༄༅། །བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་བཞུགས་སོ།།

 

༄༅། །བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་བཞུགས་སོ།།[1]

 

བྱང་ཆུབ་སེམས་དཔའ་རྟ་དབྱངས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཞིག་ཡོད་དེ། དེ་ནི་གནས་བརྟན་རྩིབས་ཀྱི་སློབ་མ་ཡིན་ནོ། །དེ་ཡང་གནས་བརྟན་རྩིབས་ནི་སངས་རྒྱས་ཀྱི་ཆོས་ལ་རྟག་ཏུ་དགོངས་ཤིང་། སུ་ཞིག་རབ་ཏུ་བྱུང་ན་ལམ་བཟང་རྒྱ་ཆེར་སྤེལ་ནས། སེམས་ཅན་རྣམས་ཀྱི་ཉམས་རྟོགས་ཀྱི་སྒོ་ཕྱེ་བར་ནུས་སམ་སྙམ་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཟིགས་པ་ན། རྒྱ་གར་གྱི་ཡུལ་དབུས་སུ་མུ་སྟེགས་པའི་ཆོས་ལ་རབ་ཏུ་བྱུང་བ་ཞིག་འཇིག་རྟེན་གྱི་ཤེས་རབ་དང་། རྟོག་གེ་ལ་ཤིན་ཏུ་མཁས་པ་ཞིག་ཡོད་པ་དེས་འདི་སྐད་ཅེས།

དགེ་སློང་རྣམས་ཀྱིས་བདག་ལ་རྩོད་པར་ནུས་ན་གཎྜི་རྡུང་ནའང་རུང་གི །གལ་ཏེ་དེ་མ་ནུས་ན་གཎྜིའི་སྒྲ་ཀུན་ཏུ་སྒྲོག་སྟེ་གཞན་གྱིས་ཡོན་འབུལ་བ་དང་དུ་ལེན་པ་མི་འོས་སོ། །ཞེས་ཟེར་བཞིན་ཡོད་པ་ཞིག་གཟིགས་སོ།།

དེའི་ཚེ་གནས་བརྟན་རྩིབས་རྒྱ་གར་བྱང་ཕྱོགས་ནས་ཡུལ་དབུས་སུ་ཕེབས་པར་བཞེད་ནས། གྲོང་ཁྱེར་ཤཱཀྱ་ཞེས་པར་ཕེབས་པ་ན། ལམ་དུ་དགེ་ཚུལ་མང་པོ་དང་འཕྲད་དེ་ཀུན་གྱིས་ཀུ་རེ་རྩེད་དེ། འདི་སྐད་ཅེས། གནས་བརྟན་བཙུན་པ་ལྷམ་ཡུ་ཐུང་དེ་བདག་ལ་བྱིན་ཅིག་ཅེས་བརྗོད་དེ། ལན་ལ་མ་སྒུག་པར་དེ་མ་ཐག་ཏུ་ཁྱེར་ནས་སོང་ཞིང་། རྒྱུ་མཚན་མེད་པའི་བརྙས་བཅོས་སྣ་ཚོགས་བྱས་སོ།།

དེ་ལ་གནས་བརྟན་རྩིབས་བཞིན་གྱི་མདོག་ཀྱང་མི་འགྱུར་བར་ཞལ་འཛུམ་བག་དང་ལྡན་པར་བཞུགས་པས། དགེ་ཚུལ་རྣམས་ཀྱི་ནང་ནས་ཐོས་པ་ཆེན་པོ་ལྡན་པ་དག་གིས་འདི་ཉིད་ཐུགས་དགོངས་ཟབ་ཅིང་། རྒྱ་ཆེ་བར་ཤེས་ཤིང་། སྐྱེས་བུ་འདི་ཕལ་པ་ཞིག་མིན་པར་དོགས་ཏེ་དྲི་བ་བྱས་ཤིང་སྤྱོད་པར་བརྟག་པ་ན། གང་ཞིག་དྲིས་པའི་ལན་མ་ལུས་པ་གནང་བཞིན་འགྲོ་མཚམས་མི་འཇོག་པར་གཤེགས་ཤིང་། ཐུགས་ཀྱི་དགོངས་ཉམས་ཟབ་ཅིང་རིང་བས་གནས་སྐབས་ཀྱི་དོན་ཆུང་ལ་མི་གཟིགས་པ་ཞིག་གོ །དེའི་ཚེ་དགེ་ཚུལ་རྣམས་ཀྱིས་གནས་བརྟན་དེ་ལ་ཟབ་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བར་ཤེས་ནས་ལྷག་པར་དད་དེ། བསྙེན་བཀུར་དང་མཆོད་པ་བྱས་སོ། །དེ་ནས་གནས་བརྟན་རྩིབས་མངོན་པར་ཤེས་པ་ལ་བརྟེན་ཏེ་ནམ་མཁའ་ནས་གཤེགས་སོ།།

རྒྱ་གར་གྱི་ཡུལ་དབུས་སུ་ཕེབས་ནས་དགོན་པ་[2]ཞིག་ཏུ་བཞུགས་པ་ན། དེའི་དགེ་སློང་རྣམས་ལ་ཅིའི་ཕྱིར་གཎྜི་ཆོས་དང་མཐུན་པར་མི་རྡུང་ཞེས་དྲིས་པས། དགེ་སློང་རྣམས་ན་རེ། གནས་བརྟན་ཉིད་ནི་རྨོངས་རྟུལ་ཞིག་སྟེ། རྒྱུ་མཚན་དང་ལྡན་པས་ན་མི་རྡུང་ངོ་ཞེའོ། །རྒྱུ་མཚན་གང་ཡིན་ཞེས་དྲིས་པར། དེ་དག་ན་རེ། མུ་སྟེགས་པའི་རབ་ཏུ་བྱུང་བ་རྟོག་གེ་ལ་ཤིན་ཏུ་མཁས་པ་ཞིག་ཡོད་དེ། དེས་འདི་སྐད་ཅེས། རྒྱལ་ཁབ་ནང་གི་ཤཱཀྱའི་སློབ་མ་དགེ་སྦྱོང་རྣམས་ནས་བདག་ལ་རྩོད་པར་མི་ནུས་ན་ནི། གཎྜི་ཀུན་ནས་སྒྲོག་སྟེ་ཡོན་འབུལ་བ་དང་དུ་ལེན་མི་རུང་ངོ་ཞེས་བསྒྲགས་པའི་རྒྱུ་མཚན་གྱིས་མི་རྡུང་ངོ་ཞེའོ།།

གནས་བརྟན་རྩིབས་ན་རེ། གཎྜི་རྡུངས་ཤིག །གལ་ཏེ་དེ་སླེབས་ན་ཁོ་བོ་ལ་ཐབས་ཡོད་དོ་ཞེའོ། །དགེ་སློང་རྙིང་པ་རྣམས་ནི་གཏམ་དེ་ལ་ཡ་མཚན་པར་གྱུར་ཅིང་རྩོད་པར་མི་ནུས་པར་དོགས་སོ། །དེ་ནས་འདུས་ཏེ་གྲོས་བྱས་ནས་སྨྲས་པ། གཎྜི་རྡུངས་ཤིག །གལ་ཏེ་མུ་སྟེགས་པ་བྱུང་ན། གནས་བརྟན་ཁོ་རང་གང་འདོད་པ་དེ་བྱེད་དུ་ཆུག་ཅིག་ཅེའོ། །དེ་ནས་གཎྜི་བརྡུངས་པས། མུ་སྟེགས་པ་ན་རེ། དེ་རིང་ཅིའི་ཕྱིར་ཤིང་དེ་རྡུང་ཞེའོ། །ལན་དུ། ཡུལ་བྱང་ཕྱོགས་ཀྱི་གནས་བརྟན་དགེ་སྦྱོང་ཞིག་བྱུང་ནས། གཎྜི་རྡུང་གི་ཁོ་བོ་ཅག་མིན་ནོ་ཞེའོ། །མུ་སྟེགས་པ་ན་རེ། དེ་ཁྲིད་ནས་ཤོག་ཅིག་ཅེས་སྨྲས་པས། དེ་བྱུང་ནས་ཕན་ཚུན་མཇལ་ལོ།།

དེ་ལ་མུ་སྟེགས་པ་ན་རེ། རྩོད་པར་འདོད་དམ། ལན་དུ་སྨྲས་པ། འདོད་དོ་ཞེའོ། །མུ་སྟེགས་པས་བཞིན་འཛུམ་བག་དང་བཅས་ཏེ་སྨྲས་པ། གནས་བརྟན་དགེ་སློང་འདི་ནི་མདོག་གཟུགས་འདི་ཙམ་དུ་ཟད་ཅིང་། སྨྲ་བརྗོད་ཀྱང་ཕལ་པ་ལས་མ་འདས་པ་ཞིག་ན། ཇི་ལྟར་ན་བདག་ལ་རྩོད་འདོད་པ་ཡིན་ནམ་ཞེའོ། །དེ་ནས་ཕན་ཚུན་བགྲོས་ཏེ་ཉིན་བདུན་གྱི་རྗེས་སུ་རྒྱལ་པོ་དང་། བློན་པོ་དང་དགེ་སྦྱོང་དང་། མུ་སྟེགས་པ་ལ་སོགས་པ་འཚོགས་པའི་དབུས་སུ། སློབ་དཔོན་ཆེན་པོ་རྣམས་ཀྱིས་རྩོད་པར་ཐག་བཅད་དོ། །ཉིན་དྲུག་པ་ལ་སླེབས་པའི་མཚན་མོར་གནས་བརྟན་རྩིབས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཇི་ལྟ་བུས་འདུལ་བ་འོས་པར་གཟིགས་ཤིང་། ཉིན་བདུན་པའི་ནམ་ལངས་པ་དང་ཚོགས་པ་ཆེན་པོ་འདུས་པ་ན། གནས་བརྟན་རྩིབས་སྔོན་དུ་ཕེབས་ཏེ། ཁྲི་འཕང་མཐོན་པོ་ལ་འཁོད་པས། བཞིན་རས་ཀྱི་མདངས་རྒྱུན་པ་ལས་ལྷག་པར་གསལ་ཞིང་། ཐུགས་སྤྲོ་ལྷོད་ཀྱི་ཉམས་དང་བཅས་ཏེ་བཞུགས་སོ།།

མུ་སྟེགས་པ་དེ་རྗེས་སུ་བྱུང་ནས་མདུན་དུ་འདུག་སྟེ། དགེ་སྦྱོང་ལ་བལྟས་པས། བཞིན་རས་འཛུམ་བག་དང་ལྡན་ལ་ཐུགས་བདེ་ཞིང་ལྷོད་པ་དང་། ཡང་སྐུའི་ཆ་བྱད་གང་ལའང་རྩོད་པའི་ཉམས་འགྱུར་དང་ལྡན་པས། སེམས་ལ་འདི་ནི་དགེ་སློང་འཕགས་པ་ཞིག་མིན་ནམ། འདིའི་ཐུགས་དགོངས་ནི་བརྟན་ཅིང་སྤྲོ་ལ། རྩོད་པའི་ཉམས་འགྱུར་དང་ཡང་ལྡན་པས། དེང་གི་རྩོད་གླེང་ནི་ཁྱད་པར་དུ་འཕགས་པའི་རྩོད་གླེང་ཞིག་ཏུ་འགྱུར་རོ་སྙམ་མོ།།

དེ་ནས། གང་ཕམ་པ་དེར་ཉེས་པ་ཇི་ལྟར་གཅོད་པ་ཕན་ཚུན་བགྲོས་པ་ན། མུ་སྟེགས་པ་ན་རེ། གང་ཕམ་པ་དེའི་ལྕེ་གཅོད་དོ་ཞེའོ། །དེ་ལ་གནས་བརྟན་རྩིབས་ན་རེ། དེ་ནི་མི་ལེགས་ཏེ་ཕ་རོལ་པོའི་སློབ་མ་བྱེད་ན་རུང་ངོ་ཞེས་གསུངས་པས། ལན་དུ་དེ་ལྟར་བྱའོ་ཞེའོ། །ཡང་སུས་སྔོན་དུ་བརྗོད་ཅེས་དྲིས་པར། གནས་བརྟན་རྩིབས་ན་རེ། བདག་ནི་ལོ་ན་མཐོ་ཞིང་། རྩོད་པའི་ཆེད་དུ་ས་ཐག་རིང་པོ་ནས་འདིར་འོངས་ལ། དེང་ཡང་ཐོག་མར་ཁྲིའི་སྟེང་དུ་འཁོད་པ་ཡིན་པས་ན། བདག་གིས་སྔོན་དུ་བརྗོད་པར་རིགས་སོ་ཞེའོ། །མུ་སྟེགས་པ་ན་རེ། དེ་ལྟར་བྱེད་ནའང་རུང་ངོ་། །ཁྱེད་ཀྱིས་ཇི་ལྟར་བཤད་པ་དེ་དག་ནི་བདག་གིས་དེ་ཉིད་དུ་མ་ལུས་པར་ཚར་གཅོད་པར་བྱའོ་ཞེའོ། །གནས་བརྟན་རྩིབས་ན་རེ།

གནམ་འོག་ཞི་བདེས་ཁྱབ་པ་དང་། །རྒྱལ་པོའི་སྐུ་ཚེ་མཆོག་ཏུ་རིང་། །

རྒྱལ་ཁམས་ལོ་ཕྱུགས་ལེགས་གྱུར་ཅིང་། །རྒུད་པ་ཐམས་ཅད་ཞི་བར་བྱ། །

ཞེས་གསུངས་སོ། །མུ་སྟེགས་པས་ལན་གང་ཞིག་བརྗོད་དགོས་པ་མ་ཤེས་ནས་ཅི་ཡང་མི་སྨྲ་བར་འདུག་གོ །དེས་རྩོད་པའི་ལན་མ་རྙེད་པས་ན་ཕམ་པའི་གནས་སུ་ལྷུང་ངོ༌། །དེ་ཉིད་དུ་བཏུལ་ནས་སློབ་མར་བཅུག་སྟེ་སྐྱ་དང་ཁ་སྤུ་བྲེགས་ཤིང་། དགེ་ཚུལ་དང་བསྙེན་པར་རྫོགས་པའི་སྡོམ་པའི་དངོས་པོ་ཡང་སྦྱིན་ནོ།།

དེ་ནས། དེ་ཉིད་གཅིག་པུར་སྡོད་ཅིང་། ཡིད་ལ་འདི་ལྟར་ཤར་ཏེ། བདག་ཡོན་ཏན་ཕུལ་དུ་བྱུང་བ་ནི་ས་ཐག་རིང་པོ་རྣམས་ནས་ཀྱང་ཤེས་པས་སྙན་གྲགས་གནམ་འོག་ཀུན་ཏུ་ཁྱབ་པ་ཞིག་ལགས་ན། རྒྱུ་མཚན་གང་གིས་ན། ཚིག་གཅིག་ཁོ་ནས་ཕམ་སྟེ་གཞན་གྱི་སློབ་མར་གྱུར་ཏམ་སྙམ་དུ་ཡིད་ལ་དྲན་པ་ཙམ་གྱིས་ཤིན་ཏུ་མི་དགའ་བར་གྱུར་ཏོ། །སློབ་དཔོན་གྱིས་དེའི་སེམས་ཤེས་ནས་དེ་མ་ཐག་ཏུ་བཞུགས་གནས་སུ་བོས་ཏེ། རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ཏོ། །དེའི་རྐྱེན་གྱིས་སློབ་དཔོན་དེ་ཉིད་སྐྱེ་བོ་ཕལ་པ་མིན་པར་ཤེས་ནས་སེམས་དགའ་ཞིང་དུལ་བར་གྱུར་ཏེ། བདག་འདིའི་སློབ་མར་གྱུར་པ་ནི་འོས་པ་ཉིད་དོ་སྙམ་མོ། །དེ་ལ་སློབ་དཔོན་གྱིས་སྨྲས་པ། ཁྱེད་ཉིད་ཡོན་ཏན་དེ་ལྟར་བཟང་བ་ནི་སླ་བ་ཞིག་མ་ཡིན་ཡང་། ད་དུང་དམ་པའི་དོན་ཉིད་མ་རྙེད་པས། གལ་ཏེ་བདག་གིས་ཐོབ་པའི་ཆོས་ལ་བསླབས་ན། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་ལམ་ཡན་ལག་ཀུན་ལ་སྤོབས་པ་ཟབ་མོ་བརྙེས་ནས། རྒྱལ་བའི་དགོངས་པ་གསལ་བར་རྟོགས་པར་འགྱུར་བས། གནམ་འོག་ཏུ་འགྲན་པའི་ཟླ་དང་བྲལ་བར་འགྱུར་རོ།།

དེ་ནས་སློབ་དཔོན་སླར་རང་གི་རྒྱལ་ཁབ་ཏུ་གཤེགས་ཤིང་། སློབ་མ་ནི་རྒྱ་གར་གྱི་ཡུལ་དབུས་སུ་བཞུགས་སོ། །གཞུང་ལུགས་ཀུན་ལ་ལྷག་པར་མཁས་ཤིང་། ཕྱི་ནང་ཐམས་ཅད་གསལ་བར་མཁྱེན་པས། སྤོབས་པས་འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་། རིགས་བཞི་ཀུན་གྱིས་གུས་པས་བཏུད་དེ། རྒྱ་གར་གྱི་རྒྱལ་པོས་ཤིན་ཏུ་གཅེས་པས་བསྙེན་བཀུར་རྒྱ་ཆེར་ཞུས་སོ།།

དེའི་རྗེས་སུ་རྒྱ་གར་བྱང་ཕྱོགས་ཀྱི་ཀུ་ཥ་ཎའི་རྒྱལ་པོས་དམག་དྲངས་ཏེ། ཡུལ་དབུས་ཀྱི་རྒྱལ་པོས་འགོག་སྲུང་ཡུན་རིང་དུ་བྱས་པ་ན། རེ་ཞིག་ནས་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོས་ཕོ་ཉ་བཏང་སྟེ་སྤྲིངས་ཡིག་གི་ལམ་ནས་སྨྲས་པ། གལ་ཏེ་དོན་དུ་གཉེར་བ་འགའ་ཡོད་ན་ཁྱེད་ལ་སྦྱིན་ནའང་རུང་བས། ཅིའི་ཕྱིར་ན་ཡུན་རིང་དུ་འདིར་སྡོད་དེ་དམངས་རྣམས་བཀག་ཅིང་སྡུག་ལ་སྦྱར་ཞེའོ། །ལན་དུ་སྨྲས་པ། གལ་ཏེ་ཁྱོད་འདུད་པར་སེམས་ན། གསེར་འབུམ་གསུམ་བྱིན་ན་གཏོང་ངོ་ཟེར་བར། རྒྱལ་ཁམས་ཀུན་ཏུའང་གསེར་འབུམ་གཅིག་མི་ལོངས་ན་གསེར་འབུམ་གསུམ་གང་ནས་རྙེད་ཅེའོ། །ལན་དུ་སྨྲས་པ། ཁྱོད་ཀྱི་རྒྱལ་ཁབ་ནང་དུ་ནོར་བུ་ཆེན་པོ་གཉིས་མཆིས་ཏེ། དང་པོ་ནི་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཡིན་ལ། གཉིས་པ་ནི་སྤོབས་པ་དང་ལྡན་པའི་དགེ་སློང་ངོ་། །དེ་གཉིས་བདག་ལ་བྱིན་ན་གསེར་འབུམ་གཉིས་དེས་འཐུས་སོ་ཟེར་བར། རྒྱལ་པོས་ལན་དུ་སྨྲས་པ། ནོར་བུ་དེ་གཉིས་བདག་ཤིན་ཏུ་གཅེས་པས་སྦྱིན་མི་ཕོད་དོ་ཞེའོ། དེ་ནས་དགེ་སློང་གིས་རྒྱལ་པོ་ལ་ཆོས་བསྟན་ཏེ་ཚིག་འདི་ལྟར་སྨྲས་ཏེ། གནམ་འོག་གི་སེམས་ཅན་ལ་ཆོས་ཀྱིས་འདུལ་མི་འོས་པ་ཞིག་ནི་མེད་ཅིང་། རྒྱལ་བའི་ཟབ་རྒྱས་ཀྱི་ལམ་ནི་རང་གཞན་ཐམས་ཅད་སྐྱབས་པའི་དོན་དུ་ཡིན་པས། སྐྱེས་བུ་ཆེན་པོའི་ཡོན་ཏན་ཞིག་ལ་འགྲོ་བ་འདྲེན་པ་ཉིད་མཆོག་ཏུ་འཕགས་སོ། །འཇིག་རྟེན་པའི་ཆོས་ནི་རབ་ཏུ་མང་ལ་ངལ་བ་དང་བཅས་པ་ལགས་པས་ན། རྒྱལ་པོས་ནི་རྒྱལ་ཁབ་གཅིག་ཙམ་འདུལ་བར་ནུས་ཤིང་། དེང་སངས་རྒྱས་ཀྱི་ལམ་རྒྱ་ཆེར་སྤེལ་ན་རང་བཞིན་ཉིད་ཀྱིས་ཕྱོགས་བཞིའི་ཆོས་ཀྱི་རྒྱལ་པོར་འགྱུར་རོ། །དེ་ཡང་དགེ་སློང་གིས་སྐྱེ་འགྲོ་སྐྱོབ་པ་ནི་བཟློག་ཏུ་མེད་པའི་དོན་ཞིག་ལགས་ལ། ཡོན་ཏན་སེམས་ལ་གནས་པས་ན། ཐག་རིང་ཐུང་གི་ཁྱད་པར་འབྱེད་མི་རིགས་པ་ཞིག་གོ །དེས་ན་ཡུན་རིང་པོའི་དགོངས་པ་བཞེས་དགོས་པས། ཅིའི་ཕྱིར་ན་གནས་སྐབས་ཀྱི་དོན་ཙམ་ལ་དགོངས་ཤེའོ།།

རྒྱལ་པོས་རྒྱུན་དུ་ཁོང་ལ་མཐོང་ཆེ་ཤིང་། གུས་ལ་བཀའ་བཞིན་སྒྲུབ་པས། ཁོང་ཉིད་བྱིན་པས་ཀུ་ཥཱ་ཎའི་རྒྱལ་པོ་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་གོ །དེའི་བློན་པོ་རྣམས་ཀྱིས། རྒྱལ་པོས་སངས་རྒྱས་ཀྱི་ལྷུང་བཟེད་ལ་གུས་པ་ནི་འོས་ཤིང་འཚམ་པ་ལགས་མོད། དགེ་སློང་ནི་གནམ་འོག་གང་དུའང་ཡོད་པས་གསེར་འབུམ་ལ་རྩིས་པ་ནི་ཆེས་ཐལ་བར་མ་ལགས་སམ་ཞེས་གླེང་ངོ་། །རྒྱལ་པོས་ནི་དགེ་སློང་དེ་ཉིད་དགོངས་པ་མཐོ་ཞིང་། གསལ་ལ་རྟོགས་པ་ཁྱད་པར་དུ་འཕགས་པ་དང་། ལམ་འདྲེན་བྱེད་ཅིང་ཕན་བདེ་བསྐྲུན་པའི་མཛད་པ་ཟབ་ཅིང་རྒྱ་ཆེ་ལ། ཆོས་གསུངས་པའི་སྤོབས་པས་མི་དང་མི་མིན་འདུལ་བར་ནུས་པ་ཞིབ་པར་མཁྱེན་ཡང་། རྨོངས་པའི་འགྲོ་བ་རྣམས་ཀྱིས་ཀྱང་རྟོགས་པ་བྱེད་པར་འདོད་ནས། རྟ་བདུན་ལྟོགས་པར་བཞག་ནས། ཉིན་དྲུག་པའི་ཞོགས་པར་ཕྱི་ནང་གི་གཞན་ལུགས་པ་དང་། དགེ་སྦྱོང་ཐམས་ཅད་འཚོགས་ནས་དགེ་སློང་ལ་ཆོས་གསུངས་པར་སྐུལ་བས། ཉན་པ་པོ་ཐམས་ཅད་ཉམས་རྟོགས་ཀྱི་སྒོ་མ་ཕྱེ་བ་མེད་དོ། །རྒྱལ་པོས་རྟ་དེ་སྐྱེ་བོའི་ཚོགས་ཀྱི་དབུས་སུ་བཏགས་ནས་རྩྭ་སྦྱིན་པས། རྟས་མིག་ཆུ་གཏོང་བཞིན་ཆོས་ཉན་པ་ལས་ཟས་ལ་མི་སེམས་སོ།།

དེའི་རྐྱེན་གྱིས་གནམ་འོག་ཀུན་ཏུ་དེ་ཉིད་ཕལ་པ་ཞིག་མིན་པར་ཤེས་སོ། །རྟས་ཀྱང་དེའི་སྐད་གོ་བས་ན་བྱང་ཆུབ་སེམས་དཔའ་རྟ་དབྱངས་ཞེས་བྱའོ། །རྒྱ་གར་བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཆོས་རྒྱ་ཆེར་གསུངས་ཤིང་ཐབས་ལ་མཁས་པས་སྐྱེ་འགྲོ་རྣམས་འདྲེན་ཅིང་ཕན་བདེར་བཀོད་པས། གཞན་ལ་ཡོན་ཏན་འགྲུབ་པར་བྱས་པས། རིགས་བཞི་གུས་ཤིང་འདུད་པས་ན་ཡོན་ཏན་ཉི་མ་ཞེས་ཀྱང་འདོགས་སོ། །སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་རྫོགས་སོ།།  །།[3]

 

 

[1] ཡའོ་ཆིན་སྡེ་སྣོད་གསུམ་པ་གཞོན་ནུ་སྲོག་གིས་ཕྱི་ལོ་ ༤༠༡ ནས་བཅུ་གཉིས་བར་དུ་སཾ་སྐྲྀཏ་ནས་རྒྱ་ནག་ཡི་གེར་བསྒྱུར་ཅིང་། བཞག་པ་སྐྱེ་མིང་པས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༡༦ ལ་གྲོང་ཁྱེར་ཟི་ལིང་དུ་རྒྱ་ནག་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་བའོ།།

[2] ཡོངས་གྲགས་མུ་སྟེགས་རྟ་དབྱངས་དང་སློབ་དཔོན་ཨཱརྱ་དེ་ཝ་གཉིས་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྩོད་པ་མཛད་པར་གསལ་ཡང་། འདིར་བྱང་ཕྱོགས་ཀྱི་གནས་བརྟན་རྩིབས་དང་རྩོད་པ་མཛད་པར་གསལ་ལ། རྩོད་པ་མཛད་ཡུལ་དབུས་ཀྱི་དགོན་པ་ཞིག་ཅེས་པ་ལས་དགོན་པའི་མཚན་ཡང་མི་གསལ་བས་དཔྱད་དགོས་པར་སྣང་ངོ་།།

[3] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར་རྒྱས་བསྡུས་སྣ་ཚོགས། ལི་ཐང་བཞག་པ་འཇམ་དབྱངས་མཁས་གྲུབ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༢༦༡-༢༧༡ བར་གསལ་ལོ།།

Leave a Reply

Your email address will not be published. Required fields are marked *