོད་འབྲི། །བྲམ་ཟེའི་རིགས་མཆོག་རབ་གནས་ཚུལ་ཁྲིམས་མས། །བསྟན་ལ་སློབ་ཅེས་བསྐུལ་བཞིན་ནཱ་ལེནྡྲར། །རབ་བྱུང་སྡེ་སྣོད་གསུམ་ལ་མཁས་གྱུར་ཀྱང་། །ད་དུང་ཆོས་མངོན་རྒྱ་མཚོའི་མཐའ་འཚོལ་ཞིང་། །རིག་གནས་ཀུན་དང་རང་གཞན་གྲུབ་པའི་མཐའ། །མཁྱེན་བཞེད་ཁ་ཆེར་བྱོན་ནས་འདུས་བཟང་དྲུང་། །བྱེ་བྲག་བཤད་མཛོད་སྡེ་པ་བཅོ་བརྒྱད་ལུགས། །སྡེ་བཞིའི་འདུལ་བ་མུ་སྟེགས་གྲུབ་མཐར་སྦྱངས། །རྒྱ་མཚོའི་དེད་དཔོན་ནོར་བུ་ལོན་པ་བཞིན། །ཐུགས་ལ་བརྣག་པའི་བཞེད་དོན་གྲུབ་པ་ཡི། །ཡོན་ཏན་རིན་ཆེན་ཕུང་པོའི་ཁུར་ལྡན་དུ། །སླར་ཡང་རྒྱ་གར་ཡུལ་དུ་ཆས་པ་ན། །ཤོ་གམ་ལེན་པའི་བསྲུང་མ་ཆོམ་རྐུན་སོགས། །དུ་མས་གླེགས་བམ་འཕྲོག་པར་བརྩམས་པ་ན། །ཚིག་དོན་མ་ལུས་བདག་གི་བློར་ཡོད་ཅེས། །གསུངས་ནས་གེགས་མེད་བྱོན་པའི་གཏམ་དེ་སྙན། །དེ་ཚེ་འཕགས་པས་མཛད་པ་ཡི། །ས་སྡེ་རྣམ་ལྔ་གཟིགས་པ་ན། །ཐེག་ཆེན་ཐུགས་སུ་མ་ཆུད་ཅིང་། །ལྷ་ལས་གསན་ལ་སོམ་ཉི་ཡིས། །ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །གསུངས་པ་འཕགས་པས་གསན་པའི་ཚེ། །སློབ་མ་གཉིས་ལ་ས་བཅུ་པ། །བློ་གྲོས་མི་ཟད་བསྟན་པའི་མདོ། །འཛིན་དུ་བཅུག་ནས་མདུན་དུ་བཏང་། །ཐེག་པ་ཆེན་པོའི་ལམ་འབྲས་ལ། །ཤེས་ནས་དད་པ་ཆེན་པོ་འཁྲུངས། །བློ་གྲོས་མི་ཟད་བསྟན་པའི་མདོའི། །བརྗོད་བྱ་མི་ཟད་བརྒྱད་ཅུ་ནི། ། (མདོ་འདི་སངས་རྒྱས་ནས་བདུན་ཕྲག་གཉིས་པར་ལྷའི་གཞལ་མེད་ཁང་དུ་གསུངས་པར་འགྲེལ་པར་བཤད།) སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང་། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་དང་། །སོ་སོར་རིག་རྟོན་ཚོགས་གཉིས་དང་། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་སོགས་ཆོས་ཀྱི་མདོ་བཤད་དང་། །བགྲོད་གཅིག་ལམ་དང་ཐབས་མཁས་པའོ། །སེམས་བསྐྱེད་ལ་སོགས་མི་ཟད་ཚུལ། །སྡོམ་ནི་བཅུ་བཅུས་གསུངས་པ་སྟེ། །རྒྱས་པར་མདོ་ (བློ་གྲོས་མི་ཟད་པའི་མདོ།) འགྲེལ་ཉིད་དང་ནི། །ཤེར་ཕྱིན་ཉི་ཁྲི་དག་ལྡན་དུ། །དུས་མདའ་དུས་མཚོ་དུས་ལག་པ། །སུམ་ཅུ་རྩ་བདུན་ལག་རྐང་མཚོ། །བཅུ་ཚན་གཉིས་པའི་ཐ་དད་ཀྱི། །མི་ཟད་བརྒྱད་ཅུ་དེ་དག་ཡིན། །སྡོམ་ཚིག་འདི་དང་དབྱིག་འགྲེལ་གཉིས། །སྦྱར་ནས་མདོ་དོན་ངེས་པར་བྱ། །ཐབས་དང་སྟོབས་དང་སྨོན་ལམ་ཡེ་ཤེས་བཞི། །ཕྱིན་དྲུག་སྡུད་ཚུལ་མི་འདྲ་གསུམ་གསུངས་ (གསེར་འཕྲེང་གི་སྐབས་དྲུག་པར།) ཤིང་། །སྟོབས་ཀྱི་ཕར་ཕྱིན་ལ་ཡང་སྟོབས་བཅུ་ནི། །ཐུབ་དགོངས་ལས་གསུངས་འཇུག་ཊིཀ་ཆེན་མོར་གསལ། ། (སེམས་བསྐྱེད་དགུ་པའི་དགོངས་པ་རབ་གསལ་དུ་གསུངས།) དེ་ནས་མ་ག་ངྷ་ཡི་ཡུལ་མཆོག་ཏུ། །རང་གི་གཅེན་པོ་འཕགས་པ་ཐོགས་མེད་ལ། །ཐེག་ཆེན་མདོ་རྣམས་ལན་གཅིག་གསན་པས་ཀྱང་། །མ་ལུས་ཐུགས་སུ་ཆུད་ཅེས་རབ་ཏུ་གྲགས། །རྡོ་རྗེ་སློབ་དཔོན་ཞིག་ལས་སྨིན་བྱེད་ཀྱི། །བདུད་རྩིས་ཐུགས་ཀྱི་མེ་ལོང་བཀྲུས་པའི་ངོས། །གསང་བདག་རིགས་སྔགས་གྲུབ་པའི་རི་མོ་ནི། །དབང་པོའི་གཞུ་བཞིན་མ་འདྲེས་གསལ་བར་བཀྲ། །ཉན་ཐོས་སྡེ་སྣོད་ལྔ་བརྒྱ་དཀོན་བརྩེགས་དང་། །ཕལ་ཆེན་འདུས་པ་རྒྱས་འབྲིང་བསྡུས་གསུམ་སོགས། །ས་སྟེང་ཐུབ་པའི་གསུང་རབ་ཐམས་ཅད་ཀྱིས། །ཁྱོད་ཐུགས་རྟག་ཏུ་གང་བ་འདི་ཡ་མཚན། །དེ་སླད་རྒྱལ་བའི་ཉི་མ་ནུབ་རྗེས་སུ། །མང་ཐོས་འོད་དཀར་བྱེ་བའི་ཁོར་ཡུག་ཅན། །ཆོས་ཀྱི་ཟླ་བ་འདི་འདྲ་མ་བྱུང་ཞེས། །ས་སྟེང་གྲགས་པས་ཁྱབ་པ་བདེན་པའི་ཚིག །ལོ་རེ་བཞིན་ཡང་འབུམ་སྡེ་གོ་དགུའི་གཞུང་། །འབྲུ་མར་གང་བའི་ཟངས་མོ་ཆེར་བཞུགས་ནས། །ཉིན་ཞག་བཅོ་ལྔར་ཡོངས་རྫོགས་ཞལ་འདོན་མཛད། །བརྩོན་འགྲུས་ཕ་མཐར་ཕྱིན་པ་ཁྱོད་ལས་སུ། །ཉིན་བཞིན་རྒྱལ་ཡུམ་ཟབ་མོ་བརྒྱད་སྟོང་པ། །ཞལ་འདོན་མཛད་ཚེ་ཆུ་ཚོད་གཅིག་གིས་རྫོགས། །སྲབ་མཉེན་ལྗགས་ཀྱི་རྩལ་ཡང་རིང་མོ་ནས། །ཆོས་ཀྱི་ལམ་དུ་བྱང་བ་འདི་རྨད་བྱུང་། །གཞན་ཡང་ཏིང་འཛིན་སྒོ་བརྒྱ་མངོན་དུ་གྱུར། །གཟུངས་མདོ་ལྔ་བརྒྱ་གསུང་ཞིང་ལྷག་པའི་ལྷས། །ལེགས་བཤད་བདུད་རྩིའི་རྒྱུན་གྱིས་ཉིན་རེ་བཞིན། །ཁྱོད་ཐུགས་དབྱར་མཚོ་རྒྱས་པ་སྙིང་ལ་དྲན། །ཆོས་ཀྱི་མ་མོ་མངོན་པ་མཛོད་བརྩམས་ནས། །ཁ་ཆེར་སྤྲིངས་པས་མཁས་མཆོག་འདུས་བཟང་ཞབས། །ཚིག་དོན་བདུད་རྩིས་དགྱེས་ཏེ་འཁོར་གྱི་དབུས། །བསྔགས་པའི་སྒྲ་དབྱངས་མཐོན་པོ་རབ་ཏུ་བསྒྲགས། །གང་ཚེ་གཞུང་ལུགས་རྒྱ་མཚོའི་དེད་དཔོན་ཁྱོད། །ཐེག་ཆེན་ནོར་བུའི་གླིང་དུ་ཞུགས་གྱུར་པ། །དེ་ཚེ་ཉན་ཐོས་མཁས་པ་ལྔ་བརྒྱ་ཡང་། །རིན་ཆེན་གླིང་དེར་ཁྱོད་ཀྱི་རྗེས་སུ་ཞུགས། །གཅེན་གྱིས་བསྟན་པ་བསྐྱངས་པའི་རྗེས་སུ་ཁྱོད། །ནཱ་ལེནྡྲ་ཡི་འཇིགས་མེད་ཆོས་ཀྱི་ཁྲིར། །ཞབས་བཀོད་ཐུབ་པའི་རྗེས་ཞུགས་མཐའ་དག་གི །གཙུག་གི་རྒྱན་དུ་གྱུར་ལ་སུ་མི་དད། །དེ་དག་ཚེ་ན་སྐྱེ་བོ་སྟོང་ཕྲག་ཙམ། །ཉིན་རེ་བཞིན་དུ་ཆོས་སྤྱོད་བཅུ་ལ་བཀོད། །ཐེག་ཆེན་མདོ་སྡེ་ཉི་ཤུ་ཚང་བ་རེ། །འཁོར་ཚོགས་རྒྱ་མཚོའི་དབུས་སུ་ཉིན་བཞིན་གསུངས། །སྲོད་ལ་ཆོས་ཚུལ་ཟབ་མོར་རྣམ་པར་དཔྱོད། །གུང་ལ་རྨི་ལམ་ལྷ་ལས་དམ་ཆོས་ཉན། །ཐོ་རངས་ཏིང་འཛིན་མཆོག་ལ་ཡང་དག་འཇོག །ཉིན་མཚན་ཆོས་ཀྱིས་འདའ་ལ་གཡེང་བས་དབེན། །ཆོས་ལ་ཐན་སྐྱེལ་ཕྱི་རོལ་ཝ་སྐྱེས་ཚོགས། །རྒོལ་བར་འོང་ཚེ་སྨྲ་བའི་སེང་གེ་ཁྱོད། །རིགས་པའི་ང་རོ་ཅུང་ཟད་བསྒྲགས་པས་ཀྱང་། །མུ་སྟེགས་འཆལ་བའི་སྤོབས་པ་དྲུངས་ནས་འབྱིན། །ཉི་ཁྲི་བློ་གྲོས་མི་ཟད་ས་བཅུ་པ། །མདོ་རྒྱན་ལ་སོགས་བཀའ་དང་ཐེག་ཆེན་གཞུང་། །རྣམ་པར་བཀྲལ་བས་སྐལ་བཟང་མིག་ཕྱེ་ཞིང་། །ཐུབ་པ་ཆེན་པོའི་དགོངས་པ་ཡོངས་སུ་བསྐངས། །རྣམ་འབྱེད་གཉིས་དང་མདོ་རྒྱན་འགྲེལ་པ་གསུམ། །རྣམ་བཤད་རིག་པ་ལས་གྲུབ་ཉི་ཤུ་པ། །སུམ་ཅུ་པ་དང་ཕུང་ལྔའི་རབ་བྱེད་དེ། །རབ་བྱེད་སྡེ་བརྒྱད་ཅེས་ནི་རླུང་ལྟར་གྲགས། །མ་ག་ངྷ་དང་ཨོ་ཊི་བི་ཤའི་ཡུལ། །ཤར་ཕྱོགས་གོ་རི་ལྷོ་ཕྱོགས་རྒྱུད་རྣམས་སུ། །དྲུག་བརྒྱ་ང་བཞིའི་ཆོས་གཞི་ལེགས་བཙུགས་ནས། །འདུས་སྡེ་མང་དུ་སྤེལ་བ་འཛམ་གླིང་རྒྱན། །དམ་ཆོས་བདུད་རྩི་འཐུང་བའི་སློབ་མའི་ཚོགས། །ཐེག་ཆེན་ལྟ་སྤྱོད་ལ་གནས་ཁྲི་ཕྲག་དྲུག །རྒྱུན་གྱི་ཞབས་འབྲང་གནས་བརྟན་སྟོང་ཙམ་བཅས། །ཕུན་ཚོགས་འཁོར་གྱིས་འཕགས་ཡུལ་ས་ཆེན་མཛེས། །དེ་ཕྱིར་ཤིང་རྟ་ཆེན་པོ་ཐོགས་མེད་ལས། །འདི་དུས་ཐེག་ཆེན་རབ་ཏུ་དར་རོ་ཞེས། །སྙན་པ་འཕགས་པའི་ཡུལ་གྱི་ཕྱོགས་ཀུན་ཏུ། །འབྲུག་གི་དབྱངས་ལྟར་སྒྲོགས་ལ་རབ་ཏུ་བརྩོན། །གང་དུ་བཞུགས་པར་རིན་ཆེན་གཏེར་མང་བརྡོལ། །མཁོ་བའི་ཡོ་བྱད་མི་མ་ཡིན་རྣམས་འབུལ། །དམ་ཆོས་འཆད་ཚེ་མཁའ་ལས་ལྷ་རྣམས་ཀྱིས། །གསེར་གྱི་མེ་ཏོག་ཆར་དུ་འབེབས་པར་མཛད། །འབྱུང་འགྱུར་ལུང་རྣམས་བསླུ་བ་མེད་པར་གསུངས། །གྲོང་ཁྱེར་མེ་འབར་ནད་རྣམས་བདེན་པས་བཅིལ། །རྣམ་པར་རྒྱལ་མས་མཆོག་བྱིན་དགུ་བརྒྱའི་ལོར། །བསྟན་འགྲོའི་དཔལ་དུ་བཞུགས་པ་སྐྱེ་དགུའི་མགོན། །ཁྱོད་གསུངས་ལས་སྐྱེས་མཁས་མང་རྒྱུ་སྐར་དབུས། །རྒྱལ་མཚན་ཏོག་ལྟར་འཕགས་པའི་སྲས་ཀྱི་མཆོག །ཕྱོགས་གླང་འཕགས་གྲོལ་བློ་བརྟན་ཡོན་ཏན་འོད། །ཆོས་ཀྱི་ཉི་མ་འདི་བཞི་འགྲོ་བའི་མིག །ཅེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་དབྱིག་གཉེན་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་ལྔ་པའོ།། །།

 

༈ རང་གི་སྟོན་པ་བཀའ་དྲིན་ཅན་དེས་ཚོགས་གཉིས་བསྐལ་པར་གོམས་པའི་ཚུལ། །སྒྲུབ་བྱེད་རིགས་པའི་གློག་འཕྲེང་འཁྱུག་པས་མུ་སྟེགས་ལོག་ལྟའི་ཆུ་བོ་སྐམ། །ལས་ཉོན་བུད་ཤིང་མ་ལུས་བསྲེགས་ཤིང་ཁམས་གསུམ་འཁོར་བའི་བྲག་རི་བསྙིལ། །མཁས་པ་ཡོངས་ཀྱི་གཙུག་གི་ནོར་བུ་ཕྱོགས་ཀྱི་གླང་པོ་རྒྱལ་གྱུར་ཅིག །གྲུབ་བའི་གོ་འཕང་མཐོར་གཤེགས་ཀྱང་། །ཐུབ་བསྟན་སྙིང་ལ་གཅེས་པ་ཡིས། །བྲམ་ཟེ་གཙང་མའི་རིགས་མཆོག་ཏུ། །བསམ་བཞིན་ངོ་མཚར་སྐྱེ་བ་བཟུང་། །གནས་མ་བུ་ཡི་མཁན་པོ་ལས། །ཚངས་སྤྱོད་བརྟུལ་ཞུགས་རབ་བླངས་ཤིང་། །མཁན་པོས་གསུང་བཞིན་བདག་བསྒོམ་སླད། །ངོ་མཚར་སྤྱོད་པ་སྣ་ཚོགས་བསྟན། །དེ་ཚུལ་ཐོས་པའི་མཁན་པོ་ཡིས། །ཁོ་བོའི་རིང་ལུགས་སུན་འབྱིན་པ། །འདི་ནི་གནས་ནས་དབྱུང་གསུངས་པར། །རིགས་པས་བཟློག་པར་ནུས་ན་ཡང་། །འོས་མིན་དགོངས་ནས་དང་དུ་བླངས། །དེ་ནས་མངོན་པའི་ཆོས་མཛོད་བདག །ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི། །ཞབས་རྡུལ་སྤྱི་བོའི་རྒྱན་བཀོད་པས། །ཟླ་མེད་མཁས་པའི་གོ་འཕང་བརྙེས། །ཀུན་རྨོངས་མུན་པས་འགྲོ་བ་རྣམས། །མནར་བའི་ངང་ཚུལ་མ་བཟོད་པར། །དམིགས་བརྟག་རྩ་འགྲེལ་ལ་སོགས་པའི། །ཚད་མའི་གཞུང་ལུགས་བརྒྱ་རྩ་བརྩམས། །སྔོན་ཆད་ཐོར་བུར་སྩལ་བ་ཡི། །ཚད་མའི་གཞུང་རྣམས་ཕྱོགས་གཅིག་ཏུ། །བསྡུས་པ་ཀུན་བཏུས་རྩོམ་དགོངས་ནས། །ཏིང་འཛིན་ཕུག་པར་རྡོ་ཐལ་གྱིས། །མཆོད་བརྗོད་ཚིགས་བཅད་བྲིས་མ་ཐག །ནོར་འཛིན་བུ་མོ་རབ་འདར་ཞིང་། །སྒྲ་དང་འོད་འབྱིན་མུ་སྟེགས་ཀྱི། །མཁས་རྣམས་ཤིང་ལྟར་རེངས་པར་གྱུར། །ཐུབ་རྒྱལ་ནག་པོ་ཞེས་བྱ་བའི། །ཟད་བྱེད་སྟོན་པས་དེ་རིག་ནས། །ཚིགས་བཅད་རི་མོ་ལན་གསུམ་དུ། །བསུབས་ཀྱང་ཐུགས་ཀྱི་རི་མོ་མཆོག །བསུབ་པར་མ་ནུས་རྩོད་ལ་ཆས། །སྨྲ་ངན་དེ་ནི་ལན་གསུམ་དུ། །ཕམ་པར་བྱས་ཏེ་ཐུབ་བསྟན་ལ། །ཞུགས་ཞེས་བསྐུལ་བའི་ཐ་ཚིག་གསུངས། །མ་བཟོད་ཁ་ནས་མེ་སྤར་ཏེ། །སློབ་དཔོན་ཡོ་བྱད་བསྲེགས་པ་ན། །སྤྱོད་པ་ངན་པའི་ཐུགས་ཕྱུངས་ཏེ། །སེམས་བསྐྱེད་འདོར་བར་དགོངས་པའི་ཚེ། །འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །བུ་གཅིག་མ་བྱེད་ཚེ་རབས་སུ། །ཁྱོད་ཀྱི་བཤེས་སུ་ང་འགྱུར་ཞིང་། །གཞུང་འདི་མ་འོངས་འགྲོ་ཀུན་གྱི། །མིག་ཏུ་འགྱུར་ཞེས་ལུང་བསྟན་བརྙེས། །འོ་ན་མཉམ་མེད་ཇོ་བོ་རྗེས། །མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་ཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །གསུངས་པ་ཇི་ལྟར་ཡིན་སྙམ་ན། །ཆོས་རྣམས་རང་བཞིན་མེད་པ་འདིར། །རིགས་ཚོགས་ལས་གཞན་སྡེ་བདུན་གྱི། །མངོན་རྗེས་སྒྲུབ་ངག་དོན་མེད་ཅེས། །ཇོ་བོ་ཉིད་ཀྱིས་འགྲེལ་པར་གསུངས། །གཞན་ཡང་ཀུན་བཏུས་རང་ཉིས་ལས། །གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལས་ཆེས་བསྲིངས་ཉམས་པ་ཡིན། །དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་རྣམས། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས། །ཞེས་པའི་དོན་ཡང་ཕྱི་རོལ་བའི། །རྟོག་གེའི་ཚིག་དོན་བརྒྱད་པོ་ཡིས། །ཆོས་ཉིད་བསྟན་པ་མེད་པའི་དོན། །ཡིན་ཞེས་མཁས་གྲུབ་རྗེ་ཡིས་གསུངས། ། (སྔགས་རིམ་ལས་ཀྱང་ཤནྟི་པ་དང་ཐ་ག་ན་དང་དཔལ་འབྲས་རྡོ་རྗེས་རྣམ་འགྲེལ་གྱི་ལུང་མང་དུ་དྲངས་ནས་ལྟ་བ་གཏན་ལ་འབེབས་པའི་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་སྔགས་ཀྱི་སྐབས་སུ་དོན་མེད་དོ་སྙམ་དུ་བསམ་ཞིང་སྨྲ་བ་ནི་མཁས་པའི་མདུན་སར་དབྱུང་བར་མི་ནུས་པའི་བབ་ཅོལ་ལོ་ཞེས་གསུངས་པ་ལྟར་རོ།།) སློབ་དཔོན་འདི་ཡི་གཞུང་མཆོག་ལ། །ཁ་ན་མ་ཐོ་ཕྲ་བ་ཡང་། །ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར། །དེ་ཉིད་འགོག་ཕྱིར་ཆོས་གྲགས་ཀྱིས། །རྣམ་ངེས་བརྩམས་ཏེ་དེ་ཡི་དབུར། །གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་བ་གསལ་བར་མི་ཤེས་པས། །ཉེར་བསྟན་འཇིག་རྟེན་རྒྱལ་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང་། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཞེས་གསུངས་འཇམ་དབྱངས་མངོན་སུམ་དུ། །ཞལ་བསྟན་གསུང་གིས་དབུགས་དབྱུང་བའི། །སློབ་དཔོན་འདི་ཡིས་འཇམ་དཔལ་ལ། །བསྟོད་པ་མཛད་པ་འདི་ཡིན་ཏེ། །སྡིགས་མཛུབ་གདོང་ཉིད་བསྟན་པ་ཡིས། །རི་རབ་ལྷུན་པོ་དུ་མ་གཡོས། །མ་ལུས་རྒྱ་མཚོ་ཆེན་པོའི་ཆུ། །སེན་མོའི་རྩེ་མོས་གྱེན་དུ་བླངས། །ནམ་མཁའ་མུ་མེད་པ་ཡི་ཁམས། །ཞབས་ཀྱི་གོམ་པ་གཅིག་གིས་མནན། །ཟད་པའི་དུས་ཀྱི་མེ་འབར་བ། །ཞལ་གྱི་དབུགས་ཀྱིས་བཏབ་པས་བཅིལ། །དུས་མཚུངས་སྐུ་ཡི་ཆ་གཅིག་ལ། །ཆུ་དང་མེ་ཡི་ཆར་ཕབ་པ། །ལ་ལར་ཟད་པར་སངས་རྒྱས་སུ། །གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་ཉོན་མོངས་མ་ལུས་པ། །ནུབ་པས་ཞི་བའི་དེ་ཉིད་སྟོན། །དལ་བས་དབང་པོ་བདེ་སོགས་ཀྱི། །གདོང་ལ་རྣམ་པར་གཟིགས་པའི་སྤྱན། །ཕྱོགས་ཀྱི་འཁོར་ལོས་བཀབ་པ་ཡིས། །ཕྱག་མཐིལ་དམར་པོ་ཉི་མ་རྨུགས། །ལ་ལར་ལྷ་མ་ཡིན་གྱི་དཔལ། །མཐུ་གྱུར་དམ་པར་གྱུར་པ་འཛིན། །ཁྱིམ་པ་དང་ནི་བརྟུལ་ཞུགས་པ། །ཚངས་སྤྱོད་རྟག་ཏུ་ཡེ་ཤེས་ཅན། །བྱིས་པའི་གཟུགས་ཅན་འགྲོ་བའི་ཡབ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མི་འཇིགས་པ་དང་སྟོབས་མངའ་བ། །ཐུབ་པའི་གཟུགས་བརྙན་དང་མཚུངས་པ། །ཕྱེ་མ་མིག་སྨན་དང་མཚུངས་འདི། །ཁྱོད་ལ་སྐྱབས་སུ་རབ་ཏུ་མཆི། །ཉོམ་མོངས་བུད་ཤིང་ཡེ་ཤེས་མེ། །དུ་མ་མཚོན་པ་བགྲད་པ་ལྟར། །འཁོར་བ་སྲིད་པའི་སྦྱོར་བ་དང་། །མྱ་ངན་འདས་ལ་ཁྱོད་མི་གནས། །མགོན་པོ་རྟག་ཏུ་དབུ་མ་མཆོག །ཡང་དག་བརྙེས་པ་མ་ལགས་སམ། །ཆུ་དང་བཅས་པའི་སྣོད་རྣམས་སུ། །ཟླ་བའི་གཟུགས་བརྙན་ཤར་བ་ལྟར། །གཅིག་ཏུ་གདུལ་བྱ་གཡོ་བའི་ཡིད། །རྣམ་པ་མང་པོ་འདྲ་བའི་མཚན། །ཉིད་ཀྱི་བག་ཆགས་ཡིད་གཅིག་ཏུ། །ཡེ་ཤེས་གྲུབ་པའི་གསལ་གྱུར་པ། །བཀའ་དྲིན་དོན་གཉེར་ཚུལ་གྱིས་ནི། །ཆགས་པས་ཁྱོད་ཀྱི་ཞབས་དྲུང་ལྷུང་། །ཁྱོད་ཀྱི་འོད་ཟེར་འཕྲོ་བའི་ཆ། །ཕྱོགས་ཀྱི་ཁོངས་སུ་རྣམ་སྤྲོས་པ། །ཟླ་བའི་འོད་ཟེར་གང་གྱུར་མཉམ། །བྱིས་པའི་གཟུགས་ཅན་མཛེས་པ་འདི། །ཚེས་གཅིག་ཟླ་བ་ལྟ་མཉེས་པ། །ཁྱོད་ཀྱི་སྤྱོད་པ་བཟློག་དཀའ་བས། །བདུད་ཀྱི་མཐུ་རྩལ་འཇོམས་པས་ཅི། །ཁྱོད་ཀྱི་མཚན་ཙམ་དྲན་པས་ནི། །དམྱལ་བ་པ་ཡི་ཁྲག་དང་ཞག །མེད་པར་སྐམས་པས་དམྱལ་བ་པའི། །འོད་འཕྲོ་དེ་དག་ཞི་བར་འགྱུར། །ཤེས་རབ་བྲལ་བས་མདུན་དུ་ཁྱོད། །དྲན་པའི་ཡུལ་དུ་གྱུར་པས་ཀྱང་། །མཁས་པ་རྣམས་ཀྱང་ཐེ་ཚོམ་གྱི། །མདུད་པ་དམ་པོས་འཆིང་བར་བྱེད། །ཐམས་ཅད་ལྟ་ཞོག་སྐད་ཅིག་ཏུ། །ཁྱོད་ཀྱི་སྤྱན་ཟུར་གྱིས་གཟིགས་ནས། །རྔ་ཡབ་གཡོག་པའི་བཞད་གད་ཀྱིས། །བསྟེན་པའི་དཔལ་ལྡན་ཉིད་བདག་གིས། །གདུལ་བྱ་པདྨོའི་སྣོད་རྣམས་ལ། །འོད་ཟེར་དྲ་བས་ཁ་འབྱེད་པའི། །མགོན་པོ་སྔོན་མེད་ཉི་མ་ཡི། །རོལ་པས་ཉིན་མཚན་སྣང་བར་མཛད། །དོན་གསལ་མཛད་པའི་གསུང་གིས་ན། །གཟུང་དང་འཛིན་པ་རྣམ་པར་སྤངས། །སྟོང་པ་ཉིད་ནི་མངོན་སུམ་ལྟར། །གསུང་གི་དབང་ཕྱུག་སྟོན་པར་མཛད། །རྣམ་པར་རྟོག་ལས་མ་གཏོགས་པ། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཁྱོད་ཀྱི་ཡོན་ཏན་ཆ་བརྗོད་ལས། །བྱུང་བའི་བསོད་ནམས་འཕེལ་བ་ཡིས། །འགྲོ་བ་རྣམས་ནི་ཁྱོད་བརྗོད་པས། །ཕུན་སུམ་ཚོགས་པ་ལ་གནས་ཤོག །འཇམ་དཔལ་བསྟོད་པ་བྱིན་རླབས་ཅན། །འདི་དང་སྤེལ་མར་བསྟོད་པ་དང་། །མཛོད་འགྲེལ་གནད་ཀྱི་སྒྲོན་མ་སོགས། །ལེགས་བཤད་འོད་དཀར་བརྒྱ་ཕྲག་གིས། །ཐུབ་བསྟན་པད་ཚལ་རྒྱས་པར་མཛད། །ཕྱོགས་གླང་གཞུང་ལུགས་དཔག་བསམ་ཤིང་གི་ཚལ། །ཐུབ་རྒྱལ་ཁྲོས་པའི་མེ་ལྕེ་གྱིས་ཟིན་ཚེ། །གུར་གུམ་ལུས་ཅན་འཇམ་པའི་རྡོ་རྗེ་ཡིས། །འཇིག་རྟེན་མིག་ཏུ་ལུང་བསྟན་ཚད་མ་མདོ། །བདེན་བཞིའི་དེ་ཉིད་མངོན་སུམ་ཉིད་རྟོགས། །འདི་ལས་ཕྱི་རོལ་ཆོས་ལས་འཕགས། །ཡང་སྲིད་སྐྱེ་བར་ཕྱིར་མི་ལྡོག་ཁྱོད་དམན་པའི་སློབ་པ་ལས་ཁྱད་ཞུགས། །ཇི་ལྟ་ཇི་སྙེད་མ་ལུས་ཆོས་གཟིགས་དགྲ་བཅོམ་བསེ་རུའི་ཚོགས་ལས་རྒྱལ། །ཚད་མའི་སྟོན་པ་བུ་རམ་ཤིང་པར་ཡིད་ཆེས་ངོ་མཚར་གཏམ་འདི་ཡིན། །ཚད་མ་མདོ་དང་རང་འགྲེལ་བཅས། །ཐར་འདོད་མིག་ཏུ་འགྱུར་ཚུལ་ནི། །འགྲོ་བའི་བླ་མ་ཙོང་ཁ་པས། །རྟོགས་པ་བརྗོད་པར་འདི་ལྟར་གསུངས། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །ཅེས་གསུངས་པ་ལྟར་མངོན་རྗེས་དང་། །སྒྲུབ་ངག་སུན་འབྱིན་ཡང་དག་བཞིས། །སྟོན་དང་བསྟན་ལ་མི་འཕྲོག་པའི། །ངེས་པ་རྙེད་པས་རྗེས་དཔག་རྟེན། །གཏན་ཚིགས་ནམ་མཁའི་རི་བོང་ཆོས་ཅན་གྱི། །ཨུཏྤལ་ཚལ་ལ་ཡོད་དང་ཁོ་ན་དང་། །ངེས་བཟུང་ཡོད་པའི་རྗེས་དང་ངེས་པ་བཞི། །ཕྱོགས་ཆོས་སྟོང་ལྡན་ཨུཏྤལ་རྒོད་པའི་གཉེན། །གཏན་ཚིགས་མཁའ་ཡི་ནོར་བུ་མཐུན་ཕྱོགས་ཀྱི། །པད་དཀར་ཚལ་ལ་ཡོད་པ་ཁོ་ན་དང་། །ངེས་བཟུང་ཡོད་པའི་སྔོན་དང་ངེས་པ་རྣམས། །རྗེས་ཁྱབ་པདྨ་བཞད་པའི་ཉི་ཟེར་ཡིན། །འདབ་སྟོང་ཚལ་ལ་ཡོད་པ་ཁོ་ན་དང་། །ངེས་བཟུང་མེད་པའི་ཕྱིས་དང་ངེས་པ་སྟེ། །གནད་བཞི་ཉི་མས་ཁ་ལོ་མ་བསྒྱུར་བར། །ལྡོག་ཁྱབ་ཆུ་སྐྱེས་བཞད་པའི་རེ་བ་སྐྱུངས། །ཚུལ་གསུམ་རེ་རེའི་མཚན་ཉིད་ཟུང་། །ངེས་པ་ཉིད་དང་ཁོ་ནའི་སྒྲ། །རེ་རེ་ཉམས་ན་སྐྱོན་ཆེ་སྟེ། །དཔེར་ན་སློབ་དཔོན་དབང་ཕྱུག་སྡེས། །མི་མཐུན་ཕྱོགས་ལས་ལྡོག་པ་ཙམ། །ལྡོག་ཁྱབ་དོན་དུ་བཞེད་པ་ལ། །ཆོས་ཀྱི་གྲགས་པས་ཕྱོགས་གླང་གི །ལུང་ཚིག་དྲུག་གིས་འདི་ལྟར་བཀག །ལྟར་སྣང་མ་ངེས་འཁྲུལ་པ་ཅན། །བཅད་པའི་ཕྱིར་དུ་རིགས་སྒོ་ལས། །ཆོས་མི་མཐུན་གྱི་སྒྲུབ་ངག་དང་། །ངེས་པ་སྦྱོར་བར་མཛད་དང་འགལ། །ཟོས་པའི་ཤིང་ཏོག་འདི་བཞིན་དུ། །ཤིང་ཏོག་ལྷག་མ་ཐམས་ཅད་ཀྱང་། །མངར་བའི་རོ་དང་ལྡན་དགོས་ཏེ། །ཤིང་ཕུང་གཅིག་ལས་སྐྱེས་པའི་ཕྱིར། །འདི་ཡི་ལྡོག་ཁྱབ་འགྲུབ་དགོས་ཏེ། །མི་མཐུན་ཕྱོགས་ལ་མ་མཐོང་ཕྱིར། །འདོད་ན་ཚད་མ་ཀུན་བཏུས་ལས། །ལྷག་ལྡན་མ་ངེས་གསུངས་དང་འགལ། །གསོན་པོའི་ལུས་རྣམས་བདག་བཅས་སུ། །སྒྲུབ་ལ་སྲོག་དབང་བཀོད་པ་ཡི། །སྦྱོར་བའི་ལྡོག་ཁྱབ་འགྲུབ་འགྱུར་ན། །ཕྱོགས་ཆོས་ཅན་དགུའི་ནང་ཚན་གྱི། །ལྡོག་ཁྱབ་འཁྲུལ་བར་གསུངས་དང་འགལ། །མི་མཐུན་ཕྱོགས་ལ་ཡོད་མེད་དུ། །ཐེ་ཚོམ་པ་ལ་ལྡོག་ཁྱབ་ཀྱི། །སྐྱོན་དུ་འགྱུར་བའི་དཔེར་བརྗོད་ལ། །ཕྱོགས་ཆོས་སྐྱོན་ལ་རྒོལ་བ་གཉིས། །ཐེ་ཚོམ་ཟ་བ་བཀོད་དང་འགལ། །སྒྲ་རྣམས་རྟག་པར་སྒྲུབ་པ་ལ། །ཉན་བྱ་བཀོད་ཚེ་སྦྱོར་བ་དེའི། །ལྡོག་ཁྱབ་མ་གྲུབ་གསུངས་དང་འགལ། །གྲང་མིན་དྲོ་མིན་རེག་བྱ་དེ། །རླུང་གི་རྗེས་སུ་སྒྲུབ་འདོད་ནས། །འབྱུང་གཞན་ས་ཆུ་མེ་རླུང་ལ། །གྲང་མིན་དྲོ་མིན་བཏང་སྙོམས་ཀྱི། །རེག་བྱ་མེད་དེ་མ་དམིགས་ཕྱིར། །ཞེས་པའི་སྦྱོར་བ་འདི་ཡིས་ཀྱང་། །ལྡོག་ཁྱབ་མ་གྲུབ་གསུངས་དང་འགལ། །མི་མཐུན་ཕྱོགས་ལ་མ་མཐོང་ཙམ། །ལྡོག་ཁྱབ་དོན་དུ་འདོད་པ་ཡི། །རང་གཞན་སྡེ་པ་ཐུན་མོང་ལ། །མངོན་སུམ་གནོད་པ་བསྟན་པ་ནི། །སྐྱུ་རུ་ར་གཅིག་སྨིན་པ་དང་། །རོ་ནུས་བཟང་པོའི་རྟགས་ཀྱིས་ནི། །སྐྱུ་རུ་ར་གཞན་ཐམས་ཅད་ཀྱང་། །རོ་ནུས་འདྲ་བར་རྟོགས་པར་ཐལ། །ཕྱོགས་ཆོས་གྲུབ་ཅིང་སྦྱོར་བའི་རྟགས། །མི་མཐུན་ཕྱོགས་ལ་མ་མཐོང་ཕྱིར། །འདོད་ན་ཡུལ་ཕྱོགས་ཐ་དད་ཀྱི། །སྐྱུ་རུ་ར་རྣམས་མི་འདྲ་བར། །མངོན་སུམ་མཐོང་བ་འདི་དང་འགལ། །མི་མཐུན་ཕྱོགས་ལ་མ་མཐོང་བས། །མི་མཐུན་ཕྱོགས་ལ་མེད་དགོས་ན། །འོ་ན་རྒྱང་འཕེན་ཁྱོད་ཀྱིས་ནི། །ས་སོགས་འབྱུང་བ་བཞི་པོ་ལ། །ཤེས་པ་ཡོད་པར་མི་འདོད་དམ། །འབྱུང་བཞིར་ཤེས་པ་མ་མཐོང་ཕྱིར། །གྲངས་ཅན་ཁྱོད་ཀྱིས་འོ་མ་ལ། །ཞོ་ནི་ཡོད་པར་མི་འདོད་དམ། །དེ་ལ་ཞོ་ནི་མ་མཐོང་ཕྱིར། །བྱེ་བྲག་པ་ཁྱོད་གསོན་ལུས་ལ། །བདག་ནི་ཡོད་པར་མི་འདོད་དམ། །ལུས་ལ་བདག་ནི་མ་མཐོང་ཕྱིར། །ཞེས་པའི་རིགས་པ་འདི་དག་ནི། །རྣམ་འགྲེལ་ལེའུ་དང་པོ་ལས། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །དེ་ཡིས་མ་གྲུབ་བཟློག་དོན་དང་། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །གལ་ཏེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །མེད་ཅེས་བྱ་བའི་ཚིག་གིས་ཀྱང་། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །མ་གྲུབ་སྦྱོར་བ་བརྗོད་བྱ་མིན། །ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཚད་མ་གཞན་གྱིས་གནོད་ཅེ་ན། །དེ་ནི་མ་མཐོང་ལས་མེད་མིན། །དེ་བཞིན་དུ་ནི་གཞན་ལ་ཡང་། །ཚད་མ་གཞན་གྱིས་གནོད་པ་སྲིད། །མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་པ་མེད་པ་ཅན། །ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང་། །དེ་ལ་གཅིག་མཐོང་གཞན་ལ་དེ། །ཡོད་པར་ངེས་པ་རིགས་མ་ཡིན། །བདག་དང་ས་ལ་ཤེས་ཡོད་སོགས། །མེད་པ་རབ་སྒྲུབ་བྱེད་མིན་པའི། །མ་དམིགས་གང་ཡིན་དེ་ཁོ་ན། །གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །ཞེས་གསུངས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི། །གསུང་གི་ཚིག་ཟུར་དངོས་ཤུགས་སྐབས་ཐོབ་ཀྱི། །རིགས་པའི་གསང་ཚིག་རྗེན་པར་སྟོན་པ་ཡི། །འཇམ་དབྱངས་བླ་མའི་ལེགས་བཤད་ཨེ་མ་མཚར། །ངེས་བཟུང་ཚིག་ཕྲད་ཉམས་པས་རྟོག་གེ་བས། །ཡང་དག་གཏན་ཚིགས་སྒྲུབ་བྱེད་ཚུལ་གསུམ་གྱི། །རྨད་བྱུང་ནུས་པ་ཉམས་ཕྱིར་ཚད་མའི་གཞུང་། །སྙིང་པོ་མཐོང་བའི་མིག་དང་བྲལ་ཞེས་གསུངས། (རང་རེའི་རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་ལས།) །ངོ་བོ་བྱ་བ་བྱེད་པ་དགོས་ཆེད་འབྱུང་ཁུངས་ཚིག །འབྲེལ་བའི་སྒྲ་དང་གནས་གཞི་བོད་པའི་སྒྲ་བརྒྱད་ཀྱི། །རྣམ་དབྱེ་ཚིག་བརྒྱད་མཁས་བླུན་ཀུན་ལ་ཉེར་མཁོ་འདིའི། །དཔེར་བརྗོད་རབ་གསལ་རྣ་བའི་གླེགས་བུར་རི་མོ་འབྲི། །ཤིང་ཙམ་ངོ་བོ་ཤིང་ལ་བརྟེན་དང་ཤིང་གིས་བསྒྲིབས་ནས་ཏིང་འཛིན་བསྒོམ། །ཤིང་ཕྱིར་ཆུ་དྲོངས་ཤིང་ལས་གྲིབ་བསིལ་ཤིང་གི་ལོ་མ་མེ་ཏོག་མཛེས། །ཤིང་ལ་ཁྱུང་གནས་ངོ་མཚར་ཤིང་ཀྱཻ་བརྟན་པར་ཤོག །ཅེས་པས་རྣམ་དབྱེ་དྲུག་བསྡུས་པ། །སྐྱེ་བུས་བསྡུས་པ་ཡིན་ཏེ་དཔེར། །ཆོས་ལ་བརྟེན་ལ་ཆོས་བརྟེན་དང་། །དབྱུག་པས་བསྣུན་ལ་དབྱུག་བསྣུན་དང་། །མཆོག་ཕྱིར་སྦྱོར་ལ་མཆོག་སྦྱོར་དང་། །ཆོས་ལས་བྱུང་ལ་ཆོས་བྱུང་བའི། །ཕྱོགས་ཀྱི་ཆོས་ལ་ཕྱོགས་ཆོས་དང་། །ས་ལ་གནས་ལ་ས་གནས་དང་། །ཕྱོགས་ཆོས་ཞེས་པའི་སྒྲ་འདི་ནི། །དྲུག་པ་ཡིན་གྱི་མཁས་པ་འགས། །འབྲུ་མང་ལས་འཛིན་ཟླས་དབྱེ་བའི། །བསྡུ་བར་འདོད་ལ་བདག་ཅག་མགོན། །འཇམ་མགོན་བླ་མ་བཞད་མོས་བྲེལ། །དེས་ན་ཚད་མ་ཀུན་བཏུས་ལས། ། (རང་རེའི་ལེའུ་དང་པོའི་མཐའ་དཔྱོད་ལས་ཚིག་སྡུད་དྲུག་གི་འབྲུ་མང་དང་ལས་འཛིན་དང་ཟླས་དབྱེ་གསུམ་མིན་ཚུལ་བཤད་ཟིན་ལ་བ་གཉིས་པ་ཡང་མ་ཡིན། མི་ཟད་པའི་བསྡུ་བ་ཡང་མ་ཡིན་པའི་ཕྱིར་ཞེས་སོགས་གསལ་བར་གསུངས་པ་ལ་གཟིགས།) གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །དེ་ལ་དཔག་བྱ་བསྟན་པ་ནི། །རྟགས་ཀྱི་དོན་གྱི་ཡུལ་དུ་འདོད། །རང་གི་ངོ་བོ་ཉིད་བསྟན་བྱ། །རང་དང་འདོད་པ་མ་བསལ་བ། །མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་པའི་ཚིག་ཟུར་རེ་རེ་ཡི། །རྣམ་བཅད་ཡོངས་གཅོད་ཚིག་ཕྲད་དོན། །ཞིབ་པར་ལེའུ་བཞི་པ་ལས། །དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། ། ནས། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གིས་དེ་ཡི་མཚན་ཉིད་བཞི། ། (རྣམ་འགྲེལ་ཊཱིཀ་ཆེན་ལས། །ཚད་མ་མདོར། ངོ་བོ་ཁོ་ན་རང་ཉིད་དང་། །འདོད་དང་མ་བསལ་བསྟན་པར་བྱ། །ཞེས་གཞན་དོན་བསྒྲུབ་བྱའི་མཚན་ཉིད་གསུངས་པ་དེ་ལ་ངོ་བོ་དང་། ཁོ་ནའི་ཚིག་ཕྲད་དང་། བདག་ཉིད་དང་། འདོད་པ་ཞེས་པ་གཞན་དོན་བསྒྲུབ་བྱ་དེའི་མཚན་ཉིད་ཀྱི་ཚིག་གི་ཟུར་བཞི་ཡིས། གཞན་དོན་བསྒྲུབ་བྱ་ཡིན་ན་གང་ལ་བསྒྲུབ་བྱར་སོང་བའི་ཕྱི་རྒོལ་གྱིས་མ་གྲུབ་པ་དང་། དེའི་ཚེ་སྒྲུབ་བྱེད་དུ་བཀོད་པ་མིན་པ་དང་། དངོས་སུ་སྒྲུབ་ངག་གིས་མ་བརྗོད་ཀྱང་། དོན་གྱིས་བསྒྲུབ་བྱར་བརྗོད་པ་དང་། རྒོལ་བ་རང་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་ཞིག་དགོས་སོ། །ཞེས་པ་རྣམས་ཡོངས་གཅོད་ཀྱི་དགོས་པར་བཟུང་བ་ཡིན་ནོ། །ཞེས་གསུངས་སོ།།) མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་བཟུང་ངོ་། །མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་པ་རྩ་འགྲེལ་རྣམས་ཀྱི་དོན། །ལེའུ་དང་པོའི་མཐའ་དཔྱོད་དང་། །ལེའུ་བཞི་པའི་ཊཱིཀ་ཆེན་ལས། །གསུངས་པ་རྣམས་ལ་ངེས་རྙེད་ན། །བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་ཡི། །ཚད་མ་མདོ་ཡི་ཚིག་ཟུར་རེ་རེའི་དོན། །ཆོས་ཀྱི་གྲགས་པས་རྣམ་གྲངས་མཐའ་ཡས་པས། །རྣམ་པར་བཀྲལ་བའི་རྟོགས་བརྗོད་བསམ་མི་ཁྱབ། །ཅེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་དྲུག་པའོ།། །།

 

༈ རྒྱལ་སྲས་དབང་པོ་ཀུན་ཏུ་བཟང་པོ་ཡིས། །རྒོལ་ངན་ཚར་གཅོད་སླད་དུ་སྐུ་སྤྲུལ་བ། །རྒྱལ་བའི་ལུང་བསྟན་སྡོམ་བརྩོན་སྔགས་གྲུབ་པའི། །ཆོས་ཀྱི་གྲགས་པ་སྲིད་ན་རྒྱལ་གྱུར་ཅིག །རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་ནོར་དུ། །མུ་སྟེགས་བྲམ་ཟེའི་རིགས་འཁྲུངས་ཆུང་ངུའི་དུས། །མུ་སྟེགས་སྟོན་པ་གཞོན་ནུ་མ་ལེན་གྱིས། །ངན་སྨྲས་བྱས་པས་གནས་བརྟན་ཆོས་སྐྱོང་ལས། །རབ་ཏུ་བྱུང་ནས་མདོ་སྡེ་དང་། །གཟུངས་སྔགས་སྡོམ་པ་ལྔ་བརྒྱ་ལ། །ཞལ་འདོན་མཛད་ཅིང་དབང་ཕྱུག་སྡེར། །ཀུན་བཏུས་ཚར་གསུམ་གསན་པའི་ཚེ། །ཁྱོད་ནི་ཕྱོགས་ཀྱི་གླང་པོར་མཉམ། །དེས་ན་ང་ཡིས་ནོར་བ་རྣམས། །ཕྱོགས་སྔར་གྱིས་ལ་ཀུན་བཏུས་ཀྱི། །འགྲེལ་པ་རྩོམས་ཞེས་བསྐུལ་མ་མཛད། །རྡོ་རྗེ་སློབ་དཔོན་ཌེཾ་གི་པར། ། (འདོད་འཇོ་ལས། ཡིག་མཁན་རིགས་ལས་སྐལ་བར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །ལཱུ་ཨི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་འདྲ་བའི་གྲུབ་ཆེན་དེ་ལ་རང་གི་སློབ་མ་རྒྱལ་པོ་དཱ་རི་ཀ་པ་དང་། །བློན་པོ་ཌེཾ་གི་པ་ཞེས་པ་གཉིས་ཀྱིས་མངོན་པར་རྟོགས་པ་ཇི་ལྟར་སྒོམ་སམ་ཞུས་པའི་དོན་དུ་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་འདི་མཛད་དོ། །ཞེས་གསུངས་པ་ལྟར་གྲུབ་ཆེན་ཌེཾ་གི་པ་ནི་རྒྱལ་པོ་དཱ་རི་ཀ་པའི་བློན་པོའོ།།) ཧེ་རུ་ཀ་ཡི་དབང་མནོས་ཏེ། །བསྒྲུབས་པས་མངོན་སུམ་ཞལ་བསྟན་ཅིང་། །ཕྱོགས་ལས་རྒྱལ་བའི་དངོས་གྲུབ་གནང་། །དེ་ཡི་ཚེ་ན་སློབ་དཔོན་འདིས། །འཁོར་ལོ་སྡོམ་པ་ཡབ་ཡུམ་ལ། །བསྟོད་པ་རྒྱུན་ཆགས་ཚིག་རྐང་གྲངས། །སྟོང་བརྒྱ་བརྒྱད་ཅུ་ཡོད་པ་མཛད། །བྲམ་ཟེ་ཀ་ན་གུཔྟས་གཙོས། །གཟེག་ཟན་ལྔ་བརྒྱ་ཚར་བཅད་ཅིང་། །གཞོན་ནུ་རོལ་པ་འཁོར་དང་བཅས། །བྲམ་ཟེ་ལྔ་བརྒྱ་བསྟན་ལ་བཅུག །འབིགས་བྱེད་རི་བོའི་ཁོང་གནས་པའི། །སྤྱོད་པ་བ་དང་གཅེར་བུ་བ། །རྒོལ་བ་ཐམས་ཅད་སུན་ཕྱུང་ངོ་། །སླར་ཡང་ཝཱ་རཱ་ཎ་སཱི་རུ། །སཾ་ག་ཨཱ་ཙརྱ་ཞེས་པ། །སྐྱེ་བ་གསུམ་བརྗེས་སློབ་དཔོན་འདིར། །རྩོད་པ་བྱས་པས་ཁོ་ཕམ་སྟེ། །སྐྱེ་བ་གསུམ་པར་བསྟན་ལ་ཞུགས། །སློབ་དཔོན་རང་ཉིད་ཀྱིས་བཞེངས་པའི། །ལྷ་ཁང་ལྔ་བརྒྱ་ལྷག་ཡོད་ཅིང་། །ཁྱིམ་བདག་གཞན་ལ་བསྐུལ་བ་ཡིས། །གཙུག་ལག་ཁང་བཟང་མཐའ་ཡས་སོ། །སློབ་དཔོན་འདི་ཡིས་མུ་སྟེགས་པ། །ནང་པའི་བསྟན་ལ་བཅུག་པའི་གྲངས། །དགེ་སློང་དགེ་བསྙེན་བསྡོམས་པ་ལ། །འབུམ་ཕྲག་ལོངས་པ་ཡོད་ཅེས་གྲགས། །ཕྱིས་སུ་མེ་ཏོག་རྒྱས་པའི་གྲོང་ཁྱེར་དུ། །རྒྱལ་པོས་ད་ལྟ་སུ་མཁས་དྲིས་པའི་ཚེ། །ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །གསུངས་པས་རྒྱལ་པོ་དད་དེ་སྦྱིན་བདག་མཛད། །ཚད་མ་སྡེ་བདུན་བརྩམས་ཤིང་རྣམ་འགྲེལ་གྱི། །ལེའུ་དང་པོར་ཉིད་ཀྱིས་འགྲེལ་པ་མཛད། །སློབ་དཔོན་བགྲེས་པས་ལེའུ་ལྷག་མ་ལ། །ལྷ་དབང་བློ་ཡིས་འགྲེལ་པ་བརྩམས་ཞེས་གྲགས། །ཆོས་རྗེ་དོན་གྲུབ་རིན་པོ་ཆེས། །ཁམས་གསུམ་བླ་མ་ཙོང་ཁ་པ། །དབུས་སུ་ཕེབས་སྐབས་ཞལ་གདམས་སུ། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། །འབྲིང་དུ་སྟོན་པའི་རྣམ་ངེས་དང་། །ཤིན་ཏུ་བསྡུས་པ་རིགས་ཐིགས་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིགས་ཏེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། །གསུངས་པ་བཞིན་དུ་སྡེ་བདུན་དང་། །མདོ་དང་རང་འགྲེལ་འགྲེལ་པ་རྣམས། །ལམ་གྱི་རིམ་པར་བསྒྲིགས་པ་ཡིས། །སྔོན་མེད་གདམས་པའི་མན་ངག་སྩལ། །རང་གི་སྟོན་པ་དངོས་སྟོབས་རིགས་པ་ཡིས། །ཚད་མར་སྒྲུབ་པ་ཆོས་ཀྱི་གྲགས་པའི་གཞུང་། །སྟོན་དང་བསྟན་ལ་གཞན་གྱིས་མི་འཕྲོག་པའི། །ངེས་པ་རྙེད་པ་ངོ་མཚར་གཏམ་འདི་ཡིན། །གྲངས་མེད་གསུམ་དུ་བསམ་སྦྱོར་ཕུན་ཚོགས་རྒྱུས། །གསུམ་ལྡན་སྤངས་པ་ཕུན་ཚོགས་རང་དོན་བརྙེས། །གཞན་སྐྱོབ་གཟིགས་པའི་ལམ་སྟོན་རིགས་པ་ཡིས། །ཚད་མར་སྒྲུབ་པ་ལུགས་འབྱུང་ཡང་དག་རྟགས། །བསླུ་མེད་བདེན་བཞི་འདོམས་པ་སྐྱོབ་པ་ཉིད་ཡིན་དེ་ལས་རྟོགས་པ་གསུམ་ལྡན་བདེ་གཤེགས་སྒྲུབ། །དོན་གཉིས་མཐར་ཐུག་བརྙེས་གང་འབྲས་བུ་ཉིད་ཡིན་དེ་ལས་སྦྱོར་བ་ཕུན་ཚོགས་སྔོན་སོང་སྒྲུབ། །བདག་མེད་རྟོགས་པའི་ཤེས་རབ་མཆོག་དེ་ཐབས་ཡིན་དེ་ལས་བསམ་པ་ཕུན་ཚོགས་སྔོན་སོང་སྒྲུབ། །ཕྱི་མའི་རྟགས་ལས་སྔ་མ་སྔོན་སོང་ལུགས་ལྡོག་རིགས་པས་ཚད་མར་བསྒྲུབ་པ་རིགས་པའི་གཞུང་། ། (སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། །བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པ་ལྟར།) རྒྱུ་འབྲས་འཁོར་ལོ་སྲིད་པར་འཁོར་བས་སྲིད་གསུམ་བཤིགས་ཀྱང་འཇིག་མེད་རྟེན་འབྲེལ་ཨེ་མ་མཚར། །སྒྲུབ་བྱེད་ཐུགས་རྗེ་གྲངས་མེད་གོམས་པས་སྲིད་རྩ་བདག་ལྟ་འཇོམས་པའི་ཐབས། །བདག་མེད་མཐོང་བས་ཤེས་རབ་ཟབ་དོན་གོམས་པའི་ཐབས་ལ་སྟོན་པར་གྲགས། །ལེགས་དང་མི་ལྡོག་མ་ལུས་སྤངས་པས་མུ་སྟེགས་བྱེད་དང་སློབ་མི་སློབ། གསུམ་ལས་ལྷག་པའི་རང་དོན་དེ་ལས་གཞན་དོན་སྐྱོབ་པ་བྱུང་། །བདག་མེད་རྟོགས་ལས་སྤང་བྱའི་ཚོགས་ཀུན་སྡུག་བསྔལ་ཀུན་གྱི་རྟེན་མིན་པར། ། (ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། ། ནས། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་པ་ལྟར།) སྤངས་པ་འདི་ནི་ལེགས་པར་སྤངས་པ་མུ་སྟེགས་བྱེད་ལ་འདི་ཡོད་མིན། །བདག་ལྟའི་ས་བོན་རྩད་ནས་ཕྱུངས་ཟིན་ཡང་སྲིད་སྐྱེ་བར་སླར་མི་གཤེགས། །སྤངས་པ་མཆོག་ཁྱོད་ཕྱིར་མི་ལྡོག་སྟེ་སློབ་པ་འཕགས་ལས་འདི་ཁྱད་འཕགས། །ཇི་ལྟ་ཇི་སྙེད་ཡུན་རིང་གོམས་པས་བག་ཆགས་མ་ལུས་ཁྱོད་ཀྱིས་སྤངས། །སྤངས་པ་འདི་ནི་མ་ལུས་སྤངས་པ་དགྲ་བཅོམ་གཞན་ལ་འདི་ཡོད་མིན། །གཞན་ལས་ལྷག་པའི་རྒྱུ་འབྲས་ཕུན་ཚོགས་རིགས་པས་བསྒྲུབས་ནས་རང་ཅག་གི །སྟོན་པ་ཟླ་མེད་ཚད་མར་བསྒྲུབས་པས་སྐལ་བཟང་སྤུ་ལོང་ཅིས་མི་གཡོ། །སྟོན་པའི་རྣམ་ཐར་སྔོན་སྲིད་མང་པོའི་མཐར། །བྱམས་དང་སྙིང་རྗེ་ཕ་རོལ་ཕྱིན་ཚུལ་ལ། །གོམས་པའི་བདེན་པ་བརྫུན་ཕྱིར་ཚུར་རོལ་མཛེས། །སྔ་ཕྱིའི་སྐྱེ་བ་མེད་ཅེས་ལོག་པར་བལྟ། །བློ་ནི་ལུས་ལ་རྟེན་དང་ལུས་ཀྱི་འབྲས། །ལུས་ཀྱི་ཡོན་ཏན་གང་རུང་དེ་ལས་གཞན། །སྔ་ནས་ཡོད་དང་ཕྱི་མ་འདིར་འགྲོ་བའི། །སྲིད་པ་མེད་ཅེས་རྒྱང་འཕེན་ལོག་པའི་ལམ། །འབྱུང་རྔུབ་དབང་པོ་བློ་སོགས་ཉེར་ལེན་ལ། །ལྟོས་མེད་ལུས་ཉིད་འབའ་ཞིག་ལས་སྐྱེ་བའི། །ལོག་རྟོག་འབྱུང་པོའི་བྱ་ཚོགས་སྐད་འབྱིན་ཡང་། ། (རྩ་བར། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །མ་ཡིན་རྟེན་ནི་བཀག་ཕྱིར་རོ། །སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་དང་། དེ་ཕྱིར་དབང་སོགས་རང་རིག་ལ། །ལྟོས་པ་མེད་པར་འབྱུང་ཡིན་ན། །ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །ཞེས་སོགས།) རིགས་པའི་སྐྱ་རེང་ཤར་ཚེ་ལོང་བ་ཐོབ། །རྣམ་ཤེས་མིན་པའི་ཉེར་ལེན་མཐུ་ལས་རྣམ་ཤེས་སྐྱེ་བ་སྲིད་ཞི་བདེན་པའི་ལུགས་ལ་མེད། །དེ་ཕྱིར་ཚེ་འདིའི་རྣམ་ཤེས་ནུས་པ་ལས་ཡིན་མིན་ན་གཞན་ལའང་མཚུངས་ཞེས་པའི། ། (རྩ་བར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཕྱིར་འདོད་ན། །རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་སུ་བརྗོད་རྩོལ། །ཞེས།) རིགས་པའི་གནམ་ལྕགས་སྤྱི་བོར་གསོར་ལས་གཏད་མེད་གྲུབ་མཐའི་བྲག་རི་མཐོ་ཡང་ཐལ་བར་བརླགས། །རིགས་པའི་ཐོག་ཟེར་སྙིང་གིས་མ་བཟོད་རྫུན་གྱི་ཐལ་མོ་མིག་ལ་འགེབས་པ་སྤྲེའུ་བཞིན། ། (རྩ་བར། ཇི་ལྟར་སེམས་ལ་བརྟེན་བྱས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། །ཞེས་དང་། གཅིག་བསྒྲིབས་པ་ན་ཐམས་ཅད་དག །བསྒྲིབས་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར། །ཞེས།) ལུས་སེམས་ཆ་མེད་གྲུབ་མཐའ་གདོན་ཆེན་སྙིང་ལ་ཞུགས་པས་རི་གླིང་ཀུན། །རོ་ལངས་བཞིན་དུ་ལུས་ཀྱིས་གར་བསྒྱུར་འབྱུང་པོའི་སྐད་ངན་སྒྲོགས་སམ་ཀྱེ། ། (གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན། །ཤི་བས་ཉེས་པ་ཉམས་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། །གལ་ཏེ་མེ་ནི་ལྡོག་ན་ཡང་། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །དེ་ནི་ལྡོག་པ་མེད་ཅེ་ན། །མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། །སླར་མི་འབྱུང་བར་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །ཞེས་པ་ལྟར།།) ཤི་བའི་ལུས་ལ་སེམས་ཀྱང་གནས་འགྱུར་ནད་ཀྱིས་ཡིན་ན་ནད་གསོས་ཚེ། །སླར་ཡང་འཚོ་འགྱུར་ཤི་བ་ལོག་གམ་རོ་ལངས་ཡིན་ནམ་ངན་པའི་ལྟས། །སེམས་རྒྱུད་སྔ་མའི་ལུས་ལ་ལྟོས་མེད་པར། །ནང་གི་འབྱུང་ཆེན་སེམས་ཅན་རྒྱུར་འགྱུར་ན། །ཕྱི་རོལ་འབྱུང་བ་ཀུན་ལའང་དེ་མཚུངས་ཞེས། །ཆོས་གྲགས་རིགས་པའི་མདའ་ཆེན་སུ་ཡིས་ལྡོག །འཆི་ཀའི་སེམས་ནི་སེམས་ཕྱི་མ། །མཚམས་སྦྱོར་མི་བྱེད་དགྲ་བཅོམ་པ། །ཐ་མའི་སེམས་བཞིན་འཆི་སེམས་ཀུན། །དེ་མཚུངས་ཞེས་ནི་རྒྱང་འཕེན་སྨྲ། །བྱེ་སྨྲ་ལ་སོགས་ཆོས་འདི་པའི། །སྡེ་པ་འགའ་ཞིག་དཔེ་འདྲི་འདོད། །ཁྱོད་ཀྱང་ཉ་ནི་མཆིལ་བས་བཞིན། །ལུགས་འདིར་དབང་མེད་དྲངས་སམ་ཅི། །དགྲ་བཅོམ་ཡིད་ལུས་འགོག་པ་ལས། །རྒྱལ་བ་རྣམས་ཀྱིས་སློང་ཞེས་ཐོས། །གཟུགས་བརྙན་ལིང་ཀ་སེམས་མེད་ལ། །སེམས་ཞུགས་དམོད་པའི་ཆོ་ག་ཡིན། །ལུས་ཀྱི་ཁང་བཟང་ཞིག་རྗེས་སེམས་ཉིད་ཀྱི། །འགྲོན་པོ་འབའ་ཞིག་མཁའ་ལ་འཇག་མ་བཞིན། །རྟེན་མེད་གཅིག་པུར་གནས་འགྱུར་བཞད་གད་ཅེས། །ཆད་སྨྲ་ལྕེ་བདེ་དྲིལ་བསིལ་མགོ་ལྕོག་བྲེལ། ། (གལ་ཏེ་ལུས་ནི་ལྡོག་པ་ན། །རྟེན་མིན་ཕྱིར་ན་སེམས་འབའ་ཞིག །གནས་འགྱུར་ཞེ་ན་གལ་ཏེ་དེའི། །རྒྱུ་འཇུག་ཐོབ་ཕྱིར་སེམས་ཀྱི་རྒྱུན། །གནས་རྒྱུར་ཡན་ལག་མི་འགྱུར་ན། །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །དེ་ཡི་ཡན་ལག་དངོས་པོ་དང་། །རྒྱུ་ཉིད་འགོག་ལ་མི་དམིགས་པ། །ངེས་འབྱེད་མིན་པར་རབ་ཏུ་བཤད། །ཅེས་པ་ལྟར།།) ཚེ་འདིའི་རྣམ་སྨིན་འགྲོན་ཁང་འཇིག་ཀྱང་འཆི་ཁར་ཚེ་འདིའི་སྐྱེ་མཆེད་ལྔའི། །ཉེ་བར་ལེན་དང་འཆི་སེམས་ལྷན་ཅིག་བྱེད་རྐྱེན་ནུས་པ་ཚོགས་པ་ལས། །ཕྱི་མའི་ལུས་གཞན་གསར་དུ་བསྐྱེད་ཕྱིར་སེམས་ཉིད་ཡན་གར་གནས་པ་མིན། །དེ་ཕྱིར་ལུས་སེམས་ལྷན་ཅིག་གནས་ཀྱང་རྟེན་དང་བརྟེན་པར་རིགས་མ་ཡིན། ། (རྩ་བར། དཀར་པོ་ལ་སོགས་ས་སོགས་ལ། །རྟེན་པ་ཉིད་ནི་མ་ཡིན་ནོ། །དེ་རྟེན་སྒྲ་ཡང་རྒྱུ་དོན་ནམ། །ཡང་ན་རང་གི་རྟེན་དག་དང་། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན། །ཞེས་པ་ལྟར།) རྒྱུ་ཚོགས་གཅིག་པས་རྟེན་འབྲེལ་ལས། །ལྷན་ཅིག་གནས་ཀྱང་རྟེན་བརྟེན་པ། །མ་ཡིན་དེ་ལ་རྒྱུ་འབྲས་སམ། །ཡང་ན་རང་བཞིན་དབྱེར་མེད་དགོས། །གཟུགས་མེད་སྲིད་པར་གཟུགས་ཡོད་བར་སྲིད་མེད་ཅེས་བྱེ་སྨྲ་གཞུང་གི་ཆུ་གཏེར་ཆེ། །ཆུ་སྲིན་གྲོང་ཁྱེར་བ་ཚྭའི་རླབས་ཕྲེང་རིགས་སྨྲ་རྣམ་དཔྱོད་ལྕེར་མི་ལེན། །སྲིད་པའི་རྩེ་ནས་འདོད་པར་ལྷུང་བའི་བར་སྲིད་གཟུགས་ཅན་སྐྱེ་མཆེད་ལྔའི། །ཉེར་ལེན་རིགས་འདྲ་གཟུགས་མེད་ན་མེད་བག་ཆགས་འཇོག་ཚུལ་མ་མཁྱེན་ན། །ཆོས་གྲགས་རིགས་པ་རང་ལ་འཁོར་རོ་རིགས་སྨྲ་མཁས་རྣམས་གཟོབས་མཛོད་ཀྱི། །གཟུགས་མེད་སྲིད་པར་གཟུགས་ཡོད་བར་སྲིད་མེད་ཅེས་སྨྲ་བའི་མཁས་པའང་འཁྲུལ། །གཟུགས་མེད་པ་ན་དབང་པོ་ཀུན་ཚང་སྲིད་པ་འགལ་སྙམ་བྱེ་སྨྲ་གཏམ། །གཟུགས་ཡོད་བར་སྲིད་མེད་སྨྲ་ཁྱེད་ཀྱི་སྒྲུབ་བྱེད་རི་བོང་ཅལ་ལ་དྲིས། །སྙིང་རྗེ་བྱམས་སོགས་གོམས་ན་ཡང་། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །མཐའ་མེད་འཕེལ་བ་བརྫུན་ནོ་ཞེས། །ཕུར་བུའི་སློབ་མ་འགའ་ཞིག་ལོ། ། (རྟེན་མི་བརྟན་པ་ཉིད་འགྱུར་ན། །ཁྱད་པར་དག་ན་མི་འཕེལ་ན། །ཞེས་དང་། བརྩེ་རང་ས་བོན་ལས་བྱུང་བ། །གལ་ཏེ་རང་ས་བོན་རྒྱུ་ཅན། །མི་མཐུན་ཕྱོགས་ཀྱིས་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །འདི་ལྟར་གོམས་པ་སྔ་མ་དང་། །སྔ་མའི་སེམས་ཆོས་བརྩེ་བ་དང་། །ཆགས་བྲལ་བློ་སོགས་གཞན་དག་གི །གསལ་བ་ཡི་ནི་རྩ་བ་ཡིན། །ཞེས་པ་ལྟར།) སྐྱེས་བུས་མཆོངས་པ་ལུས་ཀྱི་ཚད་ཡིན་འབད་རྩོལ་ལ་ལྟོས་མཆོངས་པ་ལས་མཆོངས་འཕེལ་བ་མིན། །སྙིང་རྗེ་ལ་སོགས་སེམས་ཀྱི་རང་ཆོས་ཐོག་མར་གོམས་ཚེ་བརྩེ་ལས་བརྩེ་སོགས་རྒྱུན་མི་འཆད། །ཆོས་སྐུ་མི་གཡོ་གཞན་སྣང་གཟུགས་སྐུ་བསྡུ་བར་མཛད་ཀྱང་མཁྱེན་བརྩེ་རྟོགས་པ་ནོར་བུ་ལྟར། །གཞན་དོན་མཛད་འཕྲིན་འཆི་མེད་ཆུ་ཀླུང་འགོག་པའི་ཆུ་ལོན་མཁའ་ལ་དབྱུག་པ་བསྣུན་དང་མཚུངས། །སྙིང་རྗེས་རྒྱུད་བརླན་བརྩེ་བའི་དབང་གིས་མར་གྱུར་འགྲོ་འདིའི་སྡུག་བསྔལ་གཞོམ་ཕྱིར་ལམ་ལ་འབད་པ་ཅིས་མི་རྩོམ། ། (བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར།) ཐབས་དང་ཐབས་བྱུང་འཁོར་འདས་རྒྱུ་འབྲས་བདེན་པ་བཞི་ནི་ལྐོག་ཏུ་གྱུར་ན་གཞན་ལ་འཆད་པ་དཀའ་བའི་ཕྱིར། །སྡུག་བདེན་ཤེས་ནས་ཀུན་འབྱུང་སྤང་ཕྱིར་ལམ་ལ་འབད་པས་འགོག་པ་མངོན་འགྱུར་ཐབས་ཀྱི་སྦྱོར་བ་ཡང་དག་བརྩོན། །སྡུག་བསྔལ་བདེན་པའི་རྒྱུ་ནི་ཀུན་འབྱུང་གཙོ་བོ་སྲིད་སྲེད་ཡིན་ཏེ་རྩ་བ་འཇིག་ཚོགས་ལྟ་བར་རབ་གཟིགས་ནས། །དེ་འགལ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་རྣོན་པོ་རྣམ་མང་གོམས་ལས་སྐྱོན་བསལ་ཡོན་ཏན་མངོན་དུ་གྱུར། །བསམ་སྦྱོར་དེ་ལས་གསུམ་ལྡན་བདེ་གཤེགས་རང་གི་དོན་བརྙེས་དེ་ལས་སྐྱོབ་པ་ལུགས་འབྱུང་བདེ་གཤེགས་འཁོར་ལོ་ཡིན། །ཁྱོད་ཀྱི་སྟོན་པ་ཟས་གཙང་སྲས། །ངག་སྨྲ་ཕྱིར་དང་སྐྱེས་བུའི་ཕྱིར། །སྡུག་བསྔལ་ལ་སོགས་སྐྱོན་ཟད་པ། །བརྫུན་ཞེས་རྒྱལ་དཔོག་པ་རྣམས་སྨྲ། །ཉམ་ཆུང་སྲིན་བུ་མེ་ཁྱེར་གྱིས། །འཇིག་རྟེན་གསུམ་པོ་སྣང་འདོད་པ། །ཁྱོད་ནི་རང་རྨོངས་མི་གཙང་གོས། །གཞན་ལ་བགོ་བ་ཨེ་མ་མཚར། །འཁོར་བའི་རྩ་བ་མ་རིག་བདག་ཏུ་ལྟ། །དེ་སུན་འབྱིན་པ་བདག་མེད་རྟོགས་པའི་ལམ། །གོམས་པའི་འབྲས་བུ་སྐྱོན་ཟད་སྐྱབས་ཀྱི་མཆོག །ལོག་ལམ་འཁྱམས་པས་མཐོང་མིན་ཁ་སྡོམས་ཤིག །ནད་ཀྱི་རང་ངོ་ཤེས་ནས་ནད་རྒྱུ་རླུང་མཁྲིས་བད་ཀན་སོགས། །དེ་ཡང་སྨན་གྱི་སྤང་གཉེན་ངོ་སྤྲོད་ཆོ་ག་མཐར་ཕྱིན་ན། །དེ་འབྲས་ནད་མེད་བདེ་བ་མངོན་སུམ་རང་གིས་མྱོང་བཞིན་དུ། །རང་ཉམ་ཐག་པས་གཞན་སུན་འབྱིན་པའི་མུ་ཅོར་འདི་ཐོངས་ཤིག །བདེན་བཞི་མ་ལུས་སྟོན་པའི་རྟགས་ལས་གཞན་དོན་ཕུན་ཚོགས་སྐྱོབ་པ་སྒྲུབ། །དེ་ཉིད་རྟགས་ལས་ཁྱད་པར་གསུམ་ལྡན་རྟོགས་པ་བདེ་གཤེགས་སྔོན་སོང་སྒྲུབ། །དེ་ལས་སྦྱོར་བ་ཕུན་ཚོགས་འབྲས་བུ་སྟོན་པའི་རྒྱུ་ཚོགས་ཤེས་རབ་སྒྲུབ། །དེ་ལས་ལྷག་བསམ་ཐུགས་རྗེ་སྔོན་སོང་ལུགས་ལྡོག་བདེ་གཤེགས་འཁོར་ལོ་ཡིན། །ཟག་བཅས་ལས་ཉོན་ལས་བྱུང་བའི། །ཕུང་ལྔ་སྡུག་བསྔལ་བདེན་པ་དེ། །སྲིད་པར་ཡང་ཡང་འཁོར་བས་ན། །འདི་ལ་བག་ཟོན་ཅིས་མི་བྱེད། །ཐོག་མེད་སྲིད་པའི་འཁོར་ལོ་ནི། །མེད་ཅེས་མ་རིག་མིག་ལྡོངས་ཤིང་། །ལོག་རྟོག་འཇག་མཁར་ལ་འཁྲིལ་བའི། །རྒྱང་འཕེན་རྒན་པོའི་ངག་ཀྱལ་ཡིན། ། (རྒྱང་འཕེན་པ་སྐྱེ་བ་སྔ་མ་ཁས་ལེན་པ་ཡོད་དེ། །ལུང་མ་བསྟན་གྱི་ལྟ་བའི་སྐབས་ཀྱི་གསེར་ཕྲེང་ལས། དང་པོ་རྒྱང་འཕེན་མ་ཡིན་པ་ལ་ཕྱིས་མངོན་ཤེས་ལ་བརྟེན་ནས་ལྟ་བ་དེ་དག་སྐྱེས་ནས་རྒྱང་འཕེན་དུ་སོང་བ་ནི་སྲིད་དོ། །ཞེས་གསུངས་པ་ལྟར་རོ།།) མ་བསླབ་ཕྲུ་གུ་ནུ་ཞོར་རྒྱུག །བཀྲེས་སྐོམ་ཆགས་སྲེད་ཆེར་འཕེལ་བ། །སྔོན་མེད་མ་ཡིན་ཚེ་སྔོན་ནས། །གོམས་པས་གསལ་བ་མ་ཡིན་ནམ། །སྲན་ཟླུམ་ཚེར་མ་རྣོ་བ་སོགས། །འདི་ལའང་རྒྱུ་མེད་ཅེས་རྒོལ་མོད། །སྐྱེས་བུས་འབད་རྩོལ་རྒྱུར་མེད་ཀྱང་། །བརྟན་གཡོ་སྲིད་པའི་རྟེན་འབྲེལ་གནད། །ཚུར་ཤོག་ཀུན་མཁྱེན་ཉིད་ལ་དྲིས། །རྒྱུ་མེད་དག་ལ་གདོད་མ་ནས། །རྟག་ཏུ་ཡོད་དམ་ཡང་ན་མེད། །རིགས་པ་འདི་ཡི་ལྕིད་མཐོང་ཚེ། །རི་རབ་ཀྱང་ནི་འགྱེལ་བར་དོགས། །རྟེན་མེད་ལོང་བ་ཅིས་མི་འགྱེལ། །ལོག་ལྟའི་མཁར་བ་བཅག་ན་ཡང་། །ཉོན་མོངས་སྐྱུགས་པ་འཐོར་བ་ཡི། །ངག་གི་སྨྲེ་སྔགས་ཅི་ཡང་ཤོར། །ཨེ་མ་མ་རུང་སྙིང་རྗེའི་གནས། ། (འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །གལ་ཏེ་རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ཡི་ཆོས། །དེ་ལས་གཞན་ཡང་ཅིས་མ་མཐོང་། །ཐམས་ཅད་འདོད་ཆགས་མཚུངས་པར་ནི། །ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །གཟུགས་སོགས་བཞིན་སྐྱོན་མེད་ཅེ་ན། །གལ་ཏེ་དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མ་ཡིན་ན། །དེར་ཡང་རྩོད་པ་མཚུངས་པ་ཡིན། ཞེས་པ་ལྟར།) ཆགས་སོགས་ཉོན་མོངས་གོམས་ལས་མ་ཡིན་རླུང་མཁྲིས་བད་ཀན་ཉེར་ལེན་ལས། །གཏི་མུག་སྡང་སོགས་གྲངས་བཞིན་སྐྱེ་ཞེས་མུ་སྟེགས་བྱེད་རྣམས་ལོག་པར་སྨྲ། །བད་ཀན་ཅན་ལ་ཞེ་སྡང་འཕེལ་དང་མཁྲིས་ནད་ཅན་ལ་འདོད་འཕེལ་བ། །ཀོ་ཊ་བ་ལས་ནས་མྱུག་བཞིན་དུ་རྒྱུ་དང་འབྲས་བུ་འཆོལ་ཕྱིར་བརྫུན། །བད་ཀན་མཁྲིས་ནད་འདྲེས་ཕྱིར་སྐྱོན་མེད་ཅེ་ན་དེ་ཡི་ཆོས། །མིག་སེར་ལ་སོགས་མངོན་སུམ་མི་མཐོང་བས་ན་བརྫུན་གྱི་གསང་བ་བརྡོལ། །གཏི་མུག་སོགས་གསུམ་ནད་གསུམ་རེ་རེའི་ཉེར་ལེན་འབྲས་བུ་ཡིན་སྙམ་ན། །བད་ཀན་མཚུངས་པས་འགྲོ་ཀུན་འདོད་ཆགས་མཚུངས་འགྱུར་ཉེར་ལེན་ཁྱད་མེད་ཕྱིར། །ཉེར་ལེན་འབྱུང་བ་ཁྱད་མེད་མཚུངས་ཀྱང་མཛེས་སྡུག་ཁྱད་པར་མེད་དམ་ཞེས། །རྒོལ་བ་ཁྱོད་བདེན་མཛེས་སྡུག་གཟུགས་ལའང་ལས་རྣམས་བདག་རྐྱེན་ཡོད་ཕྱིར་དུ། ། (རྒྱུ་ནི་འཕེལ་བར་གྱུར་པ་ན། །འབྲས་བུ་འགྲིབ་པར་མི་རུང་སྟེ། །ཚ་བ་སོགས་བཞིན་ཆགས་སོགས་ཀྱི། །འགྱུར་བ་བདེ་སྡུག་ལས་སྐྱེས་ཡིན།།) རྒྱུ་ཚོགས་འཕེལ་ནས་འབྲས་བུ་འགྲིབ་པ་རྒྱུ་འབྲས་རྟེན་འབྲེལ་ཆོས་ཉིད་མིན། །མཁྲིས་ནད་འཕེལ་ནས་དེ་འདྲའི་ཚ་བ་འགྲིབ་པ་དག་ཏུ་མི་འགྱུར་བཞིན། །རླུང་མཁྲིས་བད་ཀན་ནད་རྣམས་འཕེལ་ནས་ཆགས་སྡང་འགྲིབ་པ་སྲིན་པོའི་ཁར། །ལྟ་ལོག་སྨྲ་ངན་ཁྲག་རྒྱུན་འཐུང་བའི་མིག་རྩ་དམར་པོ་གློག་བཞིན་འཁྱུག །ས་ཆུ་མེ་རླུང་ལས་ནི་ཆགས་སྡང་ཆུ་རླུང་གཡོས་ལས་གཏི་མུག་ཅེས། །ཉོན་མོངས་འདི་དག་འབྱུང་བཞིའི་འཕྲུལ་ཡིན་ཉེར་ལེན་སེམས་པ་མེད་དོ་ཞེས། །ཚུ་རོལ་མཛེས་མིག་བཙུམ་ནས་སྨྲ་ལ་ཆོས་གྲགས་འདི་སྐད་ཅེས། །སྔོན་གོམས་ཉོན་མོངས་བག་ཆགས་མེད་ན་ལུས་ཅན་འགའ་ལ་འདོད་ཆགས་སོགས། །གཏན་ནས་མེད་པའམ་ཡང་ན་ཐམས་ཅད་ཆགས་སོགས་མཚུངས་འགྱུར་སྐལ་མཉམ་གྱི། །རྒྱུ་དང་བྲལ་ཕྱིར་འབྱུང་བས་བྱེད་ན་ཕྱི་རོལ་འབྱུང་བའང་མཚུངས་མིན་ནམ། །འབྱུང་ལས་འབྲས་སྐྱེས་སྐྱུགས་སྨན་སྨིན་ལས་རྒྱུ་མེད་སྐྱུགས་པ་འདི་ཐོང་ཞིག ། (ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་། །རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། །ཉེར་ལེན་ཉིད་ནི་བསལ་བ་ཡིན། །ཞེས་པ་ལྟར།) གལ་ཏེ་ཁྱོད་ཀྱང་ལུས་འདི་ལས། །ཉོན་མོངས་སྐྱེ་བ་མེད་དམ་ཞེས། །རྒོལ་ན་སེམས་ཀྱི་ལྷན་ཅིག་བྱེད། །ལུས་ཀྱི་བྱེད་པ་འདི་ན་སྣང་། །ཉེར་ལེན་བྱེད་པ་འགག་པ་ཡིན། ། (ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། །ཞེས་པ་ལྟར་རིམ་ལྔ་གསལ་སྒྲོན་ལས་ལུང་འདི་དྲངས་ནས་བདེ་ཆེན་སྐྱེ་ཚུལ་གསུངས།) ལུས་ཀྱི་དར་རྒུད་རྐྱེན་གྱི་འགྱུར་བས་ལུས་ཤེས་འཁོར་བྱུང་སིམ་གདུང་འབྱུང་། །སིམ་གདུང་དེ་ལས་ཆགས་སྡང་འཕེལ་ཕྱིར་ལུས་དབང་རེག་བྱ་ལྷན་ཅིག་བྱེད། །དེ་ཕྱིར་སེམས་ཀྱི་ཉེར་ལེན་ལུས་ཞེས་ལོག་པར་སྨྲ་བའི་བརྟུལ་ཞུགས་འདིས། །རིག་བྱེད་རྣམ་བཞི་རྒྱ་མཚོར་ནུབ་བམ་བྱེད་པོ་དྲི་ཟའི་གྲོང་དུ་བྲོས། །མི་རྟག་སྡུག་བསྔལ་བདག་མེད་སྟོང་། །སྡུག་བདེན་དེ་ཡི་ཁྱད་པར་དུ། །བླང་དོར་རྒྱུ་འབྲས་ཀུན་གཟིགས་པའི། །སྟོན་མཆོག་ཐུགས་རྗེའི་གཏེར་དེས་གསུངས། །རེས་འགའ་སྐྱེ་བས་མི་རྟག་ཉིད་གྲུབ་ནད་འཆི་ལ་སོགས་ཉེས་པའི་རྟེན། །སྲིད་སོགས་ལྕགས་ཀྱུས་རང་དབང་མེད་དང་སྡུག་བསྔལ་གསུམ་གྱིས་བསྡུས་པའི་ཕྱིར། །སྡུག་བསྔལ་ཉིད་གྲུབ་ཕུང་པོ་སྒྱུ་མར་མཚན་ཉིད་མི་མཐུན་བདག་མེད་ཡིན། །བདག་དང་བདག་གིས་ཀུན་ནས་སྟོང་ཕྱིར་སྟོང་པ་ཉིད་ཡིན་འདི་ཤེས་བྱ། །སྡུག་བསྔལ་དེ་རྒྱུ་ཀུན་འབྱུང་བདེན་ཡིན་ལས་དང་ཉོན་མོངས་ཀུན་འབྱུང་གཉིས། །ལས་སྲིད་མ་རིག་རྒྱུ་གསུམ་ནང་ནས་འདིར་ནི་སྲིད་སྲེད་རྒྱུ་གཙོར་བཤད། ། (མི་ཤེས་སྲིད་པའི་རྒྱུ་ཡི་ཡང་། །མ་བརྗོད་སྲིད་པ་ཉིད་བཤད་པ། །རྒྱུན་ནི་འཕེན་པར་བྱེད་ཕྱིར་དང་། །དེ་མ་ཐག་ཕྱིར་ལས་ཀྱང་མིན།།) རྨོངས་ཆེན་མ་རིག་བརྒྱུད་རྒྱུ་ཉིད་ཡིན་ལས་ཀྱང་ཡང་སྲིད་འཕེན་ངེས་མིན། །སྲིད་པའི་སྲེད་འདིས་ཡང་སྲིད་འཁོར་བ་དེ་མ་ཐག་འཕེན་གཙོ་བོར་བཞེད། །དེ་ཡང་སྲིད་པའི་རྒྱལ་སྲིད་ཆེ་སྐྱོང་ཕྱིན་ཅི་ལོག་གི་བློན་པོ་བཞི། །འཇིག་ལྟའི་གྲོགས་ངན་གྲོས་ཀྱིས་ཁ་བསྒྱུར་མཚུངས་ལྡན་མ་རིག་རྒྱལ་པོའོ། །བདག་མེད་མངོན་མཐོང་ལམ་བདེན་གཙོ་བོ་ཤེས་རབ་རལ་གྲིའི་འཁྲུལ་འཁོར་གྱིས། །སྲིད་གསུམ་རྒྱལ་སྲིད་རྨང་ནས་ཕམ་སྟེ་བདེ་ཆེན་ཐར་པའི་རྒྱལ་ས་ཟིན། །འདོད་དང་སྲིད་དང་འཇིགས་སྲེད་གསུམ། །ཡང་སྲིད་འབོད་པའི་ཕོ་ཉ་སྟེ། །འདི་མེད་ལས་ཀྱི་བྲན་ཁོལ་གྱིས། །སྲིད་པའི་འཁྲུལ་འཁོར་བཙུགས་མི་ཕོད། ། (རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྐྱེ་ཚུལ་ནི།) མ་རིག་ཆུ་འཛིན་འཁྲིགས་ལས་སྲེད་ལེན་གྱི། །སྤྲིན་རྔའི་གླུ་དབྱངས་ཐོས་པས་ཡང་སྲིད་ཀྱི། །ཆུ་ཤིང་སྙེ་མར་མིང་གཟུགས་མེ་ཏོག་འབྲས། །སྨིན་དེ་རང་ཉིད་འཇོམས་པའི་ལྟས་སུ་འཆར། །སྲིད་འདིའི་རྩ་བ་འདོད་ཆགས་ཏེ། །དེ་ཡང་བདག་ལྟའི་གྲོགས་ཀྱིས་བསླུས། །དེ་འགལ་གཉེན་པོ་བདག་མེད་རྟོགས། །ཤེས་རབ་རལ་གྲི་མེ་འབར་རོ། །ཉོན་མོངས་ལན་ཅིག་སྤངས་པ་སླར་ལྡོག་ཕྱིར། །ཁྱོད་ཀྱི་སྟོན་པ་དགེ་སྦྱོང་གོའུ་ཏ་མས། །སྤངས་པ་བརྟན་ཅེས་བཤད་པ་རྫུན་ནོ་ཞེས། །ཕྱི་རོལ་རིག་བྱེད་ཀློག་པ་མཁན་རྣམས་སྨྲ། ། (སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད། །ནུས་ཡོད་ན་ཡང་གནོད་པ་ཅན། །སྐྱེད་ནུས་སྙིང་པོ་ཅན་དངོས་ལ། །ཡུན་དུ་གནས་ནུས་ཡོད་མིན་ཏེ། །ས་རློན་ལ་ནི་མེ་བཞིན་ནོ། །འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་པ་ལྟར།) བདག་མེད་རྟོགས་པའི་ཡེ་ཤེས་བདེན་པའི་ཚིག །བདག་འཛིན་དྲང་སྲོང་སྔགས་ཀྱིས་བཟློག་མི་སྲིད། །གནས་ལུགས་བདག་མེད་བདག་ཏུ་ལོག་པའི་གཏམ། །འོན་པའི་རྣ་བས་ཐོས་པ་ཡིན་ནམ་ཅི། །བདག་ལྟ་གློ་བུར་མགྲོན་གྱིས་གཉུག་མའི་སེམས། །རང་བཞིན་འོད་གསལ་ཁྱིམ་བདག་སུན་མི་དབྱུང་། །རྙོག་མའི་ཆུ་རྡུལ་སེལ་བ་ཁྱོད་མིན་ནམ། །རང་བཞིན་འོད་གསལ་གཤིས་དང་འདྲེས་ཕྱིར་རོ། །གནས་ལུགས་རྟོགས་པའི་རིན་ཆེན་རྡུལ་བརྩེགས་རི། །ལྟ་ངན་ལྕེ་བརྒྱ་འབབ་པས་ཉམས་མིན་ཏེ། །རང་བཞིན་འོད་གསལ་ཆུ་ཡི་འཁྲི་ཤིང་ཆེ། །ལྟ་རི་མཐོན་པོའི་ཕྱོགས་ན་གནས་ཕྱིར་རོ། །ཐུབ་ཆེན་སྤངས་རྟོགས་ཉམས་པ་མེད་པའི་གཏམ། །ཁྱབ་འཇུག་རྫུ་འཕྲུལ་གོམ་པ་ཆེན་པོའི་སྟོབས། །བསྒྱུར་བས་མུ་སྟེགས་ལོག་རྟོག་སྟོབས་ལྡན་དཔུང་། །ས་འོག་བཅིངས་ཏེ་རང་གི་མྱོང་མིན་ནམ། །འཁོར་ཕྱིར་ཐར་པ་མེད་དོ་ཞེས། །ལོག་པའི་ལམ་ཞུགས་མུ་སྟེགས་བྱེད། །རྒོལ་བའི་ལན་ལ་ཆོས་གྲགས་ཀྱིས། ། (རྩ་བར། འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །ཞེས་སོགས།) མ་ཡིན་འདོད་དང་མ་གྲུབ་གསུངས། །བདག་ནི་རྩོད་པའི་གཞིར་བཟུང་ནས། །གང་ཁྱོད་ཐར་པ་ཐོབ་མིན་ཏེ། །འཁོར་བར་ཡུན་རིང་འཁོར་ཕྱིར་རོ། །ཞེས་རྩོད་ལན་ནི་འདོད་ལན་དང་། །རྟགས་མ་གྲུབ་པ་གཉིས་ཀ་སྟེ། །བདག་ནི་ཡོད་པ་མིན་ཕྱིར་རོ། །དབང་སོགས་བདག་གི་བ་རྣམས་ནི། །སྡུག་བསྔལ་བསྒོམས་པས་གྲོལ་འགྱུར་ཏེ། །སྦྲུལ་གྱིས་བཟུང་བའི་སོར་མོ་ནི། །དོར་བས་སྡུག་བསྔལ་སྤོང་བ་བཞིན། །ཞེས་ཏེ་བྱེ་བྲག་པ་རྣམས་སྨྲ། །དབང་སོགས་བདག་གི་བ་ལ་ཡང་། །ཞེན་པའི་ཆགས་པ་མ་སྤངས་པར། །འདོར་བར་ནུས་པ་མ་ཡིན་ཏེ། །སྦྲུལ་གྱིས་བཟུང་བའི་མགོ་བོ་བཞིན། །གྲངས་ཅན་པ་རྣམས་འདི་སྐད་ཅེས། །སྐྱེས་བུ་བདེ་སོགས་ཐ་དད་དུ། །ཤེས་པ་ཙམ་གྱིས་གྲོལ་ཞེས་ཟེར། །ཐ་མལ་སེམས་ཅན་ཀུན་གྱིས་ཀྱང་། །བདག་དང་གཟུགས་ཕུང་ཐ་དད་དུ། །འཛིན་པར་བྱེད་དེ་རང་གི་ལུས། །ལྷ་ཡི་ལུས་དང་བརྗེ་འདོད་ཕྱིར། །དབང་ཕྱུག་པ་དང་གཅེར་བུ་བས། །དབང་སྐུར་ཙམ་དང་དཀའ་ཐུབ་ཀྱིས། །གྲོལ་བར་འདོད་པའི་རྩོད་པ་དང་། །རྩོད་ལན་འཕྲོས་དང་བཅས་པ་ཡི། །རིགས་པའི་རྣམ་གྲངས་མཐའ་ཡས་པས། །ཐར་པའི་ལམ་བཟང་གསལ་བར་བྱས། །རྩོད་དང་རྩོད་ལན་མྱ་ངན་མེད་པའི་འཁྲི་ཤིང་ཆེ། །རྣམ་དཔྱོད་མཛེས་ལྡན་གྲོང་ཁྱེར་མ་ཡི་གར་སྟབས་ཀྱིས། །བསྣུན་པའི་མོད་ལ་མེ་ཏོག་འབྲས་བུ་རྒོད་པ་བཞིན། །སྙིང་པོའི་བཅུད་བཟང་དྲང་བའི་བདུད་རྩི་འདི་ཡིན་མོད། །དེང་དུས་མ་བསླབ་མ་བསྒོམ་མཁས་གྲུབ་ཀྱི། །རང་བྱུང་སྐྱེས་བུའི་མུ་ཅོར་སྣ་ཚོགས་ཀྱི། །གྱུར་པ་སྨྲ་བའི་རྣམ་བཅད་སུན་ཕྱུང་བས། །རིགས་པའི་དབང་ཕྱུག་ཞི་བར་གཤེགས་མིན་ནམ། །བདེན་པ་བཞི་པོ་ཚུལ་བཞིན་འདོམས་པ་ཐུབ་པའི་གསུང་། །མ་རྟོག་ལོག་རྟོག་ཐེ་ཚོམ་གཅོད་པ་རིགས་པའི་གཞུང་། །མ་ནོར་མ་འདྲེས་འཆད་པའི་འདྲེན་པ་ཟླ་མེད་མཆོག །ཆོས་ཀྱི་གྲགས་པའི་ངོ་མཚར་རྟོགས་བརྗོད་འདི་ཡིན་ནོ། །ཞེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཆོས་ཀྱི་གྲགས་པའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བདུན་པའོ།། །།

 

༈ ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །ས་གསུམ་འོད་ཀྱི་སྣང་བ་རབ་རྒྱས་པས། །འདུལ་བ་འབུམ་སྡེའི་པད་ཚལ་བཞད་པའི་གཉེན། །འཕགས་པ་ཡོན་ཏན་འོད་ལ་སྤྱི་བོས་འདུད། །རིགས་རུས་ཡོན་ཏན་འབྱོར་པའི་ཆུ་གཏེར་དབུས། །བསླབ་གསུམ་གེ་སར་རྒོད་པའི་འདབ་སྟོང་ཅན། །འདུལ་འཛིན་ཆུ་སྐྱེས་དབུས་ན་འོད་འབར་བ། །དེ་ཡི་རྟོགས་པ་བརྗོད་པ་འདི་ལྟར་རོ། །འཕགས་པའི་ཡུལ་གྱི་གྲོང་ཁྱེར་བཅོམ་བརླག་ཏུ། །བྲམ་ཟེ་ཟླ་བས་བྱིན་དང་ལེགས་བྱིན་མའི། །སྲས་སུ་བསམ་བཞིན་འཁྲུངས་ཤིང་ཆུང་ངུ་ནས། །རིག་བྱེད་ཡན་ལག་བཅས་པ་ལེགས་པར་བསླབས། །ཡབ་ཀྱིས་ཁྱིམ་འཛིན་གསོལ་ཀྱང་མ་བཞེད་པས། །ཡུམ་གྱིས་དགྱེས་བཞིན་ལེགས་ཀྱིས་དེ་ལྟར་ན། །བུ་ཁྱོད་འདི་ནས་གྲོང་ཁྱེར་ས་ག་རིར། །ཐོགས་མེད་སྐུ་མཆེད་བཞུགས་པའི་ཞབས་དྲུང་དུ། །རབ་ཏུ་བྱུང་ལ་སྡེ་སྣོད་སློབས་ཞེས་གདམས། །བཤུལ་ལམ་རིང་བས་བཞེད་པ་མ་གྲུབ་ཀྱང་། །ཡབ་ཀྱིས་ཁྱིམ་སོ་འཛིན་པར་བསྐུལ་དོགས་ནས། །རིངས་པའི་ཚུལ་གྱིས་ཡུལ་དེར་རབ་བྱུང་སྟེ། །ཐོས་བསམ་སྒོམ་ལ་བརྩོན་པ་རབ་ཏུ་བསྟེན། །ཕྱིས་སུ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་དྲུང་། །སྡེ་སྣོད་གསུམ་དང་རང་གཞན་གྲུབ་པའི་མཐའ། །སྡེ་བཞིའི་ལུང་ལ་མཁས་པའི་མཐར་སོན་པས། །གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཞལ་འདོན་མཛད། །གླེང་བཞི་ཕན་ཡོན་བསླབ་པ་དང་། །ལྟུང་དང་ལྟུང་མེད་བསླབ་བྱ་སྟེ། །དོན་ཆེན་དྲུག་གིས་སོ་ཐར་མདོ། །རྣམ་པར་བཤད་པ་རྣམ་འབྱེད་དང་། །རབ་བྱུང་ལ་སོགས་གཞི་བཅུ་བདུན། །ཞིབ་ཏུ་སྟོན་པ་ལུང་གཞི་ཡི། །འགྲེལ་པ་ཕྲན་ཚེགས་སྒོ་བརྒྱད་དང་། །འགྲེལ་བཤད་ཞུ་བ་འདུལ་བྱེད་སོགས། །བླ་མའི་གཞུང་སྟེ་ལུང་སྡེ་བཞི། །མ་ཚང་ཁ་བསྐང་འཁྲུགས་པ་བསྡེབས། །རུང་མཐུན་ཞིབ་པར་སྦྱར་བ་ཡི། །མདོ་རྩ་རང་འགྲེལ་བཅས་པ་མཛད། །གཞན་ཡང་ཀརྨ་ཤ་ཏམ་དང་། །བྱང་སའི་ཚུལ་ཁྲིམས་ལེའུ་ཡི། །རྣམ་བཤད་ལ་སོགས་གཞུང་མང་གིས། །ཐུབ་པའི་དགོངས་པ་ཡོངས་སུ་བསྐངས། །ཉི་མའི་གཉེན་མཆོག་མཁའ་ལྡིང་དབང་པོ་ཡང་། །གླེགས་བམ་མང་པོའི་འགྲོས་ཀྱིས་ངལ་གྱུར་ཀྱང་། །གཉིས་སྐྱེས་གླེགས་བམ་ཆུང་ངུས་འབུམ་སྡེའི་གཞུང་། །ཀུན་གསལ་ཕ་མཐའ་བརྒལ་འདི་ཨེ་མ་མཚར། །དེ་ནས་རང་གི་ཡུལ་གྱི་གཙུག་ལག་ཁང་། །ཨོ་གྲ་པུ་རི་བྱ་བར་རྟག་བཞུགས་ནས། །དམ་ཆོས་གསུངས་པས་རྒྱལ་བློན་འབངས་བཅས་པས། །བླ་མར་བཀུར་ཏེ་ཡོ་བྱད་ཕུལ་བ་རྣམས། །གཙུག་ལག་ཁང་དང་མཆོད་རྟེན་སྐུ་གཟུགས་དང་། །དགེ་འདུན་ཚོགས་ལ་བསྔོས་ཏེ་རང་དོན་དུ། །འུ་སུའི་འདབ་མ་ཙམ་ཡང་མི་སྤྱོད་པར། །སྦྱངས་པའི་ཡོན་ཏན་བཅུ་གཉིས་བདག་གིར་བཞེས། །དེ་ཕྱིར་མཁས་པ་གཞན་རྣམས་ཀྱིས། །མཁས་པར་རྒྱལ་པོས་བྱས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་ངོ་། །ཞེས་པའི་ཟུར་ཟ་གསུངས་པར་གྲགས། །ལྷན་ཅིག་གནས་པའི་དགེ་སློང་ཡང་། །སྟོང་ཕྲག་ལྔ་ཙམ་བཞུགས་པ་རྣམས། །ཉེས་བྱས་ཕྲ་མོ་ཙམ་གྱིས་ཀྱང་། །མ་གོས་ཚུལ་ཁྲིམས་རྣམ་པར་དག །དེ་ཡི་སྟོབས་ཀྱིས་རྒྱལ་པོ་ཡི། །བློན་པོ་མ་ཏང་ག་ཛ་ར། །རྒྱལ་པོའི་ཆད་པས་མིག་ཕྱུངས་པས། །སློབ་དཔོན་བདེན་སྟོབས་འདི་ལྟར་བརྗོད། །བདེ་གཤེགས་ཡེ་ཤེས་སྤྱན་ལྡན་ཞིང་། །དེས་གསུངས་བཅས་པར་བདག་སྦྱངས་པའི། །བདེན་པས་བློན་པོ་མིག་ལྡན་ཞིང་། །ཟུག་རྔུ་མ་ལུས་ཞི་གྱུར་ཅིག །གསུངས་མ་ཐག་ཏུ་མིག་བྱུང་ངོ་། །མདོ་རྩའི་རྣམ་བཤད་མཛད་པའི་ཚེ། །ལྷ་ཡི་བུ་དང་བུ་མོའི་ཚོགས། །འཆི་མེད་བདུད་རྩིའི་བཏུང་བ་དང་། །ལྷ་ཡི་ཞལ་ཟས་རོ་བརྒྱ་པའི། །བསོད་སྙོམས་ཕུལ་ཚུལ་འདི་ལྟར་བྱུང་། །རིག་བྱེད་ཉི་མ་རྣམས་ནི་མ་ལུས་གདོན་བྱས་ནས། །བསྟན་བཅོས་བཞི་པོ་རྣམས་ལ་མཉམ་པོའི་མཐུ་མངའ་བ། །དགེ་སློང་ཡོན་ཏན་འོད་ཅེས་བྱ་བ་བྱུང་གྱུར་ཏེ། །གང་ཞིག་ཤཱཀྱའི་སྲས་ཀྱིས་རབ་ཏུ་བསྐུལ་བར་གྱུར། །བསོད་སྙོམས་ཕྱིར་ནི་གང་གི་བར་སྣང་ལ་འཁོད་ཅིང་། །ལྷ་རྣམས་ལུས་ཕྱེད་དག་གིས་བྱུང་བར་གྱུར་པ་ནི། །བརྩོན་ལྡན་ཞལ་ཟས་བདུད་རྩི་རྣམས་ནི་འཛིན་མཛད་དེ། །འོད་ཟེར་དང་ལྡན་རྒྱན་རྣམས་ཀྱིས་སྤྲས་གནས་པར་གྱུར། །ནུ་མ་གཉིས་ཀྱི་ལྕིད་ཀྱིས་དུད་བྱས་ལྷ་ཡི་བུད་མེད་རྣམས་ནི་ཉམས་དགའ་བ། །ལག་པ་པདྨའི་ཟེ་འབྲུ་རྣམས་ལ་དབུ་བ་ཆགས་པའི་ལག་ངར་བཅས། །རོ་དང་བཅས་པའི་ཤིང་རྣམས་ལས་ནི་བྱུང་བའི་བཅའ་བ་དང་བཅས་པ། །རྟག་ཏུ་གཡུལ་ངོར་རྣམ་པར་རྒྱལ་བའི་ཕྱོགས་ནི་ཁ་ན་མ་ཐོ་ཉིད། །ཡེ་ཤེས་ལས་ནི་རབ་ཏུ་འཇུག་པའི་སྟེང་དུ་གང་གི་འགྲེལ་པ་བརྩམས་པ་སྟེ། །བྱེ་བྲག་བཤད་པ་རྣམས་ལས་ཤིན་ཏུ་རྒྱ་ཆེན་ཚུལ་ནི་རྣམ་པར་གསལ་བྱེད་པ། །ཐམས་ཅད་དུ་ནི་སྣང་བར་བྱེད་པའི་འོད་ཟེར་ཚོགས་ཀྱིས་མུན་པའི་རབ་རིབ་ལྟར། །རིན་ཆེན་འབྱུང་གནས་མཆོག་གི་གྲུབ་མཐའ་ང་རྒྱལ་ཆེན་པོ་རྣམས་ནི་འཇིག་པར་བྱེད། །ཐེག་པ་རྒྱས་པས་ཟབ་པའི་སངས་རྒྱས་གསུང་གི་ཆུ་ཡི་ཕུང་པོ་ལས། །རང་བྱུང་ཚུལ་ནི་རྣམ་པར་འཇོམས་པའི་ཤེས་རབ་ཀྱིས་བསྲུབས་ཡང་དག་པར། །ཤིན་ཏུ་དྲི་མེད་ཚུལ་གྱིས་རིན་ཆེན་རྣམས་ཀྱི་འོད་གསལ་འགྲེལ་པའི་དཔལ། །འགྲོ་བ་རྣམས་ཀྱི་དགེ་བའི་རྒྱུར་གྱུར་དེས་ནི་མྱུར་དུ་བཏུ་བར་བྱས། །མུན་པ་འཇོམས་ཤིང་ཚུལ་ཁྲིམས་ཡངས་པའི་འོད་ཟེར་ཅན་ནི་དཔལ་ལྡན་སྔོན་མེད་རི་བོང་ཅན། །རྩོད་པའི་དུས་སུ་སྐྱེས་པ་དྲི་མ་དང་བྲལ་གང་ཞིག་གྲགས་པ་རྫོགས་པ་ལེགས་པའི་བློ། །རྟག་ཏུ་མུ་སྟེགས་ཅན་གྱི་འཐུག་པོའི་མུན་པ་ལས་རྒྱལ་ཤེས་རབ་རི་བོང་ཅན་གྱི་མཐར། །གྲགས་པའི་ཤེས་རབ་འཛིན་མཁས་དམན་པའི་ཚོགས་འཇོམས་ཤཱཀྱའི་འོད་ནི་གསལ་ལྡན་པ། །ཡང་དག་བསྟན་བཅོས་ཚུལ་གྱི་རབ་ཏུ་རྒྱས་པའི་པདྨ་གསལ་བར་བྱེད་ཅིང་ཐམས་ཅད་དུ། །སྐྱེས་བུ་ཤིན་ཏུ་རྣམ་དག་གྲགས་པའི་རྗེས་འགྲོ་གང་ཞིག་ཉི་མའི་བཤེས་གཉེན་ལ་བརྟེན་པའོ། །འབུམ་གྱི་ཚད་ལྡན་འདུལ་བའི་རྒྱ་མཚོ་ཆེན་པོ་དག །སྟོན་པས་གསུངས་པ་ལས་ནི་མན་ངག་ཚུལ་གྱིས་འདིར། །གཟིངས་ནི་ཡང་དག་ཐོབ་ནས་བླ་མའི་དྲིན་གྱིས་ནི། །གང་ཞིག་རིན་ཆེན་མདོ་རྣམས་ཡང་དག་མཛད་པར་གྱུར། །ས་གསུམ་བརྙེས་ནས་དཔལ་ལྡན་རྒྱལ་བ་རྣམས་ཀྱི་སྲས། །ཡོན་ཏན་འོད་ཅེས་བྱ་བ་ཡོན་ཏན་རྣམས་ཀྱི་གཙོས། །མདོ་ཡི་བཤད་པ་བདུད་རྩིའི་རོ་ཡིས་ཡང་དག་པར། །རང་གི་མཛད་འདི་འགྲོ་བ་ལ་ནི་ཕན་གྱུར་ཅིག །འདུལ་བ་མདོ་རྩའི་རང་གི་རྣམ་བཤད་མཆོག །བསྒྱུར་བའི་དུས་སུ་ལོ་པཎ་མཁས་པ་རྣམས། །བདག་ཉིད་ཆེན་པོའི་བསྟོད་བསྔགས་མེ་ཏོག་འཕྲེང་། །སྡེབ་ལེགས་ཚིག་གིས་སྲད་བུར་བསྟར་བ་ཡིན། །གྲུབ་དབང་ཀློང་རྡོལ་བླ་མའི་རྣམ་ཐར་ལས། །དགུང་གཅིག་རྒྱ་གར་ནས་ཡོང་ཨ་ཙ་ར། །སྐུ་མདོག་སྨུག་ནག་གཟི་བརྗིད་ཆེ་བ་ཞིག །སྙིགས་དུས་མ་རྒན་རྣམས་ཀྱི་སྤྱོད་ཚུལ་ནི། །དགེ་སློང་ཚུལ་བཞིན་མཁྱེན་པ་ཁྱོད་ལ་བརྗོད། །དེང་དུས་སྐྲ་བྲེགས་ཆོས་བྱེད་ཕལ་མོ་ཆེ། །རང་རྒྱུད་ཉོན་མོངས་དགྲ་བོ་མི་འདུལ་ཞིང་། །ཉིན་མཚན་ཀུན་ཏུ་ཉོན་མོངས་ཆེར་རྒྱས་ན། །དེ་ཡི་ཐོས་བསམ་སྒོམ་གསུམ་དོན་མེད་ཡིན། །ནམ་འཆི་ངེས་མེད་ཡིད་ལ་མ་བསྒོམས་ན། །ཚེ་འདིའི་སྣང་ཤས་ཆེས་ཆེར་ཁ་རྒྱས་ནས། །དགེ་སློང་ཐོས་བསམ་སྒོམ་གསུམ་བརྩོན་པ་ཡང་། །རྙེད་དང་བཀུར་སྟིའི་མི་གཙང་འདམ་ལྷུངས་ནས། །ཐར་པ་ལྟ་ཞོག་མཐོ་རིས་ཤིན་ཏུ་རིང་། །སྙིགས་དུས་སྐྱ་སེར་སྐྱེ་བོ་ཕལ་ཆེར་ནི། །མི་དགེ་བཅུ་ལ་རྟག་ཏུ་སྤྱོད་བྱེད་ཅིང་། །སྙིང་མེད་ནོར་ལ་སྙིང་གི་ནོར་བུར་འཛིན། །ཐར་པ་ལྟ་ཞོག་མངོན་མཐོའི་གོ་འཕང་ཙམ། །སྒྲུབ་འདོད་མེད་པ་སྨྱོན་པའི་ཟློས་གར་བྱེད། །མ་རུངས་སེམས་ཅན་ཕན་ལན་གནོད་བྱེད་ལ། །སྐྱོབ་པའི་གོ་ཆ་བཟང་པོ་ལེགས་གྱོན་ནས། །རྒྱལ་སྲས་སྤྱོད་ལ་རྟག་ཏུ་བརྩོན་པར་ཞུ། །ཞེས་གསུངས་འཇའ་བཞིན་ཡལ་བ་ཡོན་ཏན་འོད། །ཡིན་སྙམ་ཐུགས་ལ་ངེས་ཤེས་ཆེན་པོ་འཁྲུངས། །དགུང་ལོ་བཞི་བརྒྱར་བསྟན་འགྲོའི་དོན་མཛད་ཏེ། །མྱ་ངན་འདས་ཚེ་རིང་བསྲེལ་ཕུང་པོར་གྱུར། །ལྷ་ཡི་མེ་ཏོག་ཆར་ཕབ་རོལ་མོ་བསྒྲགས། །ལྷ་མིའི་ཡོན་གནས་མཆོད་རྟེན་ཆེན་པོ་བཞེངས། །ཞེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བརྒྱད་པའོ།། །།

 

༈ སྡེ་བཞིའི་ལུང་གི་ཆུ་གཏེར་རྣམ་བཞིའི་སྐ་རགས་རབ་མཛེས་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །མདོ་སྡེ་གསུང་རབ་དཔག་བསམ་ལྗོན་པ་རྒྱ་ཆེན་ལུང་གི་ཡལ་འདབ་རབ་རྒྱས་ཏིང་འཛིན་མེ་ཏོག་བཀྲ། །མངོན་པའི་ལུང་གི་རིན་ཆེན་རྭ་བས་ཁོར་ཡུག་བསྐོར་བའི་ཤེས་རབ་ནོར་བུའི་ཕོ་བྲང་དབུས། །མཚན་དཔེ་སྤྱན་སྟོང་རབ་མཛེས་ཐུབ་དབང་ལྷ་ཡི་དབང་པོ་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །ཚངས་སྤྱོད་འདུལ་བའི་ལུགས་བཟང་དྲི་མེད་པ། །ཐུབ་པའི་དགོངས་པ་ཇི་བཞིན་སྐྱོང་བ་ཡི། །སྔོན་བྱོན་འཕགས་བོད་འདུལ་འཛིན་མཐའ་དག་ལ། །རྣམ་ཐར་རྗེས་སུ་དྲན་པས་གུས་པ་བསྟེན། །ཁྱད་པར་མང་ཐོས་སྤྱན་གྱིས་སྡེ་བཞིའི་ལུང་། །དགག་སྒྲུབ་གནང་བའི་ལམ་ནས་ཐར་འདོད་ཀུན། །ཞི་བའི་དཔལ་ལ་འགོད་པའི་དྲང་སྲོང་ཆེ། །ཤཱཀྱ་འོད་ལ་གུས་པ་ཆེན་པོས་འདུད། །སློབ་དཔོན་འདི་ནི་ནཱ་ལེནྡྲར། །མཁན་པོ་བསོད་ནམས་གྲགས་པ་ལས། །བསྙེན་པར་རྫོགས་ཤིང་ཞི་བ་འོད། །བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས། །དབང་པོ་རྡོ་རྗེའི་སྡེབ་སྦྱོར་གྱི། །དགེ་ཚུལ་བསླབ་བྱ་འོད་ལྡན་གྱི། །ཐོག་མར་ཚུལ་ཁྲིམས་ལ་བསྟེན་ནས། །སྡུག་ཀུན་སྤངས་ཤིང་འགོག་ལམ་ཐོབ། །བདུད་བཞི་བཅོམ་པའི་ཡོན་ཏན་གྱིས། །བཅོམ་ལྡན་འདས་ལ་བསྟོད་ཚུལ་ནི། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །དེ་ནས་བླ་མའི་མཚན་ཉིད་དང་། །དེ་ལ་བསྙེན་བཀུར་བྱེད་པའི་ཚུལ། །དགེ་ཚུལ་བསླབ་བྱ་མདོར་བསྡུས་པ། །འོད་ལྡན་རང་ལས་འདི་ལྟར་གསུངས། །ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་རྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། ། (སློབ་མའི་མཚན་ཉིད།) སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོད་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། ། (བླ་མ་བསྟེན་ཚུལ།) བདག་ཉིད་འདོད་པས་ཕ་ལྟར་རབ་སྡུག་དང་། །གུས་པ་བྱས་ནས་བླ་མར་རིམ་གྲོ་བྱ། །བཤང་དང་གཅི་དང་སོ་ནི་དག་བྱ་དང་། །མཚམས་ཀྱི་ནང་དུ་རྒྱལ་ལ་ཕྱག་བྱ་དང་། །ཆུ་དག་བཏུང་བར་བྱ་བ་མ་གཏོགས་པ། །ཐམས་ཅད་དྲིས་ནས་བྱ་བ་ཡིན་པར་གསུངས། །བླ་མ་བས་སྔར་ནང་པར་ལངས་ནས་ནི། །གདོང་དག་བཀྲུས་ནས་བདེ་གཤེགས་ཕྱག་འཚལ་ཏེ། །དེ་ནས་བླ་མར་གུས་བཅས་ཕྱག་བྱས་ནས། །བཏུད་དེ་སྐུ་ལ་མ་ཉམས་ཞེས་འདྲི་ནས། །བྱ་བ་ཉིད་ཀྱིས་ལུང་མནོས་དེ་འོག་ཏུ། །དེ་ཡི་གནས་ཁང་ཉེ་འཁོར་ཕྱག་དར་བྱ། །དེ་ནས་རྒྱལ་ལ་དཀྱིལ་འཁོར་བྱས་ནས་ནི། །དད་པས་འདུད་བཞིན་དུ་ནི་བསྐོར་བྱ་ཞིང་། །ཉེ་བའི་སྡོམ་བརྩོན་རྒན་ལ་ཕྱག་བྱས་ནས། །དགེ་བའི་ལུས་ལ་སྙིང་པོ་བླང་བར་བྱ། །བླ་མ་དག་ལ་བསྙེན་བཀུར་བྱེད་པ་ན། །ཟས་སྐོམ་ལ་སོགས་ཞིམ་པོ་ཀུན་ཀྱང་དབུལ། ། (དགེ་ཚུལ་གྱི་བསླབ་པ་མདོར་བསྡུས་ཏེ་བསྟན་ཚུལ།) གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤངས། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོར་དབང་བསྐུར་ཡིན། །ཞེས་གསུངས་རྣམ་ཐར་རྒྱས་པ་མ་མཐོང་བས། ། (སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཏུ་སློབ་དཔོན་འདི་དང་པོ་ཟ་ཧོར་རྒྱལ་པོའི་སྲས་ཡིན་ཅིང་། ཕྱིས་མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་ཤིང་། སྐུ་ཚེ་སྨད་ལ་སྔགས་ལ་ཞུགས་ནས་གསང་སྔགས་ཀྱིས་གྲུབ་པ་བརྙེས་པའི་སློབ་མ་སློབ་དཔོན་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་ཡིན་པར་བཤད།) བྱེ་བྲག་བཤད་མཚོ་མདོ་རྩའི་རྗེས་འབྲངས་ནས། །དགེ་ཚུལ་བསླབ་བྱ་འོད་ལྡན་རྩ་འགྲེལ་འདི། །ཇི་ལྟར་བརྩམས་ཚུལ་འོད་ལྡན་རང་འགྲེལ་ལས། །ཟབ་མོ་རྣམ་པར་གཏན་ལ་དབབ་པ་ལ། །སོ་སོའི་སྐྱེ་བོའི་སེམས་དག་འཁྲུལ་བར་འགྱུར། །ཡོན་ཏན་འོད་བཤད་ལམ་གྱི་རྗེས་འབྲངས་ནས། །མཁས་པས་བདག་སྨད་མི་འགྱུར་དེ་ཡི་ཕྱིར། །ཐམས་ཅད་ཡོད་སྨྲའི་བླ་མ་རྣམས་ཀྱིས་བདག །འདི་ལ་ཡང་དག་ཞུགས་པས་མྱུར་འགྲུབ་མཛོད། །སྔོན་ཆད་མ་བྱུང་བ་དག་འགའ་ཡང་མ་བྲིས་འོན་ཀྱང་ནི། །བདག་གི་མཁན་པོ་ས་མ་ཏ་ཏར་གནས་པའི་རྒྱན་དུ་གྱུར་པ་གྲགས་པ་ཐོབ། ། (ས་མ་ཏ་འདི་སློབ་དཔོན་ཟླ་བ་གྲགས་པའི་འཁྲུངས་གནས་ཡིན་ཞེས་རིགས་པ་དྲུག་ཅུ་པའི་འགྱུར་བྱང་དུ་གསུངས།) བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་པ་འདི་ནི་གསུམ་རིག་རྣམས་ཀྱི་བཞེད་པའི་ཕྱོགས་ཀྱི་གཞི་ཙམ་བསྟན་པ་ཡིན། །དེ་ཉིད་མ་མཐོང་རང་གི་བློ་ཡིས་དགོངས་པ་དག །ཐ་དད་པ་ཡི་འདུལ་བ་རྣམ་པར་དབྱེ་མི་རུང་། །སུ་ཞིག་བདག་ཉིད་སྡིག་པའི་སྔགས་ཀྱིས་དྲེགས་པ་ཡིན། །ལག་པ་འཇིགས་པའི་སྦྲུལ་གྱི་བུ་གར་འཇུག་པར་བྱེད། །དེ་ཕྱིར་ཆོས་འདུལ་ཟབ་མོ་གཏན་ལ་དབབ་པ་འདི། །བྱེ་བྲག་བཤད་པ་དག་ལ་བརྟེན་ནས་བྱས་ཡིན་ཏེ། །མིག་དང་ལྡན་པ་ཟེར་བའི་གོམ་རྗེས་འབྲངས་ན་ནི། །བགྲོད་དཀའ་དག་ཏུའང་ལོང་བ་བདེ་བར་འགྲོ་བར་བྱེད། །གཞན་ཡང་བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །བསྟན་བཅོས་སྣ་ཚོགས་མཁས་པའི་བློ་འབྱོར་གྱུར་པ་གྲགས་པ་དག་གི་རྒྱལ་མཚན་མཐོ་ལྡན་པ། །དེ་ཉིད་དོན་ནི་གཏན་ལ་འབེབས་པ་རྣམས་ཀྱིས་ནཱ་ལེནྡྲ་ཡི་བདར་ལ་བདར་བ་ཡིན། །དགེ་ཚུལ་གང་དག་འདུལ་བ་དག་ལ་མངོན་བརྩོན་ཞིང་། །བསླབ་པ་དག་ལ་ལྷོད་པ་མེད་པའི་བློ་རྒྱུ་བ། །དེ་དག་རྟག་ཏུ་ནད་མེད་པ་ཡི་འོད་ལྡན་འདི། །སྟོན་པར་བྱེད་པས་གཞན་དག་ལ་ནི་གྲགས་གྱུར་ཅིག །ཅེས་གསུངས་སྡེ་བཞིའི་ལུང་གི་ཆུ་གཏེར་ལས། །ཚུལ་ཁྲིམས་འཕགས་པའི་གཅེས་ནོར་རིན་ཆེན་ཚོགས། །འདྲེན་བྱེད་འོད་ལྡན་ལེགས་བཤད་གྲུ་གཟིངས་མཆོག །སྦྱིན་མཛད་དེད་དཔོན་ཤཱཀྱ་འོད་ཅེས་གྲགས། །དང་པོ་ལེན་ཚུལ་བར་དུ་བསྲུང་བའི་ཚུལ། །ཐ་མར་ཉམས་ན་ཕྱིར་བཅོས་བྱེད་ཚུལ་སོགས། །མ་བསླབ་མི་ཤེས་ངུར་སྨྲིག་འཆང་བ་ཡིས། །ས་སྟེང་གང་ལ་བསྟན་པ་རྒྱས་པར་རློམ། །བརྗོད་བྱ་ཚུལ་ཁྲིམས་བདུད་རྩིས་ཐུགས་རྒྱུད་གཏམས། །རྗོད་བྱེད་སྡེ་བཞིའི་ལུང་གིས་མགྲིན་པ་མཛེས། །སྐྱོ་མེད་བརྩེ་བས་དུས་སུ་འདོམས་མཁས་པའི། །མཁན་སློབ་གནས་ཀྱི་སློབ་དཔོན་མགོན་ལྡན་ཞིང་། །མང་ཐོས་བག་ཡོད་དགེ་ལ་སྦྱོར་མཁས་པས། །ཚངས་སྤྱོད་དགེ་འདུན་གྲོགས་བཅས་གསུང་རབ་ལ། །ཐོས་བསམ་བསྒོམ་པ་བསྟེན་པའི་བཤེས་གཉེན་རྣམས། །ལྷར་བཅས་འགྲོ་བའི་ཡོན་གནས་མཆོག་ཏུ་བསྔགས། །རང་ཉིད་ལེགས་འདོད་ཐར་པ་དོན་གཉེར་ཚོགས། །ཡ་མཚན་སྨིག་རྒྱུས་སྤྱན་རས་མི་ཚིམ་པར། །རྙོག་བྲལ་ཚུལ་ཁྲིམས་ཆུ་རྒྱུན་འབབ་པའི་ངོགས། །ཆོས་འདུལ་ཉམས་དགའི་སྨན་ལྗོངས་བསྟེན་པར་འཚལ། །ཟད་དང་མི་སྐྱེ་ཡེ་ཤེས་བརྙེས་པའི་ཚེ། །སྟོན་པ་མཆོག་གིས་རང་བྱུང་བསྙེན་རྫོགས་བཞེས། །སྲིད་མཐའ་མངོན་གྱུར་སྐལ་བཟང་གདུལ་བྱ་རྣམས། །ཚུར་ཤོག་སོགས་ཀྱིས་བསྙེན་རྫོགས་སྡོམ་པ་སྩལ། །རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་པའི། །བཞི་པའི་ལོ་ལ་སྨིན་གསུམ་གདུལ་བྱ་ལ། །སྔོན་ཆོག་ཅེས་བྱ་གསོལ་བཞིའི་ཆོ་ག་གནང་། །དེ་ནས་མཁན་སློབ་བསྟེན་དགོས་ཆེད། །ད་ཆོག་བརྩེ་བས་གནང་བ་སྟེ། །མཉན་ཡོད་བཏབ་ཚེ་ཤཱ་རིའི་བུས། །འཆར་ཀ་བསྙེན་པར་རྫོགས་ལས་ཤེས། །ཡབ་སྲས་མཇལ་བ་དྲུག་པའི་ལོ་ལ་ཤཱཀྱའི་རྒྱལ་པོ་ཟས་གཙང་གིས། །སྤྲིང་ཡིག་དྲིལ་ཆེན་ཆེས་ཆེར་བསྒྲགས་པས་ཤཱཀྱ་གཞོན་ནུ་བརྒྱ་ཕྲག་ལྔ། ། (ཡབ་སྲས་མཇལ་བའི་ཡལ་འདབ་ལས། །དེ་ནས་རབ་དགའི་ས་བདག་བཟང་ལྡན་ཡང་། །རབ་བྱུང་ཆོས་གོས་ལྷུང་བཟེད་ལྡན་གྱུར་པས། །ས་གཞི་ཆགས་བྲལ་རང་བཞིན་བྱས་པ་བཞིན། །རྒྱལ་པོ་དང་ནི་དེ་བཞིན་རྒྱལ་སྲས་དག །དོ་ཤལ་དབུ་རྒྱན་རྣ་རྒྱན་རབ་སྤངས་པ། །དེ་དག་རྣམས་ཀྱི་སྐྲ་ལྷུང་ཉེ་བར་འབོར། །རབ་ཏུ་བྱུང་ནས་མཆོད་འོས་མཆོག་ཏུ་གྱུར། །ཅེས་པ་ལྟར།) དགེ་འདུན་འཚོགས་པའི་དབུས་སུ་གསོལ་བཞིའི་ཆོ་གས་བསྙེན་པར་རབ་ཏུ་རྫོགས། །ཤེས་རབ་ཅན་མཆོག་ཤཱ་རིའི་བུ་ལས་བསྙེན་པར་རྫོགས་པ་སྒྲ་གཅན་འཛིན། །ཐུབ་སྲས་སྒྲ་གཅན་འཛིན་དེ་ལས། །བསྙེན་རྫོགས་ནཱ་ལེནྡྲའི་མཁན་པོ། ། (ནཱ་ལེནྡྲ་འདི་ཤཱ་རིའི་བུའི་འཁྲུངས་གནས་ཡིན། ཕྱིས་སུ་ཡང་སངས་རྒྱལ་ཡེ་ཤེས་ཞབས་སོགས་འཁྲུངས་ཤིང་། ཡུལ་འདི་ནས་དཔག་ཚད་ཉིས་བརྒྱ་སུམ་ཅུ་ན་ཨོ་རྒྱན་གྱི་ཡུལ་ཡོད་དེ། འཇམ་དཔལ་ཞལ་ལུང་གི་འགྲེལ་པ་ལས། དེ་ལ་བདག་ཅག་གི་བླ་མ་ཆེན་པོའི་དང་པོར་ཡུལ་ཁམས་ནི་དབུས་ཞེས་བྱ་སྟེ་ནཱ་ལེནྡྲའི་ཕྱོགས་སོ། །ཡུལ་གྱི་མིང་ནི་ཁ་བིར་ཞེས་བྱའོ། །དེ་ན་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ཡོད་དོ། །དེ་ཡི་ཕྱོགས་གཅིག་ན་འཕགས་པ་མང་པོས་བཀུར་བའི་སྡེ་པ་གཞུང་སྣ་ཚོགས་ཀྱིས་དུབ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོབ་པ་བཟང་པོ་སེང་གེ་ཞེས་བྱ་བར་གྲགས་པ་རབ་ཏུ་ཐོབ་པ་ཞིག་ཡོད་པ་དེ་མཉེས་པར་བྱས། ཕ་རོལ་ཏུ་ཕྱིན་པའི་ལུང་ཐོབ་ནས་དེ་ལས་གཞན་ཡང་མང་དུ་ཐོས། དེ་ཉིད་ལ་འཐད་སྒྲུབ་ཀྱིས་རྣམ་པར་དཔྱད་ཅིང་གནས་པ་ལ་ཤྲཱི་ནཱ་ལེནྡྲར་རིགས་པའི་ཆོས་གྲྭ་ཆེན་པོ་ན་གནས་པའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་ཞེས་བྱ་བ། བྲམ་ཟེའི་རིགས་སུ་སྐྱེས་པ་དད་པ་ཞིག་ཡོད་པ་དེའི་ངོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་ལ་སོགས་པ་ཉུང་ཤས་ཤིག་ལ་བློ་འཕྲད་པས་རྩོམ་པ་དང་སྟོན་པ་བྱས་ཏེ། དེ་ནས་ཡུལ་དབུས་ལས་བྱང་དུ་དཔག་ཚད་ཉིས་བརྒྱ་སུམ་ཅུའི་ཕྱོགས་ན་ཡོན་ཏན་ཀུན་འབྱུང་ཞེས་ཏེ་མཁའ་འགྲོ་མས་བྱིན་གྱིས་རློབ་པ་ཕལ་ཆེར་དེ་ལས་འབྱུང་བའི་ཕྱིར་ཨོ་རྒྱན་གྱི་ཡུལ་ལ་བྱའོ། །ཞེས་པ་ནས། དེ་ལས་བྱང་ཕྱོགས་སུ་བགྲོད་དེ་རྡོ་རྗེ་གདན་གྱི་རྒྱབ་ན་ཀུ་བ་ཙ་ཞེས་པའི་ཚལ་ཡོད་དེ་དེར་ཕྱིན་པའོ། །ཞེས་གསུངས་པ་ལྟར་ལ། གྲུབ་མཐའ་ཆེན་མོ་ལས་ལུང་འདི་རྣམས་ཀྱིས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང་པོ་རང་རྒྱུད་པ་ཡིན་ཀྱང་། ཕྱིས་སུ་གསང་འདུས་ཀྱི་སྒོ་ནས་གྲུབ་པ་བརྙེས་ནས་ཐལ་འགྱུར་བར་གསུངས་སོ།།) གྲུབ་མཆོག་ས་ར་ཧ་པའོ། །འཆི་མེད་བདུད་རྩིའི་བཅུད་ཀྱིས་མྱོས། །མཐའ་བྲལ་ལྟ་བའི་བདུད་རྩི་བསྐྱུགས། །སྐལ་ལྡན་ཀླུ་དབང་སྲོག་འཚོ་བ། །བསྟན་པའི་སྲོག་ཤིང་ཀླུ་སྒྲུབ་ཞབས། །སྒྲ་གཅན་འཛིན་བཟང་སྤྲིན་གྱི་བཅུད། །འཐུང་མཁས་ཀླུ་སྒྲུབ་མ་དྲོས་མཚོ། །གངས་ཅན་ལྗོངས་འདིའི་བསྙེན་རྫོགས་ཀྱི། །ཆུ་ཀླུང་མཐའ་དག་དེ་ལས་བབས། །འཇམ་དབྱངས་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཀས། །མཁན་ཆེན་ཞི་བ་མཚོ་དང་རྒྱལ་བཤེས་ཚུལ་ཁྲིམས་སྦྱིན། །མཁན་སློབ་ཚོགས་ལས་སད་མི་མི་བདུན་བསྙེན་པར་རྫོགས། །བྷོ་ཊའི་ལྗོངས་འདིར་འདུལ་བའི་བསྟན་པ་དེ་ལས་བྱུང་། །ཕྱི་དར་བསྟན་ལ་རཏྣ་རཀྵིའི་སློབ་བུ་མཆོག །གཡོ་དམར་གཙང་ལས་དགོངས་པ་རབ་གསལ་བསྙེན་པར་རྫོགས། །དེ་ལ་སྙིང་སྟོབས་རྩལ་ལྡན་དབུས་གཙང་མི་བཅུ་སྟེ། །བསྟན་པའི་མེ་རོ་སྨད་ནས་གསོས་ཞེས་ལྷ་ཡང་སྒྲོགས། །ཞི་འཚོའི་སྡོམ་རྒྱུན་བདུད་རྩིས་རབ་ཚིམ་བོད་ཀྱི་མཁས་པ་གཡོ་དམར་གཙང་། །མཁན་སློབ་ཁ་སྐོང་ཡོན་ཏན་ཀུན་ལྡན་གྲངས་ཚང་མི་མཐུན་གཉིས་བྲལ་བའི། །འདུས་ཚོགས་དབུས་སུ་དགོངས་པ་རབ་གསལ་ཚུལ་ཁྲིམས་རྙོག་བྲལ་གངྒཱའི་རྒྱུན། །སྨད་ལུགས་འདུལ་བ་རོལ་པའི་མཚོ་ཆེན་གཞན་ལས་ལྷག་ཅེས་རང་གིས་བསྟོད། །མཁྱེན་བརྩེ་ཕུལ་བྱུང་འཇིགས་མེད་དབང་པོའི་ཞབས། །དམ་པས་བྱིན་རླབས་དགོན་ལུང་བྱམས་གླིང་དུ། །ལྔ་ཕྲུགས་ཀུན་ཚང་མཁན་སློབ་ཚོགས་པའི་དབུས། །ཉེར་གཉིས་ཚེ་ན་བསྙེན་རྫོགས་བདུད་རྩི་བཞེས། །མགོན་དེའི་སློབ་བུ་འདུལ་འཛིན་གདེངས་ཅན་ཚོགས། །རྩེ་དགས་རོལ་གནས་བཀྲ་ཤིས་ཆུ་བོ་འབུམ། །གཡས་སུ་འཁྱིལ་བའི་ཆོས་གྲྭ་ཆེན་པོ་ནི། །ཚུལ་ཁྲིམས་བསམ་འཕེལ་ནོར་བུའི་འབྱུང་གནས་ཡིན། །བཤེས་ལ་རབ་གུས་བག་ཡོད་བརྟུལ་ཞུགས་བརྟན། །བསྟན་པའི་གནད་རིག་བསླབ་པའི་གོ་རིམ་ཤེས། །མང་ཐོས་སྤྱན་ཡངས་ཐོས་བསམ་ལྷུར་ལེན་པའི། །ཤཱཀྱའི་སྲས་ཀྱིས་ནོར་འཛིན་གང་བར་གྱུར། །བདག་ཀྱང་མང་ཐོས་ཚུལ་ལྡན་མཁན་སློབ་དང་། །འདུལ་བའི་གསུང་རབ་ནོར་བུ་དབང་གི་རྒྱལ། །འབྲལ་མེད་སྤྱི་བོར་བསྟེན་པས་ཚེ་རབས་སུ། །ཚུལ་ཁྲིམས་འདོད་དགུའི་དཔལ་གྱིས་འབྱོར་གྱུར་ཅིག །ཅེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་དགུ་པའོ།།  །།

 

༈ སྨྲས་པ། རྒྱན་དྲུག་མཆོག་གཉིས་ཡོན་ཏན་ནམ་མཁའི་མཐའ། །བློ་ཆུང་སོར་མོས་འཇལ་བའི་གཟིགས་མོ་ལ། །སྲས་བཅས་རྒྱལ་བ་བཞད་པས་སྟོང་གསུམ་གྱི། །འཇིག་རྟེན་འདི་ཀུན་ཚངས་པའི་དབྱངས་ཀྱིས་ཁྱབ། །རྣམ་མང་མཁས་པའི་དེད་དཔོན་འཇུག་པའི་ངོགས། །འཛམ་གླིང་རྒྱན་དྲུག་རྣམ་ཐར་རྒྱ་མཚོ་ཡི། །གཏིང་མཐའ་གཞལ་བར་དཀའ་ཡང་སྙན་ཚིག་གི །ལམ་ནས་དྲངས་པའི་རིན་ཆེན་ཚར་དུ་དངར། །རྒྱ་བོད་མཁས་པའི་གཞུང་ལུགས་ཕལ་མོ་ཆེ། །སྙན་དངགས་གསེར་གྱི་ཉག་ཐག་ལ་བསྟར་བའི། །རྨད་བྱུང་རྟོགས་བརྗོད་ནོར་བུའི་སེ་མོ་དོ། །བློ་གྲོས་ལང་ཚོ་མཛེས་པའི་རྒྱན་དུ་འོས། །འཕགས་པའི་མཁྱེན་རབ་རྟ་བདུན་གྱིས་དྲངས་པའི། །རིགས་ཚོགས་གཞུང་དྲུག་ཉི་མ་གཞོན་ནུ་ཡིས། །ཤེས་ཕྱིན་དགོངས་དོན་གེ་སར་བཞད་པའི་དབུས། །ངེས་དོན་སྦྲང་རྩིའི་དཔལ་ལ་སྦྱོར་བར་ཤོག །ས་སྡེ་རྣམ་ལྔ་རབ་བྱེད་སྡེ་བརྒྱད་ཀྱི། །ཆབ་ཀྱིས་བྲན་པའི་བྱམས་ཆོས་པདྨོའི་ཚལ། །ཕྱིན་དྲུག་བསྡུ་བཞིའི་རོ་བརྒྱའི་འབྲས་སྨིན་པའི། །ཐེག་མཆོག་རིགས་ཀྱི་སྐལ་བཟང་ཐོབ་པར་ཤོག །མངོན་རྗེས་ལྟར་སྣང་གཉིས་འཐུང་མ་ལུས་པ། །སྨྲ་བའི་སེངྒེ་སྒྲུབ་ངག་སུན་འབྱིན་གྱིས། །ཡང་དག་བཅོམ་ནས་ཤཱཀྱའི་བསྟན་པ་ཡི། །མངོན་རྗེས་ཚད་མའི་ལམ་ལ་འགོད་པར་ཤོག །ཚུལ་ཁྲིམས་ནོར་བུས་བརྒྱན་པའི་གདེངས་ཀ་བདུན། །སྟེང་དུ་འཕྱར་བའི་འོད་ཟེར་མཐའ་ཡས་པས། །འཇིག་རྟེན་མུན་པ་སེལ་ལ་མཐུ་ཆེ་བ། །འདུལ་འཛིན་ཀླུ་དབང་གོ་འཕང་མྱུར་ཐོབ་ཤོག །རྒྱན་དྲུག་མཆོག་གཉིས་གསུང་རབ་འོ་མའི་མཚོ། །སྙིང་པོའི་མར་གསར་མདོ་སྔགས་ལམ་རིམ་གཞུང་། །འཆི་མེད་བཅུད་ལེན་སྨན་མཆོག་རོ་བརྒྱ་པ། །ཐོས་བསམ་སྒོམ་པས་རྒྱུན་དུ་བསྟེན་པར་ཤོག །བློ་བཟང་ཐུབ་བསྟན་བདུད་རྩིའི་རྫིང་བུ་རུ། །བསླབ་གསུམ་སྦྲང་རྩིའི་བཅུད་ལྡན་འདབ་བརྒྱ་པ། །འཇིགས་མེད་རྣམ་དཔྱོད་ལུས་སྟོབས་རབ་རྒྱས་པའི། །ལུང་རིགས་སྙན་སྒྲོགས་གྲགས་པའི་དབྱངས་སྙན་ཅན། །མཁས་ཟུང་བསྐུལ་ཚིགས་ས་བོན་སྨིན་པ་ལས། །རབ་དཀར་ལྷག་བསམ་ལྷ་ཡི་དགའ་ཚལ་དུ། །རྒྱན་དྲུག་རྟོགས་བརྗོད་དཔག་བསམ་ལྗོན་ཤིང་ཆེ། །འདོད་དགུའི་མཆོག་སྦྱིན་སྩོལ་བ་འདི་འཁྲུངས་སོ།།  །།ཞེས་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི་མཁས་གྲུབ་བྱེ་བའི་འབྱུང་གནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་རྒྱལ་བས་ལུང་བསྟན་པའི་གནས་མཆོག་དགའ་ལྡན་བཀྲ་ཤིས་འཁྱིལ་ནས་ལུང་དང་རིགས་པ་སྨྲ་བ་རྡོ་རམས་པ་བློ་བཟང་བསྟན་པ་དང་། །རྡོ་རམས་པ་འཇིགས་མེད་སྙན་གྲགས་གཉིས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་ངོར། བླ་མ་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་བསྟེན་པ་སྒོ་མང་བླ་མ་སངས་རྒྱས་རྡོ་རྗེའི་སྤྲུལ་མིང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་གཉན་ཆེན་སུ་བྷའི་ལྷ་ཞོལ་དགའ་ལྡན་རབ་རྒྱས་གླིང་ནས་སྦྱར་བའི་ཡི་གེ་བ་ནི་དགེ་སློང་དཀོན་མཆོག་བཤད་སྒྲུབ་ཀྱིས་བགྱིས་པའོ། །ལྕང་ལུང་པཎྜི་རིན་པོ་ཆེས་མཐུན་རྐྱེན་གནང་ནས་དཔར་དུ་བསྒྲུབས་པའོ། །སརྦ་མངྒ་ལཾ།།  །།

 

[1] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། པོད། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར་བཞུགས།

Leave a Reply

Your email address will not be published. Required fields are marked *