༄༅། །དྲང་ངེས་འཇུག་ངོགས་ཀྱི་མཆོད་བརྗོད།

༄༅། །དྲང་ངེས་འཇུག་ངོགས་ཀྱི་མཆོད་བརྗོད།[1]

༼རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པ།༽

དྲེགས་པའི་གཙུག་གི་མེ་ཏོག་མདངས་ལྡན་པ། །ཞབས་མཐིལ་ག་བུར་འཛུམ་པའི་དྲ་བ་ལ། །བཏུད་པས་ཟབ་དོན་སྦྲང་རྩིའི་འབྱུང་གནས་སུ། །སྒྲུབ་མཁས་ཐུབ་དབང་ལྷ་མིའི་མཆོད་སྡོང་རྒྱལ། །ཆེ་བའི་བློ་ཅན་གང་གིས་མཁྱེན་རབ་མཐའ། །མི་རྙེད་ཀུན་བཟང་སྤྱོད་པའི་འོད་སྟོང་ཅན། །ལམ་འདི་ཇི་བཞིན་རྟོགས་ནས་འདོམས་པ་ལ། །ཟླ་བྲལ་དཔལ་ལྡན་བླ་མས་དུས་ཀུན་སྐྱོངས། །ཤེས་བྱའི་དཀྱིལ་འཁོར་ཨུཏྤལ་སྔོ་བའི་མདངས། །

རྣམ་འབྱེད་མེ་ལོང་དྭངས་པའི་གདོང་པ་ལ། །རྒྱན་དུ་འཆར་བའི་དངོས་གྲུབ་སྩོལ་བའི་ལྷ། །འཇམ་དཔལ་སངས་རྒྱས་ཀུན་གྱི་བླ་མར་གུས། །རྒྱ་ཆེན་སྤྱོད་པའི་གཏམ་གྱི་ཀུ་མུ་ད། །ཐུགས་བསྐྱེད་ཟུར་ཕུད་ངོས་ལ་རབ་རྩེན་པས། །ཀུན་མཁྱེན་ཤཱཀྱ་སེང་གེའི་ཆོས་ཀྱི་ཁྲིར། །དབང་བསྒྱུར་མི་ཕམ་བླ་མའི་ཞབས་ལ་འདུད། །དཔལ་སྟུག་ལམ་བཟང་ཡོངས་ཀྱི་རྩེར་སོན་པ། །ཟབ་མོའི་རྟེན་འབྱུང་རིག་པའི་རྒྱལ་རྔ་ཡིས། །མཐར་འཛིན་གདུག་པའི་འཁྲུལ་འཁོར་འཇིག་བྱེད་པ། །ཀླུ་སྒྲུབ་སངས་རྒྱས་གཉིས་པ་རྒྱལ་གྱུར་ཅིག །དགའ་ལྡན་ཞིང་གི་མེ་ཏོག་མ་རྙིངས་པ། །རང་གི་གཙུག་ཏོར་རྩེ་ལ་མངོན་དྲངས་པས། །སྔོན་མེད་ལེགས་བཤད་གཏམ་གྱི་མཆོད་སྦྱིན་མཁན། །རྣམ་རིག་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་མཆོད། །ཀླུ་སྒྲུབ་སྲོལ་ལ་དབང་བསྒྱུར་འཕགས་པ་ལྷ། །དཔལ་ལྡན་དཔའ་བོ་གྲུབ་བརྙེས་སངས་རྒྱས་བསྐྱངས། །ལེགས་ལྡན་ཞི་བ་འཚོ་སོགས་མུ་ཏིག་གི །དོ་ཤལ་ས་ལ་གྲོལ་བའི་མཆེད་པོར་དད། །ཁྱད་པར་མཐའ་བྲལ་གནས་ལུགས་འཁྲུལ་མེད་དུ། །འཚོལ་བའི་སྐལ་པ་བཟང་པོར་བཀའ་དྲིན་གྱི། །ཅོད་པན་རིན་ཐང་མེད་པའི་ཁུར་སྦྱིན་པ། །ཟླ་གྲགས་སྲིད་པའི་གདུང་སེལ་གཙུག་ཏུ་བཀུར། །ཐོགས་མེད་ལམ་སྲོལ་ཨུ་དུམྦ་རའི་འཛུམ། །སྐྱོང་མཁས་དབྱིག་གཉེན་བློ་གྲོས་བརྟན་པའི་ཞབས། །ཕྱོགས་གླང་ཆོས་གྲགས་ལ་སོགས་འཕགས་ཡུལ་ན། །རིགས་པ་སྐྱོང་བའི་པཎ་ཆེན་རིམ་བྱོན་བསྔགས། །ཞེས་བྱུང་བའང་སྐབས་འདིར་ཁ་སྐོང་དུ་བཀོད་པ་ལགས་སོ།།  །།

 

[1] དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༦

Leave a Reply

Your email address will not be published. Required fields are marked *