༄༅། །མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས།

 

༄༅། །མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་

ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་

ཞེས་བྱ་བ་བཞུགས་སོ།།[1]

༼གཉན་དགོན་སྤྲུལ་སྐུ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པ།༽

 

ན་མོ་གུ་རུ། འདིར་མཁན་ཆེན་བྱང་ཆུབ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱེད་པར་སྤྲོ་བས། སྐྱབས་སེམས་སོགས་སྦྱོར་བའི་ཆོས་རྣམས་སྔོན་དུ་བཏང་ནས། དངོས་གཞི་བསྐྱེད་པ་ནི། མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གྱི། །ཟེའུ་འབྲུར་སེང་ཁྲིར་པད་ཟླའི་གདན་གསུམ་ལ། །དབུས་མའི་སྟེང་དུ་རང་གི་བླ་མ་ནི། །

རྣམ་པ་མཐའ་འཁོབ་བོད་ཀྱི་ཡུལ་འདི་རུ། །རྒྱལ་བསྟན་ཐོག་མར་འཛུགས་པའི་བཀའ་དྲིན་ཅན། །རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟ་ཆེ། །མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞི་བ་འཚོ། །དགེ་སློང་རྣམ་ཅན་ཕྱག་གཡས་ཆོས་འཆད་དང་། །གཡོན་པ་མཉམ་བཞག་སྟེང་ན་གླེགས་བམ་བསྣམས། །དབུ་ལ་སྡེ་སྣོད་གསུམ་མཚོན་པཎ་ཞུ་དང་། །སྐུ་ལ་ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་ཐུགས་ཀར་རྗེ་བཙུན་འཇམ་དཔལ་དབྱངས། །གུར་གུམ་མདོག་ཅན་ལོངས་སྤྱོད་རྫོགས་པའི་ཆས། །ཞལ་གཅིག་ཕྱག་གཉིས་རལ་གྲི་གླེགས་བམ་བསྣམས། །འོད་ཕུང་དབུས་ན་སྐྱིལ་མོ་ཀྲུང་གིས་བཞུགས། །གཡས་ཀྱི་སེང་ཁྲིར་འཕགས་ཡུལ་རྒྱལ་ཚབ་མཆོག །ཤེར་ཕྱིན་བཀའ་བབས་སེངྒེ་བཟང་པོའི་ཞབས། །ཕྱག་གཉིས་ཆོས་འཁོར་དབུ་ལ་པཎ་ཞུ་དང་། །སྐུ་ལ་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །གཡོན་གྱི་སེང་ཁྲིར་བོད་ཀྱི་རྒྱལ་ཚབ་ཆེ། །དབུ་ཚད་བཀའ་བབས་པདྨའི་ངང་ཚུལ་མཆོག །རྩོད་པའི་ཉམས་ཅན་དབུ་ལ་པཎ་ཞུ་དང་། །སྐུ་ལ་ཆོས་གོས་གསུམ་གསོལ་ཕྱེད་སྐྱིལ་བཞུགས། །མཐའ་བསྐོར་བསམ་བཞིན་བོད་ཀྱི་རྒྱལ་བསྟན་སླད། །སེམས་དཔའ་ཆེ་རྣམས་སྐྱེ་བའི་ཚུལ་བཟུང་བའི། །རབ་བྱུང་ཐོག་མར་སད་མི་མི་བདུན་མཆོག །སྦ་བཙུན་དཔལ་དབྱངས་ཡེ་ཤེས་དབང་པོ་དང་། །རྣམ་སྣང་སྲུང་བ་ངན་ལམ་རྒྱལ་མཆོག་དབྱངས། །རྨ་བན་རིན་ཆེན་མཆོག་མཁོན་ཀླུ་དབང་སྲུང་། །ལ་སུམ་རྒྱལ་བ་བྱང་ཆུབ་རྣམ་པ་བདུན། །དགེ་སློང་ཆ་བྱད་བསིལ་བྱེད་ལྷུང་བཟེད་བསྣམས། །དེ་ཡི་མཐའ་བསྐོར་སྐད་གཉིས་སྨྲ་བའི་གཙོ། །འཇིག་རྟེན་མིག་འབྱེད་སྐ་ཅོག་ཞང་གསུམ་དང་། །བསྟན་པའི་མེ་རོ་སྨད་ནས་གསོ་བའི་མགོན། །དམར་གཡོ་གཙང་གསུམ་བླ་ཆེན་དགེ་བའི་མཚན། །སྡེ་སྣོད་གསུམ་གྱི་འཆད་ཉན་བསྒྱུར་ཞུས་དང་། །སྒོམ་སྒྲུབ་བསྟན་པའི་བྱ་བས་བྲེལ་བཞིན་དུ། །གངས་ཅན་བསྟན་འགྲོའི་དཔལ་མགོན་ཆེན་པོ་རུ། །ཐུགས་རྗེ་ཆེན་པོས་དགྱེས་བཞིན་བཞུགས་པར་མོས། །འདབ་མ་རྣམས་ལ་ལྷ་ཀླུ་དྲི་ཟ་མའི། །རིགས་ཅན་གསུམ་གྱིས་མཆོད་ཅིང་གསོལ་འདེབས་ཤིང་། །ཁྱད་པར་སྤྲུལ་པའི་རྒྱལ་པོས་གངས་ལྗོངས་འདིར། །རྒྱལ་བསྟན་དར་བའི་ངོ་ཆེན་ཞུ་ཞིང་བཞུགས། །དེ་དག་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་མཁའ་ཁྱབ་རྒྱལ་བ་ཀུན། །བསྒོམ་པ་དང་འདྲའི་རྣམ་པར་སྤྱན་དྲངས་ཏེ། །ཚོགས་ཞིང་རྣམས་ལ་ཐིམ་ཞིང་དབྱེར་མེད་གྱུར། །རྒྱས་པར་ན་སྤྱན་འདྲེན་ཁྲུས་གསོལ་བྱེད་ཅིང་། །དད་མོས་ཤུགས་དྲག་པོས་ཕྱག་འཚལ་བ་ནི།

རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་ཀྱི། །རྣམ་པས་རབ་འབྱམས་ཞིང་དུ་ཟབ་མོའི་བསྟན། །སྤེལ་བའི་ཐུགས་བསྐྱེད་རླབས་ཆེན་གྲུབ་པ་ཡི། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཞབས་ཀྱི་པདྨོ་གུས་བསྟེན་ནས། །འཕགས་པའི་ཡུལ་དང་མཐའ་འཁོབ་བོད་ཡུལ་འདིར། །རྒྱལ་བསྟན་སྙིང་པོས་དཀར་འབྱམས་གཏོང་བ་ཡི། །མཁན་ཆེན་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ཐུབ་པའི་ལུགས་བཟང་ཐེག་མཆོག་ཤེར་ཕྱིན་མཛོད། །ལེགས་བཤད་ལྡེའུ་མིག་དུ་མས་རབ་ཕྱེས་ཏེ། །མངོན་རྟོགས་ནོར་བུའི་བགོ་བཤས་ཚིམ་མཛད་པའི། །སློབ་དཔོན་སེང་བཟང་ཞབས་ལ་ཕྱག་འཚལ་ལོ། །དབུ་ཚད་རིགས་པའི་སྒོ་བརྒྱ་རྣམ་ཕྱེས་ཤིང་། །ཁྱད་པར་ཅི་ཡང་ཡིད་ལ་མི་བྱེད་པ། །ངེས་དོན་སྒོམ་དུ་འཁྲུལ་བ་ཚར་གཅོད་པའི། །མཁས་མཆོག་ཀ་ཤིའི་ཞབས་ལ་ཕྱག་འཚལ་ལོ། །མཐའ་འཁོབ་འདུལ་བའི་སྙིང་རྗེའི་རིག་སྔགས་ཀྱིས། །རབ་བྱུང་བཏུབ་པའི་མཚན་མ་སྟོན་སླད་སོགས། །སྒྱུ་མའི་སྲིད་པ་བསམ་བཞིན་བཟུང་བ་ཡི། །སྤྲུལ་པའི་དགེ་སློང་བདུན་ལ་ཕྱག་འཚལ་ལོ། །འཕགས་པའི་ཡུལ་གྱི་ཆོས་མཛོད་ཕལ་མོ་ཆེ། །གསར་བཅད་སྐད་ཀྱི་ཤིང་རྟས་ཡོངས་དྲངས་ཏེ། །གངས་ཅན་ཆོས་ཀྱི་གཏེར་དུ་བསྒྲུབ་པ་ཡི། །ལོ་ཙྪ་ཆེན་པོ་གསུམ་ལ་ཕྱག་འཚལ་ལོ། །དུས་ཀྱི་རྒུད་པས་རྒྱལ་བསྟན་འཇིག་པ་ཉིད། །བསྲུང་ཕྱིར་ཁམས་ཀྱི་དགོན་པར་ཆོས་འཛིན་ཞིང་། །སྤེལ་བའི་སྨོན་ལམ་ཆེན་པོ་མངོན་གྱུར་པའི། །འཕགས་ཆེན་དམ་པ་བཞི་ལ་ཕྱག་འཚལ་ལོ། །ཞེས་དང་གཞན་ཡང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིགས་བཅད་རྣམས་བརྗོད་དོ། །དེ་ནས་སྡོང་པོ་བཀོད་པའི་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི་ཡན་ལག་བདུན་པ་དང་། མཎྜལ་རྒྱས་པར་འབུལ་ཞིང་བྱང་སྡོམ་བཟུང་ངོ་། །དེ་ནས་གསོལ་བ་འདེབས་པ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མའི་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །ཚུལ་གཉིས་ཤིང་རྟའི་སྲོལ་ཕྱེས་ཤིང་། །ཐམས་ཅད་ཡོད་སྨྲའི་སྡེ་བཙུགས་ཏེ། །མཐའ་འཁོབ་མུན་པ་སེལ་མཛད་པའི། །བོདྷི་ས་ཏྭར་གསོལ་བ་འདེབས། །འཕགས་པའི་ཡུལ་དང་གངས་ཅན་འདིར། །ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཆེ། །ཐུབ་དབང་བསྟན་པའི་སྲོལ་འཛིན་པའི། །སྲས་མཆོག་གཉིས་ལ་གསོལ་བ་འདེབས། །ཐོག་མའི་འདུལ་འཛིན་རྣམ་པ་བདུན། །སྤྲུལ་པའི་ལོ་ཙྪ་ཆེན་པོ་གསུམ། །ཤཱཀྱ་དགེ་འབྱུང་རབ་གསལ་དང་། །བླ་ཆེན་རྣམས་ལ་གསོལ་བ་འདེབས། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན། །མཐའ་འཁོབ་ལས་ཀྱང་མཐའ་འཁོབ་འདིར། །ཐུབ་བསྟན་དར་བར་བྱིན་གྱིས་རློབས། །རྩ་བཤད་ཕྱོགས་མཐུན་འདུལ་བ་དང་། །ཤེར་ཕྱིན་གཙོར་གྱུར་མདོ་སྡེ་དག །གོང་འོག་མངོན་ཚད་གཞུང་ལུགས་ཀྱི། །འཆད་ཉན་འཕེལ་བར་བྱིན་གྱིས་རློབས། །ངེས་འབྱུང་ཚུལ་ཁྲིམས་གཙང་བ་དང་། །རྣམ་དག་ཏིང་འཛིན་རབ་བརྟན་ཞིང་། །མཐའ་བྲལ་ཤེས་རབ་དག་པ་ཡིས། །ཉམས་ལེན་རྒྱས་པར་བྱིན་གྱིས་རློབས། །བདག་ནི་འཕགས་ནོར་བདུན་གྱིས་ཕྱུག །དགེ་འདུན་སྤོང་ཀློག་ལས་ཀྱིས་བྲེལ། །ཡུལ་འདི་དགེ་བཅུའི་ཁྲིམས་ཀྱིས་འཚོ། །བདེ་སྐྱིད་འབྱུང་བར་བྱིན་གྱིས་རློབས། །ཞེས་པ་དང་། གཞན་ཡང་འདོད་གསོལ་དང་སྨོན་ལམ་ཤུགས་དྲག་ཏུ་བྱའོ། །དེ་ནས་ཚོགས་ཞིང་བསྡུ་བ་ནི། དེ་ལྟར་གསོལ་བ་བཏབ་པས་ཚོགས་ཞིང་རྣམས། །མཐའ་ནས་བསྡུས་ཏེ་གཙོ་འཁོར་གསུམ་ལ་ཐིམ། །སྲས་གཉིས་ཡབ་དང་དེ་ཡང་འོད་དུ་ཞུ། །འོད་ཀྱི་གོང་བུ་རང་གི་སྙིང་ག་རུ། །ཐིམ་པས་རང་སེམས་བྱིན་གྱིས་བརླབས་གྱུར་ཏེ། །བདེ་གསལ་མི་རྟོག་སྟོང་པའི་ཏིང་འཛིན་དང་། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ལྷག་བསམ་སོགས། །ཐེག་མཆོག་རིགས་ཀྱི་ནུས་པ་སད་པར་གྱུར། །འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡང་། །སོགས་ཀྱི་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །ཞེས་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ཞེས་བྱ་བ་འདི་ནི་མཁན་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་དང་ངོ་བོ་དབྱེར་མེད་པར་བཀའ་གདམས་གླེགས་བམ་སོགས་ཀྱི་ལུང་དང་རིགས་པས་གྲུབ་པའི་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་༸རྗེ་བཙུན་འཇམ་དཔལ་རོལ་པའི་བློ་གྲོས་དཔལ་བཟང་པོའི་ཞབས་པད་སྤྱི་བོར་ཐོབ་པ་ལས་བྱིན་རླབས་ཀྱི་སྣང་བ་ཕྲ་མོ་ལ་ལོངས་སྤྱོད་པའི་ཤཱཀྱའི་དགེ་སློང་བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་རང་གཞན་གྱི་རྒྱུད་ལ་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་དགོས་ཁྱད་ཆེ་སྙམ་ནས་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་གྱི་རང་ཤག་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་གུས་པས་བསྒྲིགས་པ་དགེ་ལེགས་འཕེལ།།  །།

 

[1] མདོ་སྔགས་ཆོས་ཀྱི་རྒྱ་མཚོའི་གསུང་འབུམ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༧༨ ནས་ ༣༨༣ བར།

Leave a Reply

Your email address will not be published. Required fields are marked *