༄༅། །མཁན་ཆེན་ཆོས་ཀྱི་རྒྱལ་པོ་བོ་དྷི་ས་ཏྭ་ལ་བསྟོད་པ་བྱིན་རླབས་དྲི་བསུང་འཕྲོ་བའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

 

༄༅། །མཁན་ཆེན་ཆོས་ཀྱི་རྒྱལ་པོ་བོ་དྷི་ས་ཏྭ་ལ་བསྟོད་པ་བྱིན་རླབས་དྲི་བསུང་འཕྲོ་བའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །[1]

 

༼གཉན་དགོན་སྤྲུལ་སྐུ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པ།༽

 

ཐུབ་བསྟན་བེེཌཱུར་ས་གཞིའི་ཁྱོན་ཡངས་པོར། །བཤད་སྒྲུབ་གསེར་གྱི་རེ་ཁ་བརྒྱ་བྲིས་ཏེ། །མཛེས་པར་བྱེད་པའི་མཁས་མཆོག་ལྷའི་བཟོ་བོ། །དྭངས་པའི་སེམས་ཀྱི་རྫིང་བུར་ཡང་ཡང་ཤར། །ངག་གི་དབང་ཕྱུག་རལ་པའི་ཅོད་པན་ཟུར་ཕུད་ལྔས་མཛེས་འཕགས་པའི་ཞབས། །ཐུན་མོང་ཉིད་དུ་སྤྱི་བོས་མཆོད་པའི་བཀའ་ལུང་བདུད་རྩིས་གཏམས་པ་ཡི། །

ཐེག་པ་མཆོག་གི་ཆོས་ཀྱི་བུམ་པ་འཇིག་རྟེན་གསུམ་གྱི་འདོད་འཇོའི་གཏེར། །ཨེ་མ་ཁྱོད་ནི་ལུས་ཅན་ཀུན་གྱི་བསོད་ནམས་དཔལ་དུ་ཆེས་ཆེར་ལྕི། །ངེས་པའི་དོན་དུ་མཐོན་མཐིང་ལྕང་ལོ་རེ་ཞིག་མི་མངོན་རྒྱས་བཏབ་ཅིང་། །རལ་གྲིའི་གདེངས་ཀ་རྣོན་པོའི་མཚོན་ཡང་ཆོས་འཆད་ཟོལ་དུ་བསྒྱུར་ནས་ནི། །ཤེར་ཕྱིན་རིག་སྔགས་ཞིང་བརྒྱར་ཟློས་པའི་སྨོན་ལམ་ཇི་ལྟ་བ་བཞིན་དུ། །འཛམ་བུའི་གླིང་འདིར་རྒྱལ་ཚབ་མཆོག་དེ་ཐུབ་བསྟན་མགོན་དུ་སྣང་བར་གྱུར། །གང་གི་མཚན་གྱི་ཏམྦུ་ར་དེ་གླིང་འདིའི་སྐྱེ་བོས་ཡང་དང་ཡང་། །དད་པའི་སོར་མོས་རྣམ་པར་བརྡུང་བའི་ངག་གི་འགྱུར་ཁུགས་གཅིག་ཉིད་དུ། །བོ་དྷི་ས་ཏྭའི་གྲགས་སྙན་དཀར་པོ་སྲིད་པའི་ཁོང་ལས་ཡོངས་བརྒལ་ཏེ། །ཕྱོགས་ཀྱི་ལུས་ཅན་དད་པའི་མཆི་མ་རང་དབང་མེད་པར་བཀུ་བ་ལགས། །མགོན་ཁྱོད་ཚུལ་ཁྲིམས་གསེར་གྱི་སྙེ་མ་སྤོང་བདུན་ཡལ་གས་རབ་དུད་རྩེར། །ལྷུང་བའི་དྲི་མས་རིང་མོ་ཞིག་ནས་རྣམ་དག་འོད་ཟེར་བརྒྱ་འཕྲོ་བཞིན། །ཏིང་འཛིན་མེ་ཏོག་འབུམ་ཕྲག་རྒོད་པའི་ཤེས་རབ་ཟེའི་འབྲུ་རེ་རེ་ལ། །རིགས་ཚུལ་རོ་མངར་བརྒྱ་ཕྲག་རྫོགས་པའི་ཟབ་དོན་སྦྲང་ཆར་ཟད་པ་མེད། །འཛམ་བུ་བྲྀཀྵས་མཚན་པའི་གླིང་འདིར་ཐེག་མཆོག་ཉི་ཟླའི་སྣང་བྱེད་ཟུང་། །ཤེས་བྱའི་མཁའ་ལ་རིགས་པའི་ཤིང་རྟས་སོ་སོར་འགྲོ་བའི་ཚུལ་གཉིས་འོང་། །ཤེར་ཕྱིན་སྟོང་པའི་དུས་ཀྱི་ཆར་ནི་རོ་གཅིག་ཞི་བར་འཁྲིད་རིམ་གྱིས། །རྣལ་འབྱོར་སྤྱོད་པའི་དབུ་མའི་ཚུལ་གྱི་ཤིང་རྟའི་སྲོལ་འདི་ཁྱོད་ཀྱི་དྲིན། །གཅིག་དང་དུ་མའི་ངོ་བོ་ཉིད་མེད་རིགས་པའི་རལ་གྲིའི་འཁོར་ལོ་ཆེ། །རབ་ཏུ་འཁོར་བས་བདེན་འཛིན་ནགས་ཀྱི་ཚང་ཚིང་སྟུག་པོ་ཡོངས་བཅོམ་ནས། །བདེན་སྟོང་ནམ་མཁའི་སྒེག་མོའི་འཛུམ་བག་ཅིར་ཡང་གསལ་བའི་ཞི་བའི་ལམ། །སླར་ཡང་བདེ་བླག་བགྲོད་པས་ཆོག་པའི་ལེགས་བཤད་རིན་ཐང་ཇི་ལྟར་གཞལ། །གངས་རིའི་མུ་འཁྱུད་འཛིན་མའི་ལྗོངས་འདིར་དམ་ཆོས་སྣང་བ་ཕྲ་བ་ཡིས། །ངེས་ལེགས་ལམ་བཟང་མི་མཐོང་མུན་པའི་སྒྲིབ་གཡོགས་སྟུག་པོས་ཁེབས་པའི་ཚེ། །ཁམས་བཅོ་བརྒྱད་དང་དགེ་བཅུའི་ཆོས་ཀྱིས་འཕྲལ་དང་ཡུན་དུ་དགེ་བ་ཡི། །བདེ་སྐྱིད་ཉིན་བྱེད་འདྲེན་པའི་མགོན་པོ་ཁྱོད་མིན་སུ་ཞིག་ཡིད་ལ་བྱེད། །རྣམ་བྱང་ནོར་བུའི་བ་གམ་མངོན་མཐོར་ཅི་དགར་འཇུག་པའི་བསྟུན་པའི་སྟེགས། །རབ་ཏུ་བརླིང་བའི་རྩ་ལག་གཅིག་པུ་ཆོས་འདུལ་གསེར་གྱི་འཛིན་མའི་ཁྱོན། །གཞི་ལྔའི་ཤེས་བྱ་ཡོད་སྨྲའི་སྡེ་བཞིན་རབ་ཏུ་བསྟན་པར་མཛད་པ་ཡིས། །ད་དུང་ཚུལ་ཁྲིམས་མེ་ཏོག་ཚོམ་བུ་ས་འདིར་འབུམ་ཕྲག་འབུམ་ཕྲག་རྒོད། །ཨེ་མ་ཁྱོད་ཀྱི་ཐུགས་བསྐྱེད་ཤིང་རྟས་ལེགས་པར་དྲངས་པའི་ངོ་མཚར་བརྒྱས། །རྣམ་པར་བཀྲ་བའི་ཐུབ་བསྟན་ནོར་བུ་དུས་ཀྱི་མཐའ་འདིར་ད་དུང་ཡང་། །མི་ཉམས་སྨོན་ལམ་ཁ་ལོས་བསྒྱུར་བའི་བྱིན་རླབས་གཟི་བརྗིད་འདི་མཐོང་ཚེ། །རྒྱལ་དང་རྒྱལ་སྲས་གྲངས་མེད་དབུས་ན་ནོར་བུའི་ཁྲོད་ན་བསམ་འཕེལ་བཞིན། །མགོན་ཁྱོད་ཡོན་ཏན་གཟི་འོད་ཕུང་པོ་བཀའ་དྲིན་ཕྱོགས་བརྒྱར་སྤྲོ་བའི་ཟེར། །སྒོ་ཀུན་ནས་ནི་ནམ་མཁའི་ནོར་བུ་ཇི་ལྟ་བ་བཞིན་གྱུར་པའི་ཚུལ། །ཡང་དང་ཡང་དུ་ཡིད་ལ་བཅག་པས་བྱང་ཆུབ་བར་གྱི་ཚེ་རབས་སུ། །བདག་གི་ཐེག་མཆོག་དགེ་བའི་བཤེས་སུ་ཁྱོད་ཉིད་རྟག་ཏུ་འགྱུར་བར་ཤོག །དེ་ལྟར་བསྟོད་པའི་ལེགས་བྱས་མཐུས། །མགོན་དེའི་བྱིན་རླབས་ཟླ་བའི་འོད། །སྙིང་གི་ཀུནྡར་ཡོངས་སིམ་སྟེ། །དམ་ཆོས་ཆུ་རྒྱུན་འཐུང་བར་ཤོག །འདི་ནས་ཚེ་རབས་ཐམས་ཅད་དུ། །བདག་ནི་རབ་ཏུ་འབྱུང་བ་དང་། །ལྟུང་བའི་ཉེས་པས་མ་གོས་པར། །ཚུལ་ཁྲིམས་གཙང་མ་བསྲུང་བར་ཤོག །གཅིག་དང་དུ་བྲལ་ལ་སོགས་པའི། །ཡང་དག་རིགས་ལམ་ལ་བརྟེན་ནས། །ཆོས་རྣམས་བདེན་འཛིན་སུན་ཕྱུང་སྟེ། །ངེས་དོན་ལྟ་བ་གོམས་པར་ཤོག །དེ་ལྟར་མ་རྟོགས་འགྲོ་ཁམས་ལ། །མི་བཟོད་སྙིང་རྗེས་དྲངས་པ་ཡི། །ལྷག་པའི་སེམས་དང་བྱང་ཆུབ་སེམས། །ཕན་ཚུན་འགྲན་བཞིན་འཕེལ་བར་ཤོག །རྒྱལ་བའི་སྲས་ཀྱི་བྱ་དཀའ་བའི། །རླབས་ཆེན་སྤྱོད་པ་གང་གིས་ཀྱང་། །ནམ་ཡང་ཞུམ་པ་མེད་པར་ནི། །གཞན་དོན་ཆེན་པོ་འབྱུང་བར་ཤོག །འདིར་ཡང་ཐུབ་བསྟན་རིན་པོ་ཆེ། །བཤད་དང་སྒྲུབ་པ་ཟུང་འབྲེལ་གྱིས། །གོང་ནས་གོང་དུ་ཆེས་འཕེལ་ཏེ། །འགྲོ་ཀུན་བདེ་ལ་སྤྱོད་པར་ཤོག །ཅེས་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བོ་དྷི་ས་ཏྭ་ལ་བསྟོད་པ་བྱིན་རླབས་དྲི་བསུང་འཕྲོ་བའི་མེ་ཏོག་ཅེས་བྱ་བ་འདི་ནི། མགོན་པོ་དེ་ཉིད་དང་གཉིས་སུ་མེད་པའི་དྲིན་ཆེན་ཆོས་ཀྱི་རྗེ་འཇམ་མགོན་བླ་མ་༸འཇམ་དཔལ་རོལ་པའི་བློ་གྲོས་དཔལ་བཟང་པོའི་ཞབས་པད་སྤྱི་བོར་ཐོབ་པའི་སྐལ་བ་བཟང་པོ་ཅན་བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བས་མཁན་ཆེན་བྱང་ཆུབ་སེམས་དཔའི་ཡོན་ཏན་སྐུ་དྲིན་དྲན་པའི་དད་པས་མཚམས་སྦྱར་ཏེ་རང་གཞན་གྱི་རྒྱུད་ལ་རྒྱལ་བསྟན་དར་བའི་རྟེན་འབྲེལ་དུ་དམིགས་ཏེ་གུས་པས་བསྒྲིགས་པ་དགེ་ལེགས་འཕེལ།།  །།

 

[1] མདོ་སྔགས་ཆོས་ཀྱི་རྒྱ་མཚོའི་གསུང་འབུམ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༨༣ ནས་ ༣༨༧ བར།

Leave a Reply

Your email address will not be published. Required fields are marked *