༄༅། །མཉམ་མེད་ལྷ་གཅིག་དཱི་པཾ་ཀ་ར་ལ་བསྟོད་པ་ཁུ་བྱུག་མགྲིན་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།།

 

༄༅། །མཉམ་མེད་ལྷ་གཅིག་དཱི་པཾ་ཀ་ར་ལ་བསྟོད་པ་

ཁུ་བྱུག་མགྲིན་པའི་གླུ་དབྱངས་ཞེས་

བྱ་བ་བཞུགས་སོ།།[1]

 

༼རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པ།༽

 

ན་མོ་གུ་རུ་དཱི་པཾ་ཀཱ་རཱ་ཡ། ལྷ་བརྒྱའི་ཚོགས་ཀྱི་ཡུལ་ན་སེམས་དཔའ་ཆེ། །བྱམས་ཆེན་དགྱེས་པའི་སྲས་ཀྱི་ཐུ་བོ་མཆོག །རྒྱལ་སྲས་བཟང་པོ་སྐྱོང་ཞེས་མཚན་སྙན་ལྡན། །འཕགས་ཆེན་དབུས་ན་གཟི་བརྗིད་ལྷམ་མེར་བཞུགས། །གང་ཁྱོད་སྲིད་ཞིའི་སྤྲོས་པ་ལས་འདས་ཤིང་། །དེ་བཞིན་གཤེགས་པ་རྣམས་དང་རོ་མཉམ་པའི། །མི་ཟད་རྒྱན་འཁོར་ཉེར་ལྔར་དབང་འབྱོར་བས། །ངོ་མཚར་སྒྱུ་མའི་རོལ་རྩེད་ཅིར་ཡང་ངོམས། །

འཕགས་ཡུལ་པཎ་གྲུབ་ཡོངས་ཀྱི་གཙུག་ཏོར་རྩེར། །ཞབས་སེན་རྡུལ་འོད་འཇོག་ལ་སྙེམས་བྲལ་ཞིང་། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཅིག་པུ། །ས་ཆེན་འདི་ན་སྔོན་མེད་སྐྱེས་མཆོག་རྒྱལ། །ཕྱི་རུ་རྣམ་དག་གཙང་མའི་གོས་ཀྱིས་བཀླུབས། །ནང་དུ་གཞན་ཕན་བྱང་ཆུབ་སེམས་མཆོག་ལྡན། །གསང་བ་གདན་གསུམ་རྡོ་རྗེའི་བདག་ཉིད་ཆེ། །ཀུན་མཁྱེན་ཉི་མའི་གཉེར་གྱི་རྒྱལ་ཚབ་མཆོག །ཡི་དམ་ལྷ་ཡིས་ལུང་གི་བརྡས་བསྐུལ་ཚེ། །བྱང་ཕྱོགས་གངས་རིའི་ལྗོངས་ལ་ལྷག་པར་བརྩེ། །ཐུགས་རྗེ་ཉིན་མོར་བྱེད་པའི་འཛུམ་གྲོལ་བས། །བསིལ་ལྡན་ས་ཡི་གདུ་བུ་ལྷག་པར་བཞད། །ལོག་རྟོག་གླང་པོ་མྱོས་པའི་སྣ་ཞགས་རྣམས། །ཁྱེད་ཀྱི་མཁྱེན་སྟོབས་ནུས་པའི་རལ་གྲིས་གཅོད། །ཡང་དག་ས་སྲུང་གསེར་གྱི་དྲྭ་བ་ཅན། །འཛིན་མའི་སྤང་ལྗོངས་ཡངས་པར་དལ་གྱིས་རྒྱུ། །བྱང་ཆུབ་ལམ་གྱི་རིམ་པའི་བང་མཛོད་ལས། །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་གཏེར་བརྡོལ་བས། །བྱང་ཆུབ་རིགས་ཀྱི་འགྲོ་བ་མ་ལུས་ཀུན། །བྱང་ཆུབ་མཆོག་གི་སྦྱིན་པས་ཡོངས་སུ་ཚིམས། །རྒྱ་གར་མཁས་གྲུབ་བརྒྱ་དང་ལྔ་བཅུ་ལས། །ཟབ་མོ་ལྟ་དང་རྒྱ་ཆེ་སྤྱོད་པའི་བརྒྱུད། །མན་ངག་བྱིན་རླབས་བཀའ་བབ་མ་ལུས་པ། །གང་ཐུགས་དཔལ་བེའུར་སྡུད་མཛད་ཨ་ཏི་ཤ །གང་གིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །དཔའ་བར་འགྲོ་དང་རྡོ་རྗེའི་ཏིང་འཛིན་སོགས། །ཟབ་ཅིང་གཏིང་དཔག་དཀའ་ལ་འཇུག་ལྡང་གིས། །དཔའ་ཆེན་རྒྱལ་བའི་སྲས་ཀྱི་རྣམ་ཐར་སྒྲུབ། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྟོབས་དག་དང་། །ཟད་པ་ཟིལ་གནོན་ལ་སོགས་དབང་འབྱོར་ཞིང་། །ཡེ་ཤེས་ཆེན་པའི་ཆོ་འཕྲུལ་མཐའ་ཡས་པས། །བདུད་ཀྱི་དཔའ་བཀོང་འགྲོ་ལ་ཕན་བདེ་སྦྱིན། །ཁྱད་པར་བྱང་ཕྱོགས་ཨུ་པ་སི་ཀ་ཞེས། །འཕགས་མའི་ཞལ་གྱི་མཆུ་སྒྲོས་ལེགས་བྱེ་བས། །ལུང་བསྟན་བདེ་དོན་མངོན་དུ་གྱུར་པ་ཡི། །སྙིང་རྗེའི་ཟླ་ཞལ་འབྲོམ་རྗེ་རྐང་གཉིས་གཙོ། །ཡབ་མེས་ཏི་སེའི་ལྷུན་པོ་ལས་འོངས་པའི། །བཀའ་གདམས་ཁ་འབབ་རྣམ་བཞིའི་ཀླུང་ཆེན་གྱིས། །ཐུབ་བསྟན་རིན་ཆེན་ནོར་བུའི་རྡུལ་བྱེ་འདྲེན། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་པར་ཆེ། །གསེར་རིའི་དབུས་ན་ལྷུན་པོ་ལྟར་འཕགས་ཤིང་། །རྡུལ་བྲལ་ཤིན་ཏུ་གཙང་བའི་རྣམ་པར་ཐར། །དཔལ་ལྡན་ཀླུ་དབང་རོལ་པའི་བསྟི་གནས་ཆེ། །ཨུ་དུམ་ཝཱ་རའི་ཕྲེང་མཛེས་ཐོད་དུ་བཅིངས། །ཚོགས་ཆེན་བསགས་པས་དགེ་འདུན་སྡེ་ཆེན་རྒྱས། །རླབས་ཆེན་སྤྱོད་པས་འགྲོ་དོན་རྒྱ་ཆེར་འཕེལ། །མཐུ་ཆེན་གྲགས་ལྡན་རྒྱ་མཚོའི་རླབས་ཆེན་གཡོ། །བརྩེ་ཆེན་འདྲེན་པ་ས་ཆེན་རྡུལ་བཞིན་ཁེངས། །ཀུན་མཁྱེན་རྒྱལ་བ་ཐུབ་པའི་བསྟན་པ་ནི། །སྙིགས་མ་རྩོད་པ་རྒྱས་པའི་དུས་འདིར་ཡང་། །བཤད་སྒྲུབ་ནོར་བུའི་སྒྲོན་མེ་འོད་འབར་བ། །མཉམ་མེད་ཇོ་བོ་ཡབ་སྲས་ཐུགས་རྗེའི་མཐུ། །གང་གི་བཀའ་དྲིན་གཟུགས་སུ་མཆིས་གྱུར་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་བ་དང་། །བརྟན་མའི་ཁྱོན་གྱིས་ལྕིད་ཀྱང་ཐེག་དཀའ་ཞིང་། །གང་གི་རང་བཞིན་བསམ་པའི་ཡུལ་ལས་འདས། །དེ་ལྟར་རྒྱལ་བ་ཉིད་དང་མཚུངས་པ་ཡི། །དཔལ་ལྡན་མར་མེ་མཛད་ལ་བསྟོད་པ་འདིའི། །ལེགས་བྱས་དགེ་བས་བདག་གཞན་སེམས་ཅན་ཀུན། །ཕན་བདེ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་ལྟར་མངོན་དུ་མ་གྱུར་དེ་སྲིད་དུ། །བྱང་ཆུབ་སེམས་དཔའི་རྟེན་མཆོག་ཐོབ་པ་དང་། །ཐེག་ཆེན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ཞིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་པར་ཤོག །བདག་ཀྱང་འདི་ནས་ཚེ་འཕོས་གྱུར་མ་ཐག །དགའ་ལྡན་ཆོས་ཀྱི་འདུན་ས་ཆེན་པོ་དེར། །བྱམས་ཆེན་རྒྱལ་བ་མི་ཕམ་མགོན་པོ་དང་། །ཇོ་བོ་ཡབ་སྲས་དགྱེས་ཞལ་མངོན་གྱུར་ཤོག །བཀའ་གདམས་བསྟན་པའི་སྣང་བས་འཛམ་གླིང་ཁྱབ། །བསྟན་འཛིན་ཞབས་བརྟན་མི་མཐུན་རྒུད་པ་ཞི། །འཇིག་རྟེན་དཔལ་འཕེལ་བདེ་སྐྱིད་རབ་ཏུ་རྒྱས། །ལྷ་ཆོས་བདུན་ལྡན་བསྟན་པའི་བཀྲ་ཤིས་ཤོག །ཅེས་པའང་ས་སྟག་སྣྲོན་ཟླ་བའི་ཚེས་བརྒྱད་བཟང་པོར་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་རིམ་བཞིན་དད་སློབ་ཞི་བའི་སྙིང་པོས་ཡི་གེར་བཀོད་པ་འདིས་ཀྱང་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་རིན་པོ་ཆེ་མྱུར་དུ་སྐྱེ་ཞིང་མི་ཉམས་གོང་འཕེལ་དུ་འབྱུང་བའི་རྒྱུར་གྱུར་ཅིག །ཤུབྷཾ་མ་སྟུ་སརྦ་ཛ་ག་ཏཾ།།  །།

[1] ཆོས་ཀྱི་བློ་གྲོས་གསུང་འབུམ། པོད། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས། ༡ན༡ ནས་ ༢བ༤ བར།

Leave a Reply

Your email address will not be published. Required fields are marked *