༄༅། །མཁན་ཆེན་གསོལ་འདེབས་བྱང་ཆུབ་ལྗོན་ཤིང་ཞེས་བྱ་བ།

 

༄༅། །མཁན་ཆེན་གསོལ་འདེབས་བྱང་ཆུབ་ལྗོན་ཤིང་ཞེས་བྱ་བ།[1]

 

༼རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པ།༽

 

མགོན་པོ་འཇམ་དཔལ་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་རིགས་སཱ་ལ་ལྟ་བུའི་རྒྱུད་འཁྲུངས་ཤིང་། །རིག་པའི་གནས་ལྔ་མཐར་ཕྱིན་འཇམ་དབྱངས་ཀྱི། །ཞབས་ཀྱི་པདྨོའི་ཟེའུ་འབྲུ་སྤྱི་བོས་བསྟེན། །མཁན་ཆེན་བྱང་ཆུབ་སེམས་དཔར་གསོལ་བ་འདེབས། །བསྐལ་མང་གོང་ནས་གཞན་ཕན་ཐུགས་བསྐྱེད་ཀྱི། །རྩ་བ་གསེར་སྦྲམ་ལྟ་བུ་རབ་བརྟན་པས། །རྩོད་དུས་བསྟན་དང་འགྲོ་བའི་གཉེན་གཅིག་པུ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

སངས་རྒྱས་བསྟན་ལ་འཁུ་བའི་མུ་སྟེགས་ཀྱི། །གླང་ཆེན་གཙུག་འགེམ་དབང་པོའི་རྡོ་རྗེ་ལྟར། །སྒྲ་ཚད་དབུ་མའི་རིགས་པས་བཅོམ་མཛད་པའི། །སྨྲ་བའི་སེངྒེ་ཆེན་པོར་གསོལ་བ་འདེབས། །ཆོས་འདུལ་གསེར་གྱི་རི་བོར་རྟེན་བཅས་ཤིང་། །ཟབ་ཅིང་རྒྱ་ཆེའི་མདོ་སྡེའི་དོན་རབ་གསལ། །ཆོས་མངོན་རྒྱ་མཚོའི་སྤྱན་སྟོང་རྣམ་པར་བཀྲ། །མཁན་ཆེན་ལྷ་ཡི་བླ་མར་གསོལ་བ་འདེབས། །ཚུལ་ཁྲིམས་དྲི་ཡིས་ལྷར་བཅས་འགྲོ་རྣམས་དགའ། །ཏིང་འཛིན་ཟབ་མོས་ཟག་མེད་ཡོན་ཏན་སྡུད། །ཤེས་རབ་སྤོབས་པས་ཆོས་ཀྱི་སྒོ་བརྒྱ་འབྱེད། །འཛམ་གླིང་ཐུབ་དབང་གཉིས་པར་གསོལ་བ་འདེབས། །བྱང་ཕྱོགས་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །ཤཱཀྱ་སེངྒེའི་བསྟན་པའི་ཤིང་རྟ་འདྲེན། །སྡེ་སྣོད་གསུམ་ལ་ཅི་དགར་ལོངས་སྤྱོད་པའི། །བཀའ་དྲིན་མཉམ་མེད་རྗེ་ལ་གསོལ་བ་འདེབས། །རྒྱལ་བས་ལུང་གིས་བསྟན་པའི་མཁན་པོ་ནི། །བྷོ་དྷི་སཏྭ་ཤཱནྟ་རཀྵི་ཏ། །ཐམས་ཅད་མཁྱེན་དངོས་སྟོན་པའི་རྒྱལ་ཚབ་ཆེར། །དད་མོས་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཁ་ཙམ་མ་ཡིན་སྙིང་ནས་གསོལ་འདེབས་ན། །བསྟན་པ་རིན་ཆེན་ཕྱོགས་བཅུར་འཕེལ་བ་དང་། །ཚུལ་ལྡན་འདུས་པ་རྒྱ་མཚོས་ཡོངས་གང་ཞིང་། །སྒོ་གསུམ་རྣམ་པར་དག་པར་བྱིན་གྱིས་རློབས།།   །།

[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། པོད། ༼ག༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༣བ༤ བར།

Leave a Reply

Your email address will not be published. Required fields are marked *