༄༅། །བསྟན་པའི་མངའ་བདག་རྣམས་ལ་བསྟོད་ཅིང་གསོལ་བ་གདབ་ཚུལ་ཛམྦུ་ནཱ་དའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

༄༅། །བསྟན་པའི་མངའ་བདག་རྣམས་ལ་བསྟོད་ཅིང་གསོལ་བ་གདབ་ཚུལ་ཛམྦུ་ནཱ་དའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།[1]

༼ སོག་པོ་བློ་བཟང་རྟ་མགྲིན་གྱིས་ (1867-1937) མཛད་པ།༽

 

མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཤིང་། །སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་སྤྲུལ་པའི་རྣམ་རོལ་པ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །

ཡང་དག་རིགས་པས་རྒོལ་ངན་དྲེགས་པ་འཇོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །རིགས་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང༌། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡིས། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །འཛམ་གླིང་རྒྱན་གྱུར་གཉིས་ལ་ཕྱག་འཚལ་ལོ། །གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ། །དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །རྒྱལ་བ་ཡབ་སྲས་གསུམ་ལ་ཕྱག་འཚལ་ལོ། །སྣང་མཐའི་མགོན་པོ་པཎ་ཆེན་ཐམས་ཅད་མཁྱེན། །ཕྱག་ན་པདྨོའི་སྒྱུ་འཕྲུལ་རྒྱལ་བའི་དབང་། །གསང་འཛིན་རྣམ་རོལ་རྗེ་བཙུན་དམ་པ་གསུམ། །ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་རོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཡིད་འོང་མཆོད་པའི་དངོས་པོ་མ་ལུས་པ། །བསོད་ནམས་ཞིང་མཆོག་བླ་མ་རྣམས་ལ་འབུལ། །བརྩེ་བས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐོག་མེད་ནས་བསགས་སྡིག་ལྟུང་བཤགས་ཤིང་སྡོམ། །བདག་གཞན་དུས་གསུམ་དགེ་རྩར་རྗེས་ཡི་རང་། །མཁམ་མཉམ་འགྲོ་ལ་ཆོས་འཁོར་ལེགས་བསྐོར་ཞིང་། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། །དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམསཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་བླངས་པའི། །དྲི་མེད་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས། །སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་འདི་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པས། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །གང་དང་ཕྲད་ན་གཏན་གྱི་བདེ་འཕྲོག་པའི། །བཤེས་གཉེན་ངན་དང་ལོག་པའི་ཆོས་ལུགས་དང་། །བདུད་ཀྱི་ཕོ་ན་སྡིག་པའི་གྲོགས་རྣམས་དང་། །སྐད་ཡིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག །རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཀོན་མཆོག་དབུ་འཕང་བསྟོད་པའི་ཆོས་སྡེ་འདིར། །ཁྲིམས་འཆལ་སྡིག་ལྟ་ཅན་དག་མི་འབྱུང་ཞིང་། །མཁས་བཙུན་མཆོག་རྣམས་འཆད་རྩོད་རྩོམ་གསུམ་གྱིས། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བཀྲ་ཤིས་ཤོག །ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་གཏོད་ནས། །སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས། །མཚུངས་མེད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་སྟོན་པ་སངས་རྒྱས་ནས་རྩ་བའི་བླ་མའི་བར་གྱི་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་བྱོན་པའི་རྒྱ་བོད་ཧོར་གྱི་བླ་མ་དམ་པ་རྣམས་ལ་བསྟོད་ཅིང་གསལ་བ་གདབ་ཚུལ་འཛམྦུ་ནཱ་དའི་ཕྲེང་མཛེས་ཞེས་བྱ་བ་འདི་ནི། ཐུབ་དབང་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་སྐུ་ཐང་བཞེངས་ཏེ་རྒྱུད་གྲྭའི་རྟེན་གྲལ་དུ་བཞུགས་སུ་གསོལ་བའི་སྐབས་སུ། རྗེ་ཡབ་སྲས་སོགས་དམ་པ་གོང་མའི་གསུང་བྱིན་རླབས་ཅན་རྣམས་ལ་ཞལ་བསྒྱུར་རེ་གཉིསདང་ཚིགས་བཅད་གཅིག་ཙམ་གསར་བཅུག་དང་བཅས་རིམ་པར་བསྒྲིགས་པའི་སྒོ་ནས། ༸ཤཱཀྱའི་རིང་ལུགས་ཤེས་པར་རློམ་པའི་བྱང་མཐའི་བཙུན་གཟུགས་བློ་བཟང་ངག་དབང་མིང་པས། དཔལ་རི་དགེ་རྒྱས་ཀྱི་མདུན་ཤོད་ཆོས་གྲྭ་བཀྲ་ཤིས་ཆོས་འབྱོར་གླིང་དུ་བྲིས་པ་ཛ་ཡནྟུ། འདིས་ཀྱང་རང་གཞན་ཚེ་རབས་ཀྱི་ཕྲེང་བར་རྟོན་པ་བཞིའི་སྒོ་ནས་ཀུན་མཁྱེན་ཐུབ་པའི་རིང་ལུགས་འཛིན་སྐྱོང་སྤེལ་བའི་རྒྱུན་རྐྱེན་བྱེད་ནུས་པར་གྱུར་ཅིག།   །།

 

[1] སོག་པོ་བློ་བཟང་རྟ་མགྲིན་གྱི་གསུང་འབུམ། པོད། ༼ཀ༽ དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣ན༡ བར།

Leave a Reply

Your email address will not be published. Required fields are marked *