༄༅། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་བཞུགས་སོ།།

༄༅། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་བཞུགས་སོ།།

 

༄༅༅། །མནོས་ནས་སུ། བླ་མ་དེ་ལ་གུས་པར་ཕྱག་འཚལ་ནས། །ཅི་རྙེད་པ་ཡི་ཡོན་མཆོག་ཚུལ་བཞིན་དབུལ། །གཞུང་ལས་འབྱུང་བའི་སྔགས་ནི་བཟླས་པར་བྱ། །རིག་འཛིན་གྱིས་ཀྱང་དེ་ནས་ཕྱག་འཚལ་ཏེ། །ཅི་ནུས་པ་ཡི་མཆོད་པ་སྣ་ཚོགས་བྱོས། །སྤོས་ཆུས་སྦྱར་བའི་མེ་ཏོག་སྣ་ཚོགས་ཀྱིས། །ཚིག་སྦྱིན་དེ་ནས་སྙིང་པོས་བཞེས་སུ་གསོལ། །དེ་ཡི་རྩ་བའི་སྔགས་ནི་འདིར་བཤད་པ། །རབ་ཏུ་གསང་བའི་ཡི་གེ་འབྲུ་དྲུག་སྟེ། །ཝཱ་གྀ་ཤྭ་ར་ཞེས་པའི་ཐོག་མ་ལ། །ཨོཾ་སྟེ་དེ་ཡིས་ཐ་མར་མུ་གཞག་གོ །སྙིང་པོའི་སྔགས་ནི་བཱ་གི་ཤྭ་རར་མེད། །

འཚོགས་མའི་དེ་བཞིན་འདིར་ནི་མུ་མུ་ཡིན། །སྤྱི་གཙུག་དེ་བཞིན་སྔ་མའི་ཨོཾ་མེད་པ། །ཨཾ་ཨཾ་ཡིན་ཏེ་དེ་ཡི་མཐའ་མར་མུ། །གོ་ཆ་འབར་བ་ཨོཾ་ཨོཾ་དེ་ནས་མུ། །སྭཱ་ཧཱ་རྟག་ཏུ་ཐ་མར་ངེས་པར་རོ། །ཨོཾ་ཨི་དེ་ནས་མུ་ནི་རབ་འབར་བ། །མཚོན་ཆ་ཡིན་པར་སྔགས་རིག་པ་ལ་བཤད། །འདི་ནི་དོན་གྲུབ་པ་ཡི་དཀྱིལ་འཁོར་དུ། །དགོད་པའི་ཆོ་ག་སྔོན་མཐོང་བཤད་པའོ། །དེ་ནས་གཞན་ཡང་དངོས་གྲུབ་བསྒྲུབ་པའི་ཕྱིར། །ཆོ་ག་མཆོག་འདི་རབ་ཏུ་བཤད་པར་བྱ། །ཆོ་ག་བཞིན་དུ་ཐོག་མར་སྔགས་མནོས་ནས། །བསོད་ནམས་སྐྱེ་བོས་བཅགས་པ་དགེ་བའི་ཡུལ། །མདངས་དགའ་རི་བོར་འབབ་ཆུའི་ངོགས་དག་ཏུ། །གནས་ནས་དེ་རུ་གཙང་མའི་གནས་བྱས་ཏེ། །ས་ཕྱོགས་དེ་ཡི་ཤར་གྱི་ངོགས་གཅིག་ཏུ། །ཐོགས་མ་བྱེ་མ་ཅན་གྱི་ས་དག་ལ། །གཞི་དང་བཅས་པའི་རིན་ཆེན་སྟེགས་བུ་ནི། །རབ་ཏུ་མཛེས་པ་ཀྲུ་གང་ཙམ་དུ་བྱ། །ཆིག་སྦྱིན་པ་ལ་དེ་རུ་མཆོད་པ་ཡང་། །ཆོ་ག་ཤེས་པའི་སྔགས་པས་རྟག་ཏུ་བྱ། །དེ་ནས་དེར་ནི་ཇི་སྐད་བཤད་པ་ཡིན། །བཟླས་པའམ་མཆོད་པ་ཟིན་མ་ཐག་ཏུ་བྱ། །སྔགས་ཀྱི་ཆོ་བར་ལྡན་པའི་ཁྲུས་དག་བྱ། །བསྒྲུབ་པའི་ཆོ་ག་ཤེས་པས་རྟག་ཏུ་བྱ། །དེ་ལ་ཚིག་སྦྱིན་སྙིང་པོས་དྲུག་པ་རུ། །བྱེ་མ་ཅན་གྱི་ས་དག་བླང་བར་བྱ། །དེ་ནི་མཚོགས་མས་དེ་བཞིན་ཀུན་ཏུ་སྦྱང་། །དེ་ལ་སྔགས་པས་སྤྱི་གཙུག་བཟླས་ནས་སུ། །དེ་ཡིས་ཆོ་གས་དེ་ནས་དེ་ལ། །ཆ་གསུམ་དག་ཏུ་རྣམ་པར་དབྱེ་བར་བྱ། །དེ་ནས་དེའི་ཆ་གཅིག་བླངས་ནས་སུ། །སྔགས་པས་ཕྱོགས་ཀུན་ཏུ་ནི་གཏོར་བར་བྱ། །སྔགས་ཀྱི་བཟླས་པ་ཆ་གཅིག་ཆུ་དེར་གཏོར། །ཆ་གཅིག་གིས་ནི་ལུས་དང་ཡན་ལག་བསྐུ། །ཚིག་སྦྱིན་གྱི་ནི་འབྲུ་དྲུག་གང་གསུངས་པ། །དེ་བརྗོད་ནས་སུ་ཆུ་དེར་འཇུག་པར་བྱ། །སྐལ་བ་བཟང་པོ་རབ་ཏུ་དྲི་ཞིམ་པས། །མདངས་དགའི་ཆུ་ལ་ཚུལ་བཞིན་ཁྲུས་ཀྱང་བྱ། །དེ་ལྟར་སྔགས་པས་ཚུལ་བཞིན་བྱས་པས་ན། །གཙང་ཞིང་ནང་གི་ཡིད་ཀྱང་དག་པ་དེས། །ཐོག་མར་བདག་ལ་ཇི་སྐད་བཤད་པ་བཞིན། །སྔགས་རྣམས་ཀྱིས་ནི་རྣམ་པར་དགོད་བྱ་བ། །ལུས་ལ་ཡན་ལག་དགོས་པའི་རིམ་པས་སོ། །དེ་ལྟར་ལུས་ནི་རུང་བར་བྱས་ནས་སུ། །འཇམ་མགོན་ཚིག་སྦྱིན་དེ་ནི་བདག་ཡིན་ཞེས། །མགོན་པོ་ཡིན་པར་དེ་ལྟར་བྱས་ནས་ནི། །སྔོན་དུ་བསྙེན་པ་ཟླ་གསུམ་བྱས་པ་ཡིས། །དེ་འདིར་ཚིག་གི་དབང་པོ་གྲུབ་པར་འགྱུར། །ཡང་དག་བཀོད་པ་དང་པོར་བྱུང་ན་ནི། །འཇམ་དཔལ་གཞོན་ནུའི་ཐམས་ཅད་རིག་པ་འཐོབ། །དེ་ཡི་སྙིང་པོའི་སྔགས་ནི་རབ་འབར་བ། །སྔགས་པས་བདག་གི་སྙིང་ཁར་བཞག་ནས་སུ། །དེ་ནས་མཚོགས་མའི་སྔགས་ཀྱང་མཚོགས་མ་སྟེ། །བདག་བློས་སྤྱི་གཙུག་དེ་བཞིན་སྤྱི་གཙུག་ཏུ། །ཚིག་སྦྱིན་གོ་ཆ་མཆོག་ནི་ལུས་ལ་སྟེ། །ལག་པ་གཉིས་དང་ཚིག་ཏུ་མཚོན་ཆའི་སྔག །ཆོ་ག་བཞིན་དུ་དེ་ལྟར་ལུས་བྱས་ནས། །དེ་ནི་ཚིག་གི་དབང་པོར་འདིར་འགྱུར་རོ། །དེ་ནི་ཡིད་ཀྱིས་རྩ་བའི་སྔགས་ཟློས་ཤིང་། །སྔགས་མཁན་བདག་གི་གནས་སུ་འགྲོ་བར་བྱ། །སོང་ནས་དེ་བཞིན་སྟེགས་བུ་དང་བཅས་པར། །ཡིད་ཀྱིས་མཚོན་བྱའི་སྔགས་ཀྱིས་བརྩལ་བར་བྱ། །ཡང་ན་ཡུངས་ཀར་རམ་ནི་མེ་ཏོག་གི། །ཐལ་མོ་ལན་གསུམ་བརྡབས་པས་ཁོར་ཡུག་ཏུ། །ཕྱོགས་མཚམས་དག་ནི་རྣམ་པ་བསལ་བྱས་ནས། །བློ་ལྡན་བསྟན་གཅིག་འདུགཔས་ནན་ཏན་དུ། །མཆོད་པ་ཇི་སྐད་བཤད་པ་ལེགས་པར་བྱ། །མཆོད་པ་བྱས་ནས་མདུན་དུ་དེ་འདུག་སྟེ། །སྔགས་ཀྱི་ནོར་བུ་མཚོན་ཆས་བླངས་པ་ནི། །གཙང་ཞིང་དགེ་བས་ཚུལ་བཞིན་བཟླས་པར་བྱ། །དེ་ནི་ཡིད་ལ་ཡི་གེ་གཅིག་པུ་སེམས། །སྒྲ་ལ་སོགས་པ་ཕྱི་རོལ་ཡུལ་དང་བྲལ། །སྐྱོན་མེད་སེམས་ཀྱིས་ཆོ་ག་བཞིན་དུ་བྱ། །དེ་བཞིན་གྲངས་ཀྱང་ཡིད་ལ་བཟུང་ནས་སུ། །དེ་ཡང་དེ་ལ་ཡིད་ཀྱིས་དབུལ་བར་བྱ། །དེ་ནས་བཟླས་པས་སྐྱོ་བར་གྱུར་ན་ཡང་། །མཆོད་རྟེན་དག་ལ་སོགས་པའི་ལས་གསུངས་པ། །དེ་བཞིནགཤེགས་པའི་ལས་རྣམས་དེ་ནས་བྱ། །མཆོད་རྟེན་ཟིན་པའི་ཏུའང་མཆོད་པ་དག །སྡིག་པ་བྱང་བ་མཐོང་བའི་ཕྱིར་བྱའོ། །དེ་ལྟར་གང་གི་ཡི་གེ་བཞིན། །འབུམ་གྲངས་བཟླས་བྱས་དེ་ཡིས་དེ་ནས་སུ། །རང་གི་སྤྱད་ལས་དངོས་གྲུབ་གང་བསྟན་པ། །མདུན་ན་འདུག་སྟེ་ཐོས་པས་འཛིན་པའང་མཐོང་། །སྔོན་དུ་བསྙེན་པ་ཆིག་འབུམ་སྔར་བྱས་པས། །ནང་པར་ཆུ་ལ་བདུན་གསུམ་བཟླས་བཏུངས་ན། །དེ་ནི་ཟླ་བ་གཅིག་གིས་གླེན་པ་ཡང་། །གདོན་མི་ཟ་བར་ལན་གཅིག་སྨྲས་པས་ཟིན། །རང་བཟོ་སྣ་ཚོགས་དག་ཀྱང་ལེགས་པར་བྱེད། །གཙུག་ལག་དོན་འབྲེལ་དཀའ་བ་དག་ཀྱང་ཤེས། །སྒྲ་ཡི་གཙུག་ལག་ལ་སོགས་མི་ཤེས་ཀྱང་། །རྒོལ་བ་དག་ལས་སྐད་ཅིག་ལ་ཡང་རྒྱལ། །ཨོཾ་ཨཾ་ཨི་ཨུཾ་ཅིག་ཆར་ཕྱོགས་རྣམས་སུ། །དེ་ནས་བཱ་གི་ཤྭ་རས་མཚམས་རྣམས་སུ། །རང་གི་ས་བོན་མུ་ནི་དཀྱིལ་དུ་གཞག །འབར་བ་དེ་ནི་མི་ཤེས་མེད་པར་བྱེད། །འཁོར་ལོ་དེ་ནི་རྩིབས་བརྒྱད་པར་བཤད་དེ། །ཟླ་ལྟར་དཀར་བ་སྙིང་ཁར་བསམས་པ་ནི། །ཤེས་རབ་རྣོར་འགྱུར་ས་བོན་དེ་དགུ་སྟེ། །ཟླ་འོད་གསལ་བའི་འོད་ཟེར་དང་བཅས་པའོ། །འཁོར་ལོ་བཅུ་དྲུག་རྩིབས་ཀྱང་ཞི་བ་སྟེ། །ས་བོན་དེ་དག་ཉིད་ཀྱིས་གསལ་བར་བྱས། །དཀྱིལ་དུ་ཨོཾ་དང་རབཏུ་འབར་བའི་མུ། །མི་ཤེས་ཉེས་པ་སེལ་ཕྱིར་འབར་བ་སྟེ། །ཀ་ལ་སོགས་པའི་འོད་ཟེར་རྣམས་དང་ལྡན། །སྙིང་ཁར་བཞག་པ་ལེགས་པར་གང་ཤེས་པ། །སྔགས་པས་ཟླ་བ་གཅིག་གིས་མ་ལུས་ཤེས། །ཇི་སྐད་ཐོས་པའང་ལན་གཅིག་དག་གིས་འཛིན། །ནམ་མཁའ་དེ་བཞིན་རྩིབས་ནི་མེད་པར་བཤད། །འཁོར་ལོ་དེ་ཡང་འདིར་ནི་ཨོཾ་གཞག་སྟེ། །དེ་ལ་སྣ་བྱེད་ས་བོན་གཅིག་བཞག་པ། །མི་ཤེས་མེད་ཕྱིར་རབ་ཏུ་འབར་བའི་མུ། །འཁོར་ལོ་འདི་ནི་སྙིང་ཁར་ལེགས་བསམས་ན། །ཟླ་བ་གཅིག་གིས་ཐོས་པ་འཛིན་པར་བཤད། །རབ་ཏུ་མྱུར་བའི་ཚིག་ཀྱང་ཐམས་ཅད་དུ། །དེནས་སྔགས་པ་དེས་ནི་རིག་པར་འགྱུར། །འཁོར་ལོ་དཀྱིལ་བཟངས་སྙིང་ཁར་བཞག་པ་ནི། །ཤེལ་སྒོང་བཞིན་དུ་རབ་དཀར་བཅུ་དྲུག་རྩིབས། །རང་གི་ས་བོན་ཟླ་འོད་འདྲ་དང་བཅས། །དཀྱིལ་དུ་ཨོཾ་བཞག་མུ་རན་གཉིས་སུ་ཕྱེད། །ས་བོན་མ་ལུས་འབར་བས་མུ་རན་བརྒྱན། །འོད་འཕྲོས་རབ་ཏུ་འབར་བྱུང་ཉི་མ་འདྲ། །དྲི་མེད་ཤེལ་གོང་འདྲ་བའི་ཨོཾ་དཀྱིལ་གྱི། །དབུས་སུ་མུ་མུ་རབ་ཏུ་འབར་བ་གཞག །མི་ཤེས་མུན་པ་བསལ་ཕྱིར་འདི་བཤད་དེ། །མུན་པའི་ནང་ན་འདི་ནི་མདུན་ན་འབར། །སྒོམ་པའི་ཚེ་ན་ལུས་ལ་རབ་བལྟས་ན། །ཐམས་ཅད་ཤེས་པར་འགྱུར་བར་གདོན་མི་ཟ། །དེ་ནས་འཁོར་ལོ་མུ་རན་ལེགས་ཕྱེ་བ། །ཡི་གེ་གཅིག་པའི་ས་བོན་གཅིག་བཞགཔའོ། །སྙིང་པོར་བཅས་པའི་ཕྱི་རོལ་མཚོན་ཆར་ལྡན། །མཚོན་ཆས་རྩིབས་རྣམས་རབ་ཏུ་གསལ་བར་བྱས། །དཀྱིལ་སུ་བཞག་པའི་ས་བོན་སྔོན་བཤད་པ། །རིན་ཆེན་རྩེ་མོ་མེ་ལྟར་ཤིན་ཏུ་འབར། །རབ་ཏུ་འཕྲོ་བ་འོད་ཟེར་མང་པོ་འཕྲོ། །ཐུབ་པས་བསྒོམས་ན་ངེས་པར་མ་ལུས་ཤེས། །བསམ་གཏན་དང་ལྡན་ཚིག་ནི་རབ་ཏུ་གསལ། །དེ་ཡི་ལུས་ཀྱང་རབ་ཏུ་གསལ་བར་འགྱུར། །ཁམས་གསུམ་དག་གི་དོན་རྣམས་མ་ལུས་པ། །རིང་ན་གནས་པ་དེས་ནི་ཅི་བཞིན་ཤེས། །དེ་བཞིན་དཔྱད་ལ་འབྲས་བུ་ཁྱད་པར་ཅན། །བསྟན་པ་རྣམས་ཀྱང་མཁས་པས་འདིར་བཤད་པ། །བརྟུལ་ཞུགས་དམ་པ་ཇི་སྐད་བཤད་པ་ནི། །གཞོན་ནུ་བརྟུལ་ཞུགས་འདི་རུ་གདོན་མི་ཟ། །གཞོན་ནུའི་བརྟུལ་ཞུགས་འདིར་ནི་གཙོར་བཤད་དེ། །དངོས་གྲུབ་ཐོབ་ཕྱིར་ཟླ་བ་གཅིག་ཏུའོ། །བྱིས་པའི་ཟུར་ཕུད་མཛེས་པ་གསུམ་དག་དང་། །མགུལ་གྱི་རྒྱན་ཡང་གསེར་མཆོག་དག་གིས་བརྒྱན། །ལུས་ཀྱི་ཡན་ལག་ངོ་མཚར་མཛེས་པར་བྱས། །དཔྲལ་བར་མཛེས་པར་བྱས། །དཔྲལ་བར་མཛེས་པའི་འཚལ་རིས་གཅིག་ཀྱང་བྲི། །རྒྱན་དུ་འོས་པའི་གདུབུ་བཟང་པོས་བརྒྱན། །གོས་ཀྱང་ཁྲ་བོའམཡང་ན་དཀར་པོ་གཅིག །བརྟུལ་ཞུགས་འདི་ནི་ཚངས་པ་མཆོག་སྤྱད་བཤད། །ཟས་སུ་ཞོ་འམ་འབྲུ་མར་ཚིགས་མ་བཟའ། །བྱིས་པའི་རྒྱན་གྱིས་ཤིན་ཏུ་མཛེས་པར་བརྒྱན། །ཐོག་མར་བསྲུང་བ་ཚུལ་བཞིན་བྱས་ནས་སུ། །བུ་དོན་གཞོན་ནུའི་གཟུགས་ཀྱི་སྤྱན་སྔ་རུ། །བརྟུལ་ཞུགས་སྤྱད་ཅིང་བཟླས་པའང་དེར་བྱའོ། །སྔགས་པས་བུ་དོན་དེ་ལ་མཆོད་པ་ཡང་། །གྲུབ་པ་ཐོབ་ཕྱིར་འདིར་ནི་རྟག་ཏུ་བྱ། །དེ་བས་བུ་དོན་བརྟུལ་ཞུགས་སྔོན་རོལ་ཏུ། །བཟོ་བོ་མཁས་པས་ལེགས་པར་བྲི་བ་ནི། །རས་ཀྱང་ཁྲུ་གང་ཚད་དུ་བྱས་པ་སྟེ། །གསར་ལ་ཁ་ཚར་དང་ཡང་རབ་ཏུ་བཤད། །ཁ་དོག་གསལ་བའི་མཚོན་བཟངས་སྦྱིན་མེད་པས། །གཞོན་ནུའི་སྐུ་གཟུགས་ཇི་སྐད་བཤད་པ་བཞིན། །དཀར་ཤམ་པོ་ལ་ཤ་ཚུགས་ལེགས་བྱས་ནས། །པདྨའི་གདན་ལ་བདེ་བར་བཞུགས་པར་བྱ། །ཞལ་བཟངས་གཞོན་ནུའི་གཟུགས་ལས་ལྡེམ་བག་ཅན། །ཡན་ལག་ཡོངས་རྫོགས་སྐུ་ནི་མཆོག་ཏུ་མཛེས། །མཛེས་པའི་ཨུད་པལ་གཡོན་པའི་ཕྱག་ན་བསྣམས། །དེ་ཡིས་ཕྱག་གཡས་མཆོག་ནི་སྦྱིན་པར་མཛད། །རིགས་འཛིན་མང་པོ་རྣམས་ཀྱང་མཆོད་པ་བྱེད། །སྐུ་གཟུགས་དེ་ཡང་རི་ཡི་ཕུག་ན་གནས། །ཆོ་ག་བཞིན་དུ་ལེགས་པར་བྲིས་ནས་སུ། །ཇི་སྐད་བཤད་པའི་མཆོད་པ་རབ་ཏུ་བཤད། །འདིར་ནི་མཆོད་པའི་ཡི་གེ་འབྲུ་དྲུག་གིས། །སྙིང་པོས་སྤྱན་དྲངས་གདན་ལ་བཞུགས་སུ་གསོལ། །དེ་བཞིན་པད་མོའི་ཕྱག་རྒྱས་བྱ་བ་ནི། །དེ་ལ་ཡོན་ཆབ་དག་ནི་དབུལ་བ་དང་། །སྤྱན་དྲངས་པ་དང་གདན་ལ་བཞུགས་པ་དང་། །གཤེགས་སུ་གསོལ་བའང་སྙིང་པོར་བཅས་པས་སོ། །པདྨོའི་ཕྱག་རྒྱ་ཚུལ་བཞིན་བཅིངས་ནས་སུ། །ལས་རྣམས་བཤད་པ་གཞན་ཡང་ལེགས་པར་བྱ། །དེ་ལྟར་བརྟུལ་ཞུགས་སྤྱད་ཅིང་སྔགས་སྒྲུབས་པས། །དེ་ནས་སྔོན་དུ་བསྙེན་སོགས་བྱས། །རལ་གྲི་ལ་སོགས་ཇི་སྐད་བཤད་ཀུན་གྱི། །འབྱོར་པ་མཆོག་གི་ལམ་རྣམས་བསྒྲུབ་པར་བྱ། །བརྟུལ་ཞུགས་ཆོ་ག་ཇི་སྐད་གསུངས་པའི་རྣམས། །མ་ལུས་པར་ནི་བཤད་པ་འདི་ཡིན་ནོ། །དེ་ནས་གཞན་ཡང་འཇམ་དཔལ་གཞོན་ནུ་ཡི། །དཔྱད་ལས་བྱུང་བའི་དཔྱད་ནི་བཤད་པར་བྱ། །དཀར་མོ་མ་ཡིན་པ་ལས་བྱུང་བ་ཡི། །བ་ཡི་འོོ་མ་ཚན་མོའི་བསྒྲུབ་པ་ནི། །ཟླ་བ་གཟས་ཟིན་པ་ལ་འོ་མ་དེ། །ཞོར་གྱུར་ན་ནི་འགྲུབ་པའི་མཚན་མ་ཡིན། །དེ་ཚེ་འཐུངས་ན་འདོད་པའི་གཟུགས་འགྱུར་བ། །ཀུན་ཏུ་གཞོན་ནུའི་གཟུགས་དང་ལྡན་པར་འགྱུར། །དེ་མ་ཐག་ཏུ་ནམ་མཁའ་ལ་ཡང་འགྲོ། །དངོས་གྲུབ་ཅན་དེ་གྲུབ་པ་རྣམས་ཀྱིས་བསྐོར། །སེར་སྐྱ་ལས་བྱུང་མར་ཡང་དེ་བཞིན་དུ། །དངུལ་གྱི་སྣོད་དུ་དེ་ནི་བཞག་ནས་སུ། །ཟླ་བ་གཟས་ཟིན་ཚེ་ནི་ལག་པས་དགབ། །རྩེ་གཅིག་ཡིད་ཀྱིས་ཚུལ་བཞིན་བསྒྲུབ་པ་ནི། །མར་དེ་ཚར་གྱུར་དབུ་བ་བྱུང་གི་བར། །དེ་ནས་མར་དེ་མྱུར་དུ་འཐུངས་ནས་ནི། །ཐམས་ཅད་ཤེས་འགྱུར་འདིར་ནི་གདོན་མི་ཟ། །སྟོབས་ཀྱང་ཆེ་བ་རླུང་དང་མཉམ་པར་འགྱུར། །སྔགས་པ་དེ་ཉིེད་ཚེ་རིང་འགྱུར་བ་ནི། །ལྷ་ཡི་ལོ་སྟོང་བར་དུ་ཐུབ་པར་འགྱུར། །ལྷ་ཡི་བྱད་གཟུགས་ལྷ་ཡི་དབྱངས་དང་ལྡན། །གྲུབ་པ་དེ་ནི་སྐྲ་གནག་ནད་ཀྱང་མེད། །འོ་ཐུག་དམ་པས་ལྷུང་བཟེད་བཀང་ནས་སུ། །མར་གྱིས་བླུགས་ལ་ཤ་ཁ་ར་དང་སྦྱར། །ཟླ་བ་གཟས་ཟིན་ནུབ་མོ་ལག་པས་དགབ། །རབ་ཏུ་བསྒྲུབས་ན་གྲུབ་པའི་མཚན་འབྱུང་བ། །ལྷུང་བཟེད་འོ་ཐུག་གིས་སུ་བཀང་བ་སྟེ། །ལག་པས་མནན་ཀྱང་རབ་ཏུ་གཡོ་བར་འགྱུར། །དེ་ནས་ལྷུང་བཟེད་འོ་ཐུག་དེ་འཐུངས་ན། །ནམ་མཁར་འགྲོ་བ་རིག་འཛིན་རབ་ཏུ་གཡོ། །དེ་འཐུངས་ན་ནི་དངོས་གྲུབ་མ་ཐོབ་ཀྱང་། །ཚེ་ཟད་པ་ཡང་ནད་མེད་ལོ་བརྒྱ་ཐུབ། །གཙུག་ལག་དོན་རྣམས་རང་གིས་འགྲེལ་ནུས་པ། །གང་ཞིག་གླེན་པའང་འདིར་ནི་གདོན་མི་ཟ། །རལ་གྲི་དེ་བཞིན་ཨུཏྤལ་ལོ་མ་འདྲ། །ཚད་དང་ལྡན་པ་ཡིད་དུ་འོང་བ་ལ། །ཐོག་མར་བསྲུངས་ནས་བསྒྲུབ་པར་བྱ་བ་ནི། །ལག་པ་གཡས་པས་ལེགས་པར་བཟུང་ནས་སུ། །ཟླ་བ་གཟས་ཟིན་ཚེ་ནི་རལ་གྲི་དེ། །འབར་ཞིང་རབ་ཏུ་གཡོ་བའི་བར་དུ་བསྒྲུབ། །དེ་ནས་ཀུན་ཏུ་འབར་བའི་རལ་གྲི་དེས། །རིག་འཛིན་འགྱུར་བ་གཡོ་ཞིང་ནམ་མཁའ་འགྲོ། །རིག་འཛིན་རྣམས་ཀྱི་ཐོག་མར་འགྲོ་བ་སྟེ། །རལ་གྲི་གྲུབ་པས་དེ་ནི་སྟོབས་ཀྱང་ཆེ། །གཟུགས་མཆོག་འགྱུར་བ་གསེར་གྱི་གཙོ་མ་འདྲ། །སྐྲ་ཡང་རབ་ཏུ་འཁྱིལ་པ་ལྕང་ལོ་བཞིན། །ལྡོང་རོས་དག་ཀྱང་དེ་བཞིན་མེ་མདག་འདྲ། །མར་དང་དེ་བཞིནལོ་མ་ལས་བཏགས་ནས། །ཟླ་བ་གཟས་ཟིན་ཚེ་ན་སྔར་བསྲུངས་ལ། །དངུལ་གྱི་སྣོད་དུ་བཞག་སྟེ་བསྒྲུབ་པར་བྱ། །ལྡོང་རོས་དེ་ལས་ནམ་ཞིག་གྲུབ་པ་ན། །རྣམ་པ་གསུམ་དུ་འགྱུར་བར་མཁས་པས་བཤད། །ཚེ་བར་འགྱུར་ཞིང་དེ་ནས་དུ་བ་འབྱུང་། །ཡང་ན་དེ་བཞིན་རབ་ཏུ་འབར་བར་འགྱུར། །ཚ་བར་གྱུར་པ་ཉིད་ཀྱིས་རྐང་མགྱོགས་པར། །གདོན་མི་ཟ་བར་དེ་མ་ཐག་ཏུ་འགྱུར། །དུ་བ་བྱུང་ན་དེ་ཡི་རྗེས་ཉིད་དུ། །བར་ཆད་མེད་པར་མི་སྣང་འགྲུབ་པར་འགྱུར། །འབར་བ་བྱུང་ན་དེ་ནས་ཡང་དག་པར། །ནམ་མཁའ་དག་ལ་མྱུར་དུ་འགྲོ་བར་འགྱུར། །རྐང་པ་དག་དང་ལུས་བསྐུས་ཐིག་ལེ་སྟེ། །རིམ་པ་བཞིན་དུ་དངོས་གྲུབ་སྦྱར་བར་བཤད། །ཤུ་དག་དཀར་པོའམ་དེ་བཞིན་གངས་ཅན་གྱི། །ཟླ་བ་གཟས་ཟིན་ནུབ་མོ་བསྒྲུབ་པ་ནི། །སྔགས་པའི་ཁ་ན་འདུག་པ་གཡ་བར་བྱེད། །ཟོས་ན་དེས་ནི་ཐམས་ཅད་རིག་པ་འཐོབ། །ཤེས་རབ་རྣོ་འགྱུར་སྨན་གག་གནས་པ་དང་། །གཞན་དཔྱད་བཤད་པ་ཡོན་ཏན་མང་པོ་རྣམས། །དེ་དག་སྨན་གྱི་དཔྱད་ལས་འབྱུང་བ་ཡི། །ཆོ་ག་བཞིན་དུབསྒྲུབས་ནས་སྦྱར་བར་བྱ། །དཔྱད་འདི་དག་གིས་ཕྱིན་ཅི་མ་ལོག་པར། །མདོར་བསྡུས་ནས་ནི་འདི་རུ་བཤད་པ་ཡིན་། །དཔྱད་གཞན་དག་གིས་དངོས་གྲུབ་ཆོ་ག་རྣམས། །བལྟས་ནས་དེ་བཞིན་འདིར་ནི་བསྒྲུབ་པར་བྱ། །ཤག་ཏི་ཏྲི་ཤུལ་ལྕགས་ཀྱུ་འཁོར་ལོ་དང་། །རྡོ་རྗེ་རྨ་བྱ་དེ་ཡི་མཇུག་མ་རྣམས། །རལ་གྲི་སྒྲུབ་པའི་ཆོ་ག་བཤད་པ་བཞིན། །བསྒྲུབས་ན་ཇི་སྐད་བཤད་པའི་དངོས་གྲུབ་འཐོབ། །ཕྱི་མ་མིག་སྨན་རྩ་བའི་དངོས་གྲུབ་རྣམས། །གཞན་ཡང་འཇིག་རྟེན་པ་ཡིས་བཤད་པ་བཞིན། །སྔགས་རིག་པས་ནི་དེ་བཞིན་བསྒྲུབ་པར་བྱ། །སྔགས་མཁན་གཙང་སྦྲ་ཆེ་བ་རྟག་འབད་པས། །ཉ་མའི་རྩེ་ལ་ལན་བརྒྱ་བཟླས་པ་ཡི། །ཆུ་འཐུངས་ན་ནི་བསྙེན་པ་མ་བྱས་ཀྱང་། །ལོ་གཅིག་གིས་ནི་ཚིག་ལ་དབང་དུ་འགྱུར། །གཙུག་ལག་དོན་རྣམས་མ་ལུས་ཤེས་པར་འགྱུར། །འདུས་བྱས་རང་བཞིན་ཟུང་དུ་མ་འདྲེས་པ། །ལན་གཅིག་ཐོས་ནས་འདི་ནི་ཆུད་མི་ཟ། །དེ་ནི་ཐོག་མར་ཡིས་ཆེས་ཕྱིར་བཤད་དོ། །འདི་ནི་ཆོ་ག་བསྡུས་ནས་བཤད་པ་སྟེ། །འཇམ་དཔལ་གཞོན་ནུའི་རབ་ཏུ་གསང་བ་ཡི། །དཔྱད་འདི་ཚིག་བཅད་བརྒྱ་ཡི་གྲངས་བྱས་པ། །གྲུབ་པ་འཕགས་པའི་ལྷས་ནི་འདི་བྱས་སོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་རྫོགས་སོ།། །།[1]

[1] བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་པ། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས། ༢༧༥-༢༨༣ བར།

Leave a Reply

Your email address will not be published. Required fields are marked *