༄༅། །དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

 

༄༅། །དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།[1]

༼མཛད་པ་པོ། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོ།༽

 

ཀླུ་སྒྲུབ་དགོངས་པ་ཀུན་གསལ་ཡངས་པའི་ངོས། །སངས་རྒྱས་བསྐྱངས་ཀྱི་རྟ་བདུན་བདག་པོ་ཤར། །དེ་ཡི་མཆེད་ཟླར་སྙན་པའི་བ་དན་གཡོ། །གྲགས་པའི་མུ་ཁྱུད་ཞབས་ལ་གསོལ་བ་འདེབས། །གསུང་རབ་འོ་མའི་མཚོ་ཆེན་བསྲུབས་པ་ལས། །གནས་གསུམ་གཞལ་བྱའི་རི་དྭགས་མཚན་མས་སྤྲས། །བློ་གསལ་ཀུན་དའི་སྐྱེད་ཚལ་རྒོད་པའི་གཉེན། །དྲི་མེད་ཆུ་ཤེལ་དབང་པོར་གསོལ་བ་འདེབས། །

བློ་གྲོས་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས། །མདོ་རྒྱུད་གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་མུན་པ་སེལ་བའི་འོད་དཀར་ཅན། །དཔལ་ལྡན་ཟླ་བའི་ཞབས་ལ་གསོལ་བ་འདེབས། །འཇམ་དཔའི་དབྱངས་ཀྱིས་འཇམ་མགོན་བླ་མ་ལ། །སྟེང་ཕྱོགས་འཇིག་རྟེན་དེ་བཞིན་གཤེགས་དྲུང་ནས། །རྣམ་དཔྱོད་སྙིང་སྟོབས་ཕུལ་བྱུང་སེམས་དཔའ་ཞིག །ཀླུ་སྒྲུབ་ལུགས་བཟང་སྙིང་པོ་སྤེལ་ཕྱིར་བྱོན། །སྔགས་དང་མཚན་ཉིད་གང་གི་སྐབས་སུ་ཡང་། །འཁྲུལ་བ་ཕྲ་མོ་ཙམ་ཡང་མེད་པས་ན། །ཀུན་ཏུ་ཡིད་ཆེས་གནས་སུ་གཟུང་དགོས་ཞེས། །དངོས་སུ་ཞལ་འདོམས་མཛད་ལ་གསོལ་བ་འདེབས། །རྒྱ་གར་ལྷོ་ཕྱོགས་ས་མ་ན་ཞེས་ཡུལ། །བྲམ་ཟེ་ཕོ་མོར་བུ་སྡུག་མཚན་ལྡན་བྱུང་། །མཚན་མཁན་བརྟགས་བྱས་རྒྱལ་བའི་བསྟན་ལ་ཞུགས། །བསྟན་འཛིན་ཆེན་པོར་འགྱུར་ཞེས་ལུང་བསྟན་མཛད། །ཡབ་ཡུམ་ལ་གསོལ་ནཱ་ལེནྟྲ་ར་རུ། །མཁན་པོ་ཟླ་བ་མགོན་པོའི་ཞབས་དྲུང་ནས། །རབ་ཏུ་བྱུང་ཞིང་བསྙེན་རྫོགས་སྡོམ་པ་བཞེས། །ཟླ་གྲགས་མཚན་གསར་གསོལ་ལ་གསོལ་བ་འདེབས། །དེ་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར། །སྦྱངས་པས་གནད་དོན་མི་འཇིགས་སྤོབས་པ་རྙེད། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །བླ་མེད་མཁས་པར་གྱུར་ལ་གསོལ་བ་འདེབས། །ཀླུ་སྒྲུབ་ཞབས་རྡུལ་སྤྱི་བོའི་རྒྱན་དུ་བཀོད། །མདོ་རྒྱུད་མན་ངག་ཡོངས་རྫོགས་གསན་བཞེས་མཛད། །སྒྲུབ་ལ་རྩེ་གཅིག་ཉིན་མཚན་འཁོར་མོར་གཞོལ། །བྱ་བཏང་འབའ་ཞིག་མཛད་ལ་གསོལ་བ་འདེབས། །གཞན་གྱིས་མ་རངས་ཐོས་བསམ་དགེ་འདུན་ལས། །གང་ཡང་མི་བྱེད་ཟོས་ཀྱིན་ཉལ་བསྡད་པས། །གནས་དབྱུང་བྱ་ཞེས་མི་རིགས་སྨྲས་ན་ཡང་། །མཁན་པོས་བཤོལ་བར་མཛད་ལ་གསོལ་བ་འདེབས། །མཁན་པོའི་བཀའ་ཡིས་དགེ་འདུན་མཛོད་གཉེར་མཛད། །མ་ཧེ་གླང་སོགས་ནགས་ལ་ཡན་དུ་བཏང་། །རི་མོའི་བ་བཞོས་མང་པོའི་འཚོ་བ་བསྒྲུབས། །ཀུན་གྱིས་ངོ་མཚར་གྱུར་ལ་གསོལ་བ་འདེབས། །ཏུ་རུཥྐ་ཡི་དམག་འཁྲུགས་བྱུང་བའི་ཚེ། །རྡོ་ཡི་སེང་མགོར་བེར་ཀ་ཐེངས་གསུམ་བརྒྱབ། །གཡུ་རལ་ལན་གསུམ་སྤྲུགས་པས་དམག་ཚོགས་བཟློག །རྨ་མེད་རང་སར་ཞི་ལ་གསོལ་བ་འདེབས། །ནགས་ལ་སྒོམ་གྱིན་བཞུགས་ཚེ་ནགས་མེ་ཤོར། །མི་རྣམས་བལྟར་ཕྱིན་ཤིང་གི་ལྷ་མོ་ཡིས། །སྙིང་རྗེ་ཅན་ལ་འབྱུང་བས་མི་གནོད་ཟེར། །རྩྭའི་སྤྱིལ་འདོམ་གང་ཁོར་ཡུག་མ་ཚིག་མཐོང་། །ཞལ་ནས་ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། །སྐྱེ་མེད་མེ་ཡིས་དངོས་པོའི་བུད་ཤིང་བསྲེགས། །ངས་ཀྱང་བསྲེགས་པས་དངོས་པོའི་མེ་ཡིས་ནི། །ག་ལ་ཚུགས་ཞེས་སྩལ་ལ་གསོལ་བ་འདེབས། །མུ་སྟེགས་ཀུ་མ་རི་ཀར་བརྒྱ་བྱིན་དངོས། །སུམ་ཅུ་རྩ་གསུམ་ན་ཡོད་སྤྲུལ་པ་གཅིག །དགའ་ལྡན་བྱམས་པར་ཆོས་ཉན་འདུག་གོ་གསུངས། །ཐོགས་མེད་མངོན་ཤེས་མངའ་ལ་གསོལ་བ་འདེབས། །མཁས་པའི་ཁྱུ་མཆོག་ཙནྡྲ་གོ་མི་དང་། །ལོ་བདུན་བར་དུ་དབུ་སེམས་སོ་སོའི་ཕྱོགས། །ལེགས་བཟུང་ཆོས་ཀྱི་བགྲོ་གླེང་མཛད་པ་ན། །གོ་མིས་ཐུགས་རྗེ་ཆེན་པོར་ལྐོག་དྲིས་མཛད། །ཟླ་བས་ཕྱི་བསྙེགས་འཕགས་པའི་རྡོ་སྐུ་ཡིས། །གསུང་ཆོས་སློབ་ཚུལ་མཐོང་བས་འཕགས་པ་ཁྱོད། །ཉེ་རིང་མི་མཛད་གསུང་བཞིན་གསོལ་བཏབ་པས། །མནལ་ལམ་ཞལ་དཀྱིལ་གཟིགས་ལ་གསོལ་བ་འདེབས། །ཞལ་བཟང་སྟོན་པར་ཡང་ཡང་གསོལ་བཏབ་པས། །གསང་འདུས་སྒོམས་གསུང་ཞག་བདུན་བསྒོམས་པ་ཡིས། །དཀྱིལ་འཁོར་ནུབ་སྒོའི་འཇིག་རྟེན་དབང་ཕྱུག་དམར། །ཞལ་བཟང་དངོས་སུ་གཟིགས་ལ་གསོལ་བ་འདེབས། །ལུང་རིགས་སེངྒེའི་ང་རོ་ཆེར་སྒྲོགས་པས། །རྩ་འཇུག་བཞི་གསུམ་རིགས་པ་དྲུག་ཅུ་པ། །སྟོང་ཉིད་བདུན་ཅུའི་འགྲེལ་པ་ལ་སོགས་པར། །ཟབ་དོན་གསལ་བར་མཛད་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་ཞལ་གདམས་བདུད་རྩིའི་བཅུད། །འདུས་པའིི་རྒྱུད་འགྲེལ་སྒྲོན་མ་གསལ་བ་དང་། །སྦྱོར་དྲུག་འགྲེལ་པ་རྡོར་སེམས་སྒྲུབ་ཐབས་སོགས། །གསང་དོན་ལེགས་པར་ཕྱེ་ལ་གསོལ་བ་འདེབས། །སྒྲ་ཡི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས། །ཚིག་སྦྱོར་ལེགས་བསྒྲིགས་མཛད་པ་གོ་མིས་མཐོང་། །རང་གི་སྒྲ་མདོ་མི་ལེགས་སྙམ་ནས་དཔེ། །ཁྲོན་པར་བསྐྱུར་ཞེས་གྲགས་ལ་གསོལ་བ་འདེབས། །ཀོངྐུ་ན་ཡི་ཡུལ་དུ་མུ་སྟེགས་ཀྱི། །རྒོལ་བ་མང་པོ་ཚར་བཅད་བྲམ་ཟེ་དང་། །ཁྱིམ་བདག་བགྲང་ཡས་བསྟན་ལ་བཙུད་པ་སོགས། །བསྟན་འགྲོའི་དོན་ཆེན་མཛད་ལ་གསོལ་བ་འདེབས། །ཕས་རྒོལ་ཚར་བཅད་སྒྲ་དང་ཚད་མ་དང་། །སྐལ་ལྡན་རྗེས་འཛིན་བཟོ་དང་གསོ་བ་རིག །སེམས་འདུལ་སྲབ་གྱུར་ནང་དོན་རིག་པ་སྟེ། །ལྔ་རིག་པཎ་ཆེན་ཞབས་ལ་གསོལ་བ་འདེབས། །སྐྱེ་བ་ལྔ་བརྒྱར་འཇམ་པའི་དབྱངས་ཀྱིས་བཟུང་། །དཔལ་ལྡན་ནཱ་ལེནྟྲ་ཡི་མཁན་ཆེན་མཛད། །གནས་གཞི་དུ་མ་འདུས་སྡེ་སྤེལ་བ་སོགས། །རླབས་ཆེན་མཛད་པའི་གཏེར་ལ་གསོལ་བ་འདེབས། །ཐ་མར་མ་ནུ་བྷཾ་ག་ཞེས་བྱའི་རིར། །གསང་སྔགས་ཐབས་ལམ་ཟབ་མོའི་འཕྲུལ་འདེགས་བརྟེན། །མཆོག་གི་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ། །སོང་ཞེས་ཡོངས་སུ་གྲགས་ལ་གསོལ་བ་འདེབས། །རྡོ་རྗེའི་སྐུ་བརྙེས་ད་ལྟའང་འཛམ་གླིང་ན། །དངོས་སུ་བཞུགས་པ་པ་ཚབ་ལོ་ཙྪ་བས། །གུས་པས་ཞལ་མཇལ་ལོ་རྒྱུས་ཤེས་པར་གསུངས། །རྩེ་གཅིག་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །ཐུན་མོང་སྣང་ངོར་བསྟན་འགྲོར་སྨན་པའི་སླད། །དགུང་ལོ་སུམ་བརྒྱའི་བར་དུ་འཚོ་ཞིང་བཞུགས། །རྡོ་ཡི་ཀ་བར་ཕྱག་མི་ཐོགས་པ་སོགས། །འཕྲུལ་སྤྱོད་རྣམ་མང་སྟོན་ལ་གསོལ་བ་འདེབས། །ཐོས་པ་ཙམ་གྱིས་སྲིད་པ་ཧྲུལ་བར་བྱེད། །བསམ་པས་རྟག་ཆད་མཐར་འཛིན་བྲག་རི་བསྙིལ། །བསྒོམས་པས་སྲིད་རྩ་དྲུངས་ནས་འབྱིན་པའི་སྨན། །ཟབ་དོན་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །ཐབས་ཤེས་ཟུང་དུ་འབྲེལ་བའི་གྱི་ལིང་རྟ། །ཕོ་ཉའི་ལམ་གྱི་ཞོན་ཚུལ་ཐབས་མཁས་ཀྱིས། །སྐྱེ་ཤི་བར་དོའི་འཕྲང་ལས་མྱུར་བརྒལ་ཏེ། །ཟུང་འཇུག་གླིང་དུ་བགྲོད་པར་བྱིན་གྱིས་རློབས། །བུས་པ་ཆུང་ངུས་འགའ་སྨྲས་འཁྲུལ་བ་ཡང་། །བརྩེ་ལྡན་ཕ་མས་མཚར་དུ་འཛིན་པ་བཞིན། །སྨྲ་སེང་ཁྱོད་ཀྱི་ཡང་རྩལ་བསྟོད་འདོད་ཀྱང་། །བསྔགས་འོས་མ་འཚལ་ནོངས་པ་བཟོད་པར་གསོལ། །ཚེ་རབས་ཕྲེང་བར་ཁྱོད་གསུང་པདྨོའི་ཚལ། །ཟབ་གསང་སྦྲང་རྩིའི་དཔལ་ལ་རྟག་རོལ་ཞིང་། །སྐལ་བཟང་བུང་བའི་ཚོགས་ལ་དགའ་སྟོན་དུ། །རྣམ་པར་འགྱེད་ལ་ཁྱོད་དང་མཚུངས་པར་ཤོག །གདོད་ནས་སྟོང་ཡང་སྣང་ཙམ་བྱ་བྱེད་དུ། །ཁང་ཐོག་ཕུག་རོན་རྐང་རྗེས་ཞོར་བཀྲ་བཞིན། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས། །རེ་འབྲས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དཔལ་ལྡན་ཟླ་བའི་ཞབས་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ཞེས་བྱ་བ་འདི་ནི། སྒར་ཆེན་གྱི་བཙུན་གཟུགས་གྱི་ན་བ་བློ་བཟང་ཆོས་འཛིན་གྱིས་འཕྲལ་དུ་སྦྱར་བའོ། །ཡི་གེ་པ་ནི་པིར་ཐོགས་བློ་བཟང་ཚེ་རིང་ངོ་། །འདི་ནི་དུས་འཁོར་ཁམས་ཚན་དགེ་བཤེས་གུ་རུ་སྐྱབས། གཅུང་བློ་བཟང་དོན་གྲུབ་བཅས་ཀྱིས་དཔར་དུ་བཞེངས་པའོ། །ཤུ་བྷཾ།།  །།

 

[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

Leave a Reply

Your email address will not be published. Required fields are marked *