༄༅། །མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས།

 

༄༅། །མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་

ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་

ཞེས་བྱ་བ་བཞུགས་སོ།།[1]

 

༼ཀརྨ་མཁན་པོས་ (འཁྲུངས་དུས། 1835-?) མཛད་པ།༽

 

པྲ་ཏི་ཤུབྷཾ། ན་མོ་གུ་རུ་ཙནྡྲ་བྷ་དྲ་ཡ། ལུང་གི་མཁའ་ལ་རྟོགས་པའི་ཉི་མ་ཤར། །མཁྱེན་བརྩེའི་ཟེར་གྱིས་མ་རིག་མུན་སེལ་བ། །མཁས་པའི་དབང་པོ་གྲུབ་པའི་གཙུག་རྒྱན་མཆོག །ཡོངས་འཛིན་བླ་མ་བརྒྱུད་པར་བཅས་ལ་འདུད། །ཅེས་མཆོད་པར་བརྗོད་པས་མདུན་བསུས་ཏེ།

རྨད་དུ་བྱུང་བའི་སློབ་དཔོན་རྣམ་གསུམ་གྱི་ནང་ཚན་ས་ཡི་སྟེང་འདིར་འཇམ་དབྱངས་གཉིས་པར་གྲགས་པ་མཁན་ཆེན་ཞི་བ་ལྷའི་ཞལ་སྔ་ནས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་དང་། ཤོ་ལོ་ཀ་སྟོང་ཕྲག་གི་བདག་ཉིད་ཅན་འདི་འཆད་པ་ལ་བསྟན་བཅོས་རྩིས་མགོ་ལྔའི་སྒོ་ནས་འཆད་པ་ནི། མཛད་པ་པོའི་སློབ་དཔོན་གང་ཡིན། ལུང་གང་ནས་བཏུས། དགོས་པ་ཅིའི་ཕྱིར། དབུ་ནས་ཞབས་སུ་བསྡུ་བའི་དོན་གང་བསྟན་ཅེས་སོ། །དེ་ལ་དང་པོ་མཛད་པ་པོའི་སློབ་དཔོན་ནི། དཔའ་བོ་གཙུག་ལག་ཕྲེང་བའི་ཞལ་སྔ་ནས། །བཅོམ་ལྡན་འཇམ་དཔལ་རྡོ་རྗེས་བྱིན་གྱིས་བརླབས། །རྡོ་རྗེ་རྣལ་འབྱོར་མ་ཡིས་རྗེས་སུ་བཟུང་། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན། །མངོན་གྱུར་གཟིགས་པ་ཞི་བའི་ལྷ་ལ་འདུད། །ཅེས་པ། ཇི་སྐད་དུ་ཡང་རྣམ་ཐར་མཐུན་ན་གྲུབ་ཐོབ་ཡིན། ཞེས་པ་ལྟར་གྲུབ་པའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ་ལའང་། ཕྱི་མངལ་སྐྱེས། ནང་བརྫུས་སྐྱེས། གསང་བ་ཐོག་བབས་ཀྱི་རྣམ་ཐར་གསུམ་བྱུང་བ་ལྟར། འདིར་ཡང་འཕགས་ཡུལ་སྤྱི་ལ་གྲགས་པ་བི་བྷཱུ་ཏིའི་བཞེད་པ་དང་། ཞྭ་ལུ་ལུགས་ཀྱི་ངོ་མཚར་བའི་གཏམ་བདུན་དང་། དཔལ་མར་མེ་མཛད་ཀྱི་དགོངས་བཞེད་ལ་ཕར་ཕྱིན་གྱི་ཡོན་ཏན་ལྔ། སྔགས་ཀྱི་ཡོན་ཏན་བརྒྱད་དང་བཅུ་དྲུག་འདོད་པའོ།།

དང་པོ་ནི། རྒྱ་གར་ལྷོ་ཕྱོགས་ནཱ་ག་རར། མི་བདག་འཇམ་དཔལ་གོ་ཆའི་བཙུན་མོ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པའི་སྲས་སུ་འཁྲུངས། ནར་སོན་ནས་རྒྱལ་སར་བཀོད་པར་ཆས་ཚེ་མ་དེས་ཆུ་ཤིན་ཏུ་ཚ་བས་ཁྲུས་བྱས་པ་ན། ཚ་རེག་མ་བཟོད་ཚེ། རྒྱལ་སྲིད་བཟུང་ན་མནར་མེད་དམྱལ་བའི་མེ་ཆེས་ཚ་བའི་སྡུག་བསྔལ་མྱོང་དགོས་པས། རྒྱལ་སྲིད་སྤོང་ལ་བྷ་ག་ལར་སོང་དང་། འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་མ་ཡུམ་གྱིས་ལུང་བསྟན་པ་ལྟར། བྷ་ག་ལའི་ནགས་ཚལ་དུ་བླ་མ་འཇམ་པའི་རྡོ་རྗེ་ལོ་བཅུ་གཉིས་སུ་བསྟེན་ནས་འཇམ་པའི་དབྱངས་ཀྱི་གོ་འཕང་མངོན་དུ་མཛད་དོ།།

ཙནྡན་ཤིང་གི་རལ་གྲིའི་འོད་ཟེར་གྱིས། །རྒྱལ་པོ་འཁོར་དང་བཅས་པའི་དྲེགས་པ་བརྟུལ། །གདུལ་བྱའི་ཚོགས་རྣམས་ཡང་དག་ལམ་ལ་བཀོད། །ཡེ་ཤེས་གཟིགས་པ་ཐོགས་མེད་མངའ་དེར་འདུད། །ཅེས་པ། བླ་མ་མཛྙུ་བཛྲ་གྱིས་ཡུལ་དབུས་སུ་སོང་ཞིག །ཅེས་བཀའ་གནང་། ཙནྡན་གྱི་རལ་གྲི་སྒྲུབ་པའི་རྟེན་དུ་བཟུང་སྟེ་མཱ་ག་དྷའི་རྒྱལ་པོའི་བློན་པོ་མི་གཡོ་བའི་སྡེ་ཞེས་གྲགས། བློན་པོ་གཞན་གྱིས་རྒྱལ་པོ་ལ་ཞུས་ཏེ་བློན་པོ་རྣམས་ཀྱིས་རྒྱལ་པོའི་སྐུ་བསྲུང་བའི་རལ་གྲི་ལ་ལྟའོ། །ཞེས་བལྟས་པའི་ཚེ། བློན་པོས་བདག་གི་རལ་གྲི་བལྟ་བར་མི་ནུས་སོ་ཞེས་བཀག་ཀྱང་མ་བཟློག་པས། འོ་ན་སྤྱན་ཡ་གཅིག་གིས་གཟིགས་ཤིག །དེ་ལྟར་བྱས་ཏེ་རལ་གྲི་ཅུང་ཟད་ཕྱུང་བའི་འོད་ཀྱིས་སྤྱན་ཡ་མ་བཀག་པ་སར་ལྷུང་། བཟོད་པར་གསོལ་བས་སྤྱན་སོར་ཆུད་དེ་ཟུག་རྔུ་མེད་པར་བྱས། རྒྱལ་བློན་དྲེགས་པ་བརྟུལ་ཞིང་ཡང་དག་པའི་ལམ་ལ་བཀོད་དེ། ནཱ་ལནྡྲའི་གཙུག་ལག་ཁང་དུ་གཤེགས་ཏེ་མི་གཡོ་བའི་སྡེ་ལ་རབ་ཏུ་བྱུང་སྟེ། མཚན་ཤཱནྟ་དེ་ཝར་གྲགས་སོ།།

རྩེ་གཅིག་ནང་དུ་ཡང་དག་བཞག་པ་ཡིས། །བརྒྱད་ཁྲི་བཞི་སྟོང་ཏིང་འཛིན་སྒོ་ལ་འཇུག །ཤིན་ཏུ་སྤྲོས་མེད་སྤྱོད་མཆོག་བྷུ་སུ་ཀུས། །ལམ་མཆོག་བདེ་བླག་རྫོགས་ལ་ཕྱག་འཚལ་ལོ། །ཞེས་པ། གནས་དེར་རྟག་ཏུ་འོད་གསལ་ལ་གནས་པས་བྷུ་སུ་ཀུར་གྲགས། ནང་གི་རྣལ་འབྱོར་མཐར་ཕྱིན་ཏེ་ས་ལམ་ཐམས་ཅད་ཡོངས་སུ་རྫོགས་སོ།།

མཁས་པའི་པཎ་ཆེན་ཁྲི་ཕྲག་བརྒྱ་སྟོང་བཅས། །སྐྱེ་བོའི་འཁོར་ཚོགས་རྒྱ་མཚོ་ཟིལ་མནན་ཏེ། །སྔོན་མེད་བྱང་ཆུབ་སྤྱོད་གཞུང་བཀའ་སྩལ་ཚེ། །བློ་གྲོས་མི་ཟད་གཏེར་ཞེས་བསྔགས་དེར་འདུད། །ཅེས་པ། ཆོ་འཕྲུལ་གྱི་དུས་སུ་ཆོས་སྟོན་པའི་སློབ་དཔོན་ལ་བསྐོས་ཏེ་ཕྱི་རོལ་དབང་ལྡན་གྱི་མཚམས་གོ་སྐབས་ཡངས་པར་སེང་གེའི་ཁྲི་དང་མཆོད་པ་ཆེན་པོ་བཤམས། སྐྱེ་བོའི་ཚོགས་བསྡུས་ཏེ་ཆོས་གསུངས་པ་ན། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལ་གུས་པར་ཕྱག་བཙལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བསྟན་པར་བྱ། །ཞེས་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་ཉིད་དུ་གསུངས་སོ། །རྡོ་རྗེ་གདན་པ་ཆེན་པོས་གྲུབ་ཐོབ་ཀྱི་འདུ་བར་བསྔགས་པ་ལས། བསྟན་བཅོས་བརྩམས་ཤིང་མཁའ་ལ་གཤེགས། །བྱང་སེམས་བསླབ་པ་མཐར་ཕྱིན་པ། །ཤཱནྟ་དེ་ཝ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ།།

དངོས་དང་དངོས་མེད་ཤེས་མདུན་མི་གནས་ཞེས། །གསུང་ཚེ་ནམ་མཁའི་དབྱིངས་སུ་འཕགས་ནས་ནི། །འཇམ་པའི་དབྱངས་བཅས་སྲབ་མོའི་སྤྲིན་བཞིན་ཡལ། །གསུང་གིས་དམ་ཆོས་རྫོགས་པར་བསྟན་དེར་འདུད། །ཅེས་པ། གང་ཚེ་དངོས་དང་དངོས་མེད་པ་སོགས་གསུངས་པའི་ཚེ། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གཟིགས། འཇམ་དཔལ་དབྱངས་སྟེང་གི་ནམ་མཁའ་ལ་བཞུགས་པ་གཞན་དག་གིས་ཀྱང་མཐོང་མཐར་འཇམ་དཔལ་དང་སློབ་དཔོན་མི་སྣང་བར་གྱུར་ཀྱང་གསུང་ནམ་མཁའ་ལ་གྲགས་པས་སྤྱོད་འཇུག་ཚར་བར་གསུངས་སོ།།

མི་བརྗེད་གཟུངས་ཐོབ་པཎྜི་ཏ་རྣམས་ཀྱིས། །བྱང་ཆུབ་སྤྱོད་པར་འཇུག་པའི་གཞུང་ཚོགས་བསྡུས། །རང་གི་བསྟན་བཅོས་རྣམ་པ་གཉིས་དང་བཅས། །ལུང་བསྟན་རྗེས་གནང་མཛད་ལ་ཕྱག་འཚལལོ། །ཞེས་པ་མི་བརྗེད་པའི་གཟུངས་ཐོབ་པའི་པཎྜི་ཏ་རྣམས་ཀྱིས་བསྡུས་པས་ཤོ་ལོ་ཀ་སྟོང་དང་། དེ་ལས་ལྷག་པ་དང་། སྟོང་གསུམ་ལོངས་པ་གསུམ་བྱུང་ཟེར་བ་དང་། ཡང་ཁ་ཅིག་གིས་ཁ་ཆེ་བ་རྣམས་ཀྱིས་ཤོ་ལོ་ཀ་བདུན་བརྒྱ་ལ་ལེའུ་དགུར་བསྡུས་པ་དང་། ཡུལ་དབུས་པ་རྣམས་ཤོ་ལོ་ཀ་སྟོང་ལེའུ་བཅུར་བསྡུས་ཟེར། དེ་དག་ཞལ་མ་མཚུངས་པ། བསླབ་བཏུས་དང་མདོ་བཏུས་ཀྱང་མ་ཤེས་པས། སྤྱན་འདྲེན་པར་བཏང་ནས་མ་བཞུད་དེ་སྤྱོད་འཇུག་ལེའུ་བཅུ་པ་ཤོ་ལོ་ཀ་སྟོང་ཚང་བ་ལ་གྱིས། བསྟན་བཅོས་གཉིས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ཏུ་ཡོད་པར་ལུང་གིས་བསྟན་ཅིང་རྗེས་སུ་གནང་བར་མཛད་དོ།།

ཤམ་ཀར་གྲུབ་པའི་མུ་སྟེགས་རྣལ་འབྱོར་པས། །མཁའ་ལ་རྡུལ་ཚན་དཀྱིལ་འཁོར་བྲིས་པའི་ཚེ། །ཟད་པར་ཡེ་ཤེས་རླུང་གི་ཏིང་འཛིན་གྱིས། །རྣམ་པར་གཏོར་ཏེ་ལྷག་མེད་མཛད་ལ་འདུད། །ཕྱིན་ཆད་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་རབ་ཏུ་བཙུགས། །ཡང་དག་ལམ་གྱི་སྣང་བ་རྒྱས་མཛད་པ། །བདུད་ཀྱི་ཕྱོགས་ལས་རྣམ་པར་རྒྱལ་དེར་འདུད། །ཅེས་པ། མུ་སྟེགས་སྟོན་པ་ཤཾ་ཀ་དེ་ཞག་བདུན་ནམ་མཁའ་ལ་དཀྱིལ་འཁོར་འབྲི་ཡིས་གཞིག་པར་ནུས་ན་ཕྱི་རོལ་པ་ཀུན་ནང་པར་འཇུག་ཅིང་མ་ནུས་ན། ནང་པ་ཐམས་ཅད་ཕྱི་རོལ་ལ་འཇུག་དགོས་ཞེས་དྲིལ་བསྒྲགས་པའི་ཚེ། སློབ་དཔོན་སྦས་ཚུལ་གྱིས་བྱོན་པ་རྒྱལ་པོའི་བྲན་མོས་གྲུབ་ཐོབ་ཏུ་ཤེས་ཏེ། གནས་བརྟན་དང་རྒྱལ་པོས་གསོལ་བ་བཏབ་སྟེ་དཀྱིལ་འཁོར་གཞིག་པར་ཞལ་གྱིས་བཞེས། ཆུ་ཡི་བུམ་པ་དང་རས་ཟུང་དང་། མེ་དང་། ཤིང་རྣམས་སྟ་གོན་གྱིས་ཤིག་གསུངས། ཕྱི་ཉིན་མུ་སྟེགས་པས་ནམ་མཁའ་ལ་ཐིག་གདབ། དེའི་ཕྱི་ཉིན་སྔ་དྲོ་སྐྱེ་བོ་ཐམས་ཅད་འདུས། མུ་སྟེགས་པས་རྡུལ་ཚོན་ཤར་སྒོ་ཙམ་གྲུབ་པ་ན། སློབ་དཔོན་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་ཞུགས་པས། རླུང་འཚུབ་ཀྱིས་དཀྱིལ་འཁོར་རྨེག་མེད་དུ་གཏོར། མུ་སྟེགས་པའི་སྟོན་པའང་རླུང་གིས་བདས་པའི་བྱིའུ་ལྟར་འཐོར། ལྗོན་ཤིང་དང་ཁང་པ་བརྡེབས་ཤིང་སྐྱེ་བོའི་ཚོགས་གྱེར། སློབ་དཔོན་གྱིས་རྒྱལ་པོ་ཡབ་ཡུམ་ཆུས་རྡུལ་བཀྲུས། རས་ཀྱིས་གཡོགས། མེས་བསྲོས་ཏེ་བདེ་བར་བྱས། ཡུལ་དེ་ནང་པ་སངས་རྒྱས་པའི་གྲུབ་མཐར་གྱུར་ཏེ་མུ་སྟེགས་ཕམ་པའི་ཡུལ་དུ་གྲགས་ཏེ་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་བཙུགས། རྫོགས་པའི་སངས་རྒྱས་ཀྱི་ལམ་ཡང་དག་པའི་སྣང་བ་རྒྱས་པར་མཛད་དེ་བདུད་དང་མུ་སྟེགས་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མཛད་དོ།།

བསོད་སྙོམས་ལྷུང་བཟེད་གང་གིས་འབྲས་ཆན་ཡང་། །རྒྱ་ཆེན་མོས་པའི་སྟོབས་ཀྱིས་བྱིན་རླབས་ཏེ། །སློང་དང་ཡ་མཚན་ཅན་རྣམས་ཚིམ་མཛད་ནས། །ཕྱིན་ཅི་མ་ལོག་ལམ་ལ་བཀོད་དེར་འདུད། །ཅེས་པ། སློབ་དཔོན་གྱིས་བསོད་སྙོམས་མཛད་པའི་འབྲས་ཆན་ལྷུང་བཟེད་གང་། རྒྱ་ཆེན་ཟད་མི་ཤེས་པར་མོས་པའི་སྟོབས་ཀྱིས་བྱིན་བརླབས་ཏེ། སློང་མོ་བ་སྟེ་སྤྲང་པོ་སྟོང་ཕྲག་ཙམ་དང་ཡ་མཚན་ཅན་ཏེ་མུ་སྟེགས་རྟག་ཆད་འཛིན་པ་ཡུལ་ངན་བྱུང་བས་བྲུ་བས་ཉན་ཏེ་སུས་ཟན་སྟེར་ནུས་པ། དེའི་རྗེས་སུ་འཇུག་པར་དམ་བཅས་ཤིང་ཁས་བླངས་པ་དེ་རྣམས། སློབ་དཔོན་གྱིས་བསོད་སྙོམས་ལྷུང་བཟེད་གང་གིས་ཡོངས་སུ་ཚིམ་པར་མཛད་དེ། ཕྱིན་ཅི་མ་ལོག་པའི་ལམ་ཡང་དག་པ་ལ་འགོད་པར་མཛད་པའོ།།

གཉིས་པ་ཞྭ་ལུའི་ལུགས་ཀྱི་ངོ་མཚར་བའི་གཏམ་བདུན་ནི། ལྷག་པའི་ལྷ་མཉེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང་། །རྒྱལ་པོ་མུ་སྟེགས་ཅན་བཏུལ་བའོ། །ཞེས་པ་ལྟར་ན། རྒྱལ་པོའི་སྲས་ཞི་བའི་གོ་ཆ་ཞེས་པས་ཆུང་ངུའི་དུས་རྣལ་འབྱོར་པ་ཞིག་ལ་འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་ཞུས་ཏེ་བསྒྲུབས་པས་ཞལ་མཐོང་ཞིང་རྟག་ཏུ་གདམས་ངག་ནོད་པ་ལས་ཅི་ཞིག་ན་ཡབ་འདས་ཏེ་སང་ཉིན་རྒྱལ་པོར་དབང་བསྐུར་བའི་དོ་ནུབ་འཇམ་དཔལ་རྒྱལ་པོའི་ཁྲི་དེ་ལ་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །གསུངས་པ་རྨིས་པས་རྒྱལ་སྲིད་སྤངས་ཏེ་བྲོས་ནས་ནཱ་ལེནྡྲར་སྦྱོར་ལམ་པ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་མཚན་ཞི་བའི་ལྷར་བཏགས་པ་ངོ་མཚར་བའི་གཏམ་དང་པོའོ།།

སྔོན་མེད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་གསུངས་ཤིང་། བསྟན་བཅོས་གཉིས་བཅས་ལུང་བསྟན་རྗེས་གནང་ཐོབ་པ་ངོ་མཚར་བའི་གཏམ་གཉིས་པའོ། །དེ་བཞིན་དུ་མུ་སྟེགས་པའི་རྩོད་པ་བཟློག་པ་གསུམ་པ་དང་། མུ་སྟེགས་ཡ་མཚན་ཅན་བརྟུལ་བ་བཞི་པ་དང་། སྤྲང་པོ་སློང་མོ་བ་སྟོང་ཕྲག་ལ་སོགས་ནང་པར་བཀོད་པ་ལྔ་པ་དང་། རྒྱལ་པོའི་སྐུ་སྲུང་མཛད་དེ་རལ་གྲི་འོད་ཟེར་འབར་བས་རྒྱལ་པོ་དྲེགས་པ་ཅན་བཏུལ་བ་དྲུག་པ་དང་། མུ་སྟེགས་པའི་དཀྱིལ་འཁོར་བཤིགས་ཏེ་ནང་པ་ལ་བཀོད་པ་ནི་ངོ་མཚར་བའི་གཏམ་བདུན་པའོ།།

གསུམ་པ་མར་མེ་མཛད་ཀྱི་དགོངས་པ་ནི། སློབ་དཔོན་འདི་བྲམ་ཟེ་མདུན་ན་འདོན་སྦྱིན་བསྲེགས་དང་སྨྲེང་འདོན་པའི་གཙོ་བོའི་གྲས་ཆེ་བ་ཡིན། སྤུན་གསུམ་ཡོད། ནམ་ཞིག་ན་རྒྱལ་པོའི་སྲས་ཀྱི་རིམ་གྲོ་སྨྲེང་འདོན་པ་དང་ཁྲུས་དང་སྦྱིན་སྲེག་བྱས་པས་བྲམ་ཟེའི་བུ་ནུ་བོ་གཉིས་ཤི །ཡབ་སྲས་གཉིས་ཀྱང་ནད་ཀྱིས་ཐེབས་ནས་འཆིར་ཉེ་བ་ན། ཡབ་བྲམ་ཟེ་རྒྱལ་པོ་ལ། ཁྱེད་ཀྱིས་སྲས་རིམ་འགྲོ་བྱས་པས། བུ་ཆུང་བ་གཉིས་ཤི །ད་བུ་ཆེ་བ་དང་རང་རེ་གཉིས་ཀ་འཆི་བས། འཆི་ཁར་སེམས་བསྐྱེད་ཞུ་བའི་ཡུལ་བླ་མ་དང་འཕྲད་པར་ཞུ་བྱས་པས། བླ་མ་མ་རྙེད་ཀྱང་རྒྱལ་པོའི་མཆོད་གནས་དགེ་སློང་བདུན་བརྒྱ་ཡོད་པ་ལ་ཞུས་པས། དེ་རྣམས་ཀྱིས་འཇམ་དཔལ་དབྱངས་ཀྱི་སྐུ་ལ་མཆོད་པ་ཆེན་པོ་བྱས། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པས་སློབ་དཔོན་ནད་ལས་གྲོལ། འཇམ་དཔལ་གྱི་ཞལ་མཐོང་ནས་ཆོས་ཀྱང་ཐོབ། སློབ་དཔོན་གྱི་ཡབ་བྲམ་ཟེ་དེ་འཆི་ཁར། རྒྱལ་པོ་ལ་ང་ཡི་བུ་ནད་ལས་གྲོལ་བས་རྒྱལ་པོའི་བློན་པོར་ཞུས་པས། སློབ་དཔོན་མཆོག་ཏུ་བྱས། དེ་སྐབས་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྔ་རྫོགས་ཏེ། ཡབ་བྲམ་ཟེའི་བཀའ་བཞིན་སྒྲུབ་པའི་ཡོན་ཏན་ཡོངས་སུ་སྨིན་པ་དང་གཅིག །རྒྱལ་པོའི་སྲས་ཀྱི་རིམ་གྲོ་བྱས་ཏེ་ཕན་བདེ་གཞན་ལ་གཏོང་བའི་ཡོན་ཏན་བདག་པས་གཞན་གཅེས་འབྱོངས་པ་དང་གཉིས། རྒྱལ་པོའི་བློན་འབངས་ཐམས་ཅད་ཕར་ཕྱིན་དྲུག་ལ་སྦྱོར་བས་གཅིག་གིས་གཅིག་གི་སྤྱོད་པ་ལ་རྗེས་སུ་བསྔགས་པའི་ཡོན་ཏན་རྫོགས་པ་དང་གསུམ། རྒྱལ་ཁྲིམས་མགོ་གཅོད་པ་སོགས་མེད་པར་བྱས་པས། རྒྱལ་པོ་བྱམས་པའི་ཁྲིམས་ཅན་དུ་གྱུར་པའི་ཡོན་ཏན་བཞི་པ། རྒྱལ་ཁྲིམས་དེ་ལྟ་བུའི་མངའ་འབངས་བདེ་བས་ཁྱབ་པའི་ཡོན་ཏན་ལྔ་པའོ།།

སྔགས་ཀྱི་ཡོན་ཏན་བརྒྱད་ནི། གདོལ་པ་མོ་དང་ཆང་ཚོང་ཐ་ག་པ། །བྲམ་ཟེ་རྔོན་པ་ཞིང་པ་སོགས་རྗེས་བཟུང་། །ཕྱག་རྒྱ་ཆེན་པོ་མཆོག་གི་ལམ་ལ་བཀོད། །གྲུབ་མཆོག་ཀུན་གྱི་བླ་མར་གྱུར་དེར་འདུད། །ཅེས་པ། རྒྱལ་པོ་མཐོང་ན་དགའ་བའི་བུ་མོ་རོལ་པ་མོ་ཞེས་བྱ་བས་གདོལ་བ་མོ་ལྔ་བརྒྱ་བསྡུས་ཏེ་དྲང་སྲོང་ཀུན་ཏུ་རྒྱུ་ཞེས་པ་ལ་གདམས་ངག་ནོད་པ་ན། དེས་དགེ་སྦྱོང་དང་དྲང་སྲོང་སོགས་གང་ན་འདུག་པ་ལ་མི་ཚངས་པར་སྤྱོད་པའི་དངོས་པོ་བྱས་ན་དེའི་བྱིན་རླབས་བདག་གིས་འཐོབ་ཅིང་། དེའི་སྤྱོད་པས་ཀྱང་གྲོལ་བར་འགྱུར་རོ་ཞེས་བསྟན་པས། དེ་རྣམས་ཀྱི་ཚུལ་དེ་ལྟ་བུས་མང་པོ་ཞིག་བརྟུལ་ཞུགས་དག་ཕྲལ་ཏེ་ནགས་ཚལ་དང་བསྟི་གནས་ཀུན་ཏུ་རྒྱུ་བ་ན། སློབ་དཔོན་གྱིས་དེ་རྣམས་འདུལ་བའི་ཕྱིར་དྲང་སྲོང་མདོག་ནག་ཅིང་། སྐྲ་དང་ཨག་ཚོམ་སེར་བ་ཤིང་ཤུན་ཐོགས་པར་སྤྲུལ་ཏེ་ནགས་ཚལ་གྱི་དབུས་བདེ་བ་བཀོད་པར་བཞུགས་པ་ན། བུ་མོ་དེ་དག་འོངས་ཏེ་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་གོ །དེར་དྲང་སྲོང་གིས། ང་ནི་གནོད་སྦྱིན་ཡིན་ཏེ་བདག་ཏུ་འཛིན་པའི་སྲོག་གཅོད་པའོ། །ལོག་པར་ལྟ་བ་ཅན་རྣམས་བསད་དེ་ཡང་དག་པར་གཞུག་པའོ། །ཞེས་གསུངས་པས་ཐམས་ཅད་དད་པར་གྱུར་ནས་གདམས་པ་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ།།

དེ་བཞིན་དུ་ཆང་ཚོང་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་པའི་ཆང་གིས་སྐྱེ་བོ་རྣམས་རྨོངས་པར་བྱེད་པ་ལ། ཆང་ཉོ་བ་ལྟར་བྱས་ནས། ཁྱོད་ཀྱི་ཆང་འདི་ནི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་འཆོར། ཕྱི་མར་རང་གཞན་ངན་སོང་དུ་འགྲོ་བས་སྤངས་བར་རིགས་ཀྱི་ང་ལ་ལྷན་ཅིག་སྐྱེས་པའི་ཆང་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་ཞིག་ཡོད་པས་ཁྱོད་ལ་སྦྱིན་ནོ་ཞེས་བྱིན་གྱིས་བརླབས་པས་གྲོལ་ཏེ་དེས་གདུལ་བྱ་དཔག་ཏུ་མེད་པར་གྲོལ་བར་མཛད་དོ།།

ཨོ་རྒྱན་གྱི་ཡུལ་ན་ཐ་ག་པ་གྲུབ་པའི་རྡོ་རྗེ་བྱ་བ་དག་རང་རང་གི་ལས་ཀྱི་མཐའ་ལ་སྐྱོ་ཞིང་གནས་པའི་ཚེ། སློབ་དཔོན་དེར་གཤེགས་ཏེ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གྲོལ་བར་གྱུར་ཏེ་དེ་དག་གིས་རང་རང་གིས་འཁོར་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །

ཡང་བྲམ་ཟེ་ཁྲུས་དང་གཙང་སྦྲ་བྱེད་པ་འབུམ་ཕྲག་མང་པོ་ཡོད་པའི་གནས་སུ་བྲམ་ཟེའི་རྒན་པོར་སྤྲུལ་ནས་བྱོན་ཏེ། བྲམ་ཟེ་རྣམས་ལ་ཁྲུས་འདིས་ཕྱི་ནང་གི་དྲི་མ་གང་དག་གསུངས་པས། གཉིས་ཀ་འདག་པར་སྨྲས་པས། སློབ་དཔོན་གྱིས་ཕྱི་ཡི་དག་མོད། ནང་གི་དྲི་མ་དུས་འགར་བཀྲུས་པས་འདག་ན། དུས་ཐམས་ཅད་དུ་ཆུ་ནང་ན་གནས་པའི་ཉ་དང་སྦལ་པ་སོགས་ཅིས་མི་འདག་ཅེས་གསུངས་པས། དེ་རྣམས་ཐེ་ཚོམ་སྐྱེས་ཏེ། འོ་ན་སྐྱེས་བུ་དམ་པ་ཐབས་གང་གིས་དག་ཞུས་པས། ཕྱི་བཟུང་བའི་ཡུལ་མེད་པས་དག་པར་བྱ་བ་དང་། ནང་འཛིན་པའི་སེམས་མེད་པས་དག་པར་བྱེད་པའང་མེད་ཅེས་གདམས་པས། ངོ་བོ་ཉིད་མེད་པའི་དོན་རྟོགས་ནས་གྲོལ་བར་གྱུར་ཏོ། །

ཡང་བྷ་དྷ་ཝ་བྱ་བ་རྟག་ཏུ་རྔོན་བྱེད་པ་ཞིག་གིས། ཀྲིཥྞ་སཱ་ར་ཞིག་ལ་མདའ་བཀང་པས། རི་དྭགས་ཀྱིས། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །སྡིག་པ་ཡིས་ནི་ངན་སོང་སྟེ། །རྨོངས་ཤིང་རྨོངས་པས་དེ་བཞིའོ། །ཞེས་ཟེར་བས་སྔོན་གྱི་བག་ཆགས་སད་དེ་དད་པ་སྐྱེས་པའི་དུས་དེར། སློབ་དཔོན་ཞི་བ་ལྷ་བྱོན་ཏེ་སྨིན་ཅིང་གྲོལ་བར་མཛད་དོ།།

དེ་བཞིན་དུ་རྒྱལ་པོའི་ཞིང་པ་ལྔ་བརྒྱའི་གཙོ་བོ་པདྨ་རྡོ་རྗེ་ལ་གདམས་ངག་བསྟན་པས་གྲོལ་ལོ། །སོགས་ཁོངས་དེར་ཡུལ་གངྒཱ་པ་ཏ་ལར་རྒྱལ་པོ་དཔའ་བོའི་དབང་པོའི་མཆོད་གནས་སུ་མུ་སྟེགས་པ་ལྔ་བརྒྱ་རྫུ་འཕྲུལ་གྱིས་བཏུལ་ཏེ་ནང་པ་ལ་བཀོད་དོ།།

འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་ནང་གི་ཡོན་ཏན་རྫོགས་ཚུལ་ནི། འཇམ་དཔལ་གྱིས་དང་པོ་སེམས་ལ་དབང་ཐོབ་པའི་དངོས་གྲུབ་དང་། རྫུ་འཕྲུལ་གྱི་སྟོབས་དང་། དབང་པོ་སྦྱོང་བ་དང་། སྒོམ་པའི་ཉམས་རྫོགས་པ་དང་། སེམས་ཀྱི་ཆོ་འཕྲུལ་ཀུན་ཏུ་སྣང་བ་དང་། རྫུ་འཕྲུལ་ཤུགས་ཀྱིས་གྲུབ་པ་རྣམས་གནང་ངོ་། །ཨ་ཏི་ཤས་སྔགས་ཀྱི་ཡོན་ཏན་བདུན་པ་མུ་སྟེགས་པའི་དཀྱིལ་འཁོར་བཤིགས་པ་དང་། བརྒྱད་པ་ཙནྡན་རལ་གྲིས་རྒྱལ་པོ་བཏུལ་བར་བཞེད། འཕགས་ཡུལ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་དགོངས་བཞེད་ཆིག་དྲིལ་ཚིགས་སུ་བཅད་པའི་དགོངས་དོན་ལྟར་ན་སོགས་ཁོངས་དེར། གངྒཱ་པ་ཏ་ལའི་རྒྱལ་པོའི་མཆོད་གནས་ཀྱི་མུ་སྟེགས་པ་བཏུལ་བ་བདུན་པ་དང་། རྗེས་བཟུང་གནས་ནི་འཇམ་དཔལ་གྱིས་ཞལ་ཡང་ཡང་བསྟན་ནས་མངོན་ཤེས་རྫུ་འཕྲུལ་གྱི་སྒོ་དྲུག་གནང་བ་བརྒྱད་པ་ཡིན་པ་ཤེས་པར་བྱའོ། །

བརྒྱུད་པའི་རིམ་པ་ནི། འཇམ་པའི་དབྱངས། ཞི་བ་ལྷ། ཨེ་ལ་དྷ་རི། དཔའ་བོ་རྡོ་རྗེ། མ་ཧཱ་ཤྲཱི། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། ཞུ་ལན་པ། ཆུ་ལག་མ། སྣང་ཐང་གྲོ་མོ་ཆེ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྨྲ་བའི་སེངྒེ་། བརྩོན་འགྲུས་སེངྒེ་། བྱང་ཆུབ་གྲགས་པ། དོན་གྲུབ་དཔལ། རྒྱལ་མཚན་དཔལ་བཟང་པོ། སོག་དབོན་རིག་པའི་རལ་གྲི། རྗེ་མཐོང་བ་དོན་ལྡན། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། གཙུག་ལག་ཕྲེང་བ་སོགས་ཏེ། རྗེ་བརྒྱད་པ་ཕྱིན་ཆད་ཟུང་འཇུག་བརྒྱུད་རིམ་ལྟར་ལ། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་ནས་རས་ཆུང་ཤེས་རབ་རྒྱ་མཚོ། བླ་མ་བདེ་གསལ་ལྷ་ལུང་པ་ཀརྨ་བསྟན་འཕེལ་ལམ་མཚན་གཞན་མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ། ཡོངས་འཛིན་སྦས་པའི་རྣལ་འབྱོར་པ་གོ་ཆེ་ཀརྨ་གཞན་དོན་མཐའ་ཡས་པའི་ཞལ་སྔ་ནས། དཔའ་བོ་གཙུག་ལག་ཕྲེང་བའི་འགྲེལ་ཆེན་གྱི་སྟེང་ནས་ཞིབ་ཁྲིད་དང་། དབོན་བསྟན་འཛིན་བྱང་ཆུབ་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་རྩ་བའི་སྟེང་ནས་འགྲེལ་བཤད་གནང་ཞིང་། ཁ་རག་པ་བྱང་ཆུབ་གཞོན་ནུའི་འགྲེལ་པ་བརྟགས་ཤིང་སྦྱང་བ་བྱས་སོ། །ཕྱིས་སུ་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་ཞལ་སྔ་ནས་རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པའི་བཀླག་ལུང་ཡང་ལེགས་པར་ཐོབ། འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་པོ་ཏི་གྲགས་ཆེན་བཅོ་བརྒྱད་ཀྱི་གྲལ་དུ་ཐོབ་པའི་བརྒྱུད་པ་ས་ལུགས་ལྟར་རོ། །མཁས་གྲུབ་གཙུག་ལག་ཕྲེང་བ་ལས། འབྲོམ་སྟོན་ནས་བརྒྱུད་པ། རྔོག་ལོ་ནས་བརྒྱུད་པ། ཇོ་ནང་མི་ཏི་པཎ་ཆེན་ནས་བརྒྱུད་པ་བཅས་བརྒྱུད་སྲོལ་མི་འདྲ་བ་གསུམ་ཙམ་བཞུགས་སོ། །ཞེས་པ་འདི་ཡང་རབ་ཚེས་མེ་སྤྲེལ་སྐྱོ་བྲག་གི་གདན་སར་དབྱར་གནས་པའི་སྐབས་སུ་ཅུང་ཟད་རེ་བྲིས་ཤིང་ཡོངས་སུ་རྫོགས་པ་ཉི་ཟླ་ཕུག་ཏུ་གཏེར་སློབ་མཁན་པོ་འདུལ་བ་འཛིན་པ་ཀརྨ་རཏྣའམ། མིང་གཞན་རྒྱལ་སྲས་དྲི་མེད་བློ་གྲོས་གཞན་ཕན་ཆོས་ཀྱི་སྣང་བ་ནས་སློབ་ཚོགས་དད་མོས་འཕེལ་བའི་ཆེད་དུ་མཁས་མཆོག་དཔའ་བོའི་རྣམ་བཤད་ཆེན་མོ་ལྟར་བྲིས་པ་དགེ་ལེགས་འཕེལ། །ཤུབྷཾ།།  །།

 

[1] ཀརྨའི་མཁན་པོའི་གསུང་འབུམ། པོད། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།

Leave a Reply

Your email address will not be published. Required fields are marked *