༄༅། །དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ཞེས་བྱ་བ་བཞུགས་སོ།།[1]
༼བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པ།༽
ལྷག་པའི་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཤར་རིའི་རྩེ་མོར་རབ་སོན་ཅིང་། །བརྩེ་བའི་དཀྱིལ་འཁོར་མ་ལུས་ཡོངས་སུ་རྫོགས། །མཁྱེན་པའི་དཀྱིལ་འཁོར་ཀུན་ཏུ་ཁྱབ་མཛད་པ། །དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །ཁྱོད་ཉིད་འཁྲུངས་ཚེ་ས་ཡང་རྣམ་དྲུག་གཡོས། །མཁའ་ལ་མེ་ཏོག་ཆར་ཆེན་ཅི་ཡང་བབས། །གནམ་ལ་རོལ་མོ་སིལ་སྙན་ཀུན་གྱིས་གང་། །
སྐྱེས་མཆོག་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །བསྟན་པའི་མངའ་བདག་སྐྱེས་མཆོག་དམ་པ་ཁྱོད། །སྟོན་པ་གཉིས་པར་འབྱུང་བར་རབ་དགོངས་ནས། །རྒྱལ་བ་མྱ་ངན་འདས་ཚུལ་བསྟན་པར་ངེས། །རྒྱལ་བའི་རྒྱལ་ཚབ་ཁྱོད་ལ་ཕྱག་འཚལ་ལོ། །མྱང་འདས་མཚན་མ་མེད་པའི་ནུབ་རི་ལ། །ཀུན་མཁྱེན་ཉི་མའི་དཀྱིལ་འཁོར་ནུབ་པའི་མཐར། །སྨྲ་བའི་དབང་ཕྱུག་ཟླ་བ་གྲགས་པ་ཤར། །ལམ་སྟོར་ངལ་བ་ཐམས་ཅད་དབུགས་ཕྱུངས་ཤིག །རྣམ་དག་ཚུལ་ཁྲིམས་འཛིན་མའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་ལོ་འབྲས་མེ་ཏོག་རྒྱས། །དགོས་འདོད་མ་ལུས་སྩོལ་བའི་དཔག་བསམ་གྱིས། །རེ་བ་ཐམས་ཅད་སྐོང་མཛད་དེ་ལ་འདུད། །ཐུབ་པའི་བསྟན་པ་འཛིན་པ་མང་བྱུང་ཡང་། །ཕལ་ཆེར་རྒྱུ་སྐར་བཞིན་དུ་འོད་མི་གསལ། །དམ་ཆོས་འོད་ཀྱིས་ཐམས་ཅད་གསལ་མཛད་པ། །ཀུན་མཁྱེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །མཁས་གྲུབ་འདི་དག་ཕལ་ཆེར་ནམ་མཁའ་འདྲ། །ཟབ་ཅིང་ཡངས་ཀྱང་ཟབ་ཡངས་གསལ་བྱེད་མིན། །ཟབ་ཡངས་མཐའ་དག་གསལ་བར་བྱེད་པ་ལ། །འགྲན་པའི་ཟླ་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །མཁས་པའི་ཉི་མ་གྲངས་མེད་ཤར་གྱུར་ཀྱང་། །ཁྱོད་མ་ཤར་ན་མེ་ཁྱེར་ཁོ་ན་ཙམ། །ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ། །མཁས་པར་ཟད་ཀྱིས་ཟབ་རྒྱས་དོན་ལ་མིན། །དཔལ་ལྡན་འཇིགས་མེད་ཟླ་བ་གྲགས་པ་ཁྱོད། །དགག་སྒྲུབ་རིན་ཆེན་ཁྲི་ལ་བཞུགས་ཙམ་གྱིས། །མ་དྲིས་པར་ཡང་དངོས་པོ་ཐམས་ཅད་ཀྱི། །ངང་ཚུལ་སྨྲས་སུ་བཅུག་པ་ཁྱོད་ལ་འདུད། །ཁྱོད་ཉིད་འཆད་པའི་ཚེ་ན་འཆད་པོ་གཞན། །ཕལ་ཆེར་མི་སྨྲའི་བརྟུལ་ཞུགས་ཁོ་ན་འཛིན། །ཁྱོད་ཀྱི་ལྗགས་ཀྱི་འདུ་བྱེད་སྒྱུར་པ་ན། །གཞན་ལྕེས་སྐྱོགས་པ་ཙམ་ཡང་ག་ལ་ཤེས། །ཁྱོད་ཉིད་ཆོས་ཀྱི་འཁོར་ལོ་བསྐོར་ཙ་ན། །དེ་ལས་ལྷག་པའི་ཆོས་ཀྱི་སྒྲོན་ཆེན་གང་། །མ་རིག་ཀུན་སེལ་ཀུན་མཁྱེན་ཉི་མ་ཡིས། །ཀུན་གསལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཁྱོད་ཀྱི་ལེགས་བཤད་རིན་ཆེན་ཕྲེང་བ་ཡིས། །བློ་གསལ་མགུལ་བ་མཛེས་པར་མཐོང་བ་ན། །བཤད་པ་གཞན་ལ་ནོར་བུ་འཆིང་བ་ཡི། །རིན་ཐང་ཙམ་དུ་འཛིན་པའང་སུ་ཞིག་ཡོད། །ཡན་ལག་བརྒྱད་དང་ལྡན་པའི་མཚོ་འགྲམ་དུ། །བློན་པོས་བ་ཚའི་ཁྲོན་པ་རྐོ་བྱེད་ལྟར། །ཤིང་རྟའི་སྲོལ་འབྱེད་ཁྱོད་ཀྱི་ལམ་མཆོག་ལ། །མི་འགྲོ་དེ་ནི་གཡང་ལ་མཆོང་བར་ཟད། །སྨྲ་བའི་སེངྒེ་ཁྱོད་ཀྱིས་རྩོད་པའི་ཚེ། །རྒོལ་བ་གཞན་ཀུན་ཝ་སྐྱེས་ཁོ་ན་ཉིད། །མར་མེའི་དཀྱིལ་འཁོར་འབར་བར་མཆོང་བ་ཡི། །ཕྱེ་མ་ལེབ་དེ་དཔའ་བར་འགྲོའམ་ཅི། །མཁས་པར་བྱེད་པ་ལེགས་ལྡན་འབྱེད་འདི་དག །ཁྱོད་ལ་རྩོད་པར་འདོད་པ་ཡ་མཚན་ཆེ། །མི་བཟད་འཐོར་རླུང་དྲག་པོའི་མདུན་ཉིད་དུ། །ཤིན་ཏུ་སྲ་ཡང་སུ་ཡིས་ཚུགས་པར་ནུས། །ཁྱོད་དང་ཙནྡྲ་གོ་མི་རྩོད་པའི་ཚེ། །དེ་ཡི་སྤོབས་པ་བཅིངས་པ་བཞིན་དུ་བྱས། །དེ་ཡིས་ལན་ནི་སྤྱན་རས་གཟིགས་དབང་ལ། །མཚན་མོ་ཞུས་ནས་སང་ཉིད་ལེགས་པར་བཀླན། །ཉིད་ཀྱིས་རྗེས་སུ་སྙེགས་ནས་བརྟས་པ་ཡིས། །འཇིག་རྟེན་མགོན་པོས་ཕག་ཏུ་སློབ་པར་གཟིགས། །མགོན་པོ་ཉེ་རིང་མ་མཛད་ཅེས་གསོལ་པས། །ཐུགས་རྗེ་ཆེན་པོ་མཛུབ་ཀེར་ཞེས་སུ་གྲགས། །མཛུབ་མོ་བསྐུམ་མ་ནུས་པའི་ཚུལ་བསྟན་ཏེ། །སྐྱེ་བ་ལྔ་བརྒྱར་ཁྱོད་ནི་འཇམ་དབྱངས་ཀྱིས། །རྗེས་བཟུང་གཞན་འདི་བདག་གིས་ད་ལན་ཙམ། །དེས་ན་ཉེ་རིང་མེད་ཅིང་ལུང་བསྟན་མཛད། །མཐའ་དམག་རྒྱ་མཚོས་འཕགས་ཡུལ་བསྣུབ་འདོད་ཚེ། །རྡོ་ཡི་སེངྒེར་ཕྱག་གིས་རབ་བསྣུན་ནས། །རྟེན་འབྲེལ་བསྒྲགས་པས་སེངྒེ་འབུམ་གྱུར་ཏེ། །གཡུལ་ལས་རྒྱལ་བར་མཛད་པ་ཁྱོད་ལ་འདུད། །རི་མོར་བྲིས་པའི་འདོད་འཇོའི་བ་མོ་ལས། །བདུད་རྩི་འོ་མའི་རྒྱ་མཚོ་ལེགས་བཞོས་ནས། །དགེ་འདུན་རྒྱ་མཚོའི་རེ་བ་བསྐོང་མཛད་ཅིང་། །མུ་གེའི་རྒྱ་མཚོ་བཟློག་པ་ཁྱོད་ལ་འདུད། །གཞུང་ལུགས་རྩོམ་ཚེ་ཁྱོད་དང་འཇམ་དཔལ་དབྱངས། །གཟུགས་ཉིད་ཁོ་ནའི་ཚུལ་གྱིས་ཐ་དད་དེ། །དེ་བཞིན་ཚངས་པའི་བུ་མོ་དབྱངས་ཅན་ནི། །ཁྱོད་ལས་ལྷ་མོའི་མཚན་མ་ཐ་དད་ཙམ། །དགོས་འདོད་ལྟ་བས་མི་ངོམ་བཞིན་ལེགས་མ། །བསྡུས་དོན་ཕྲ་ཞིང་ཕྲ་བའི་སྐེད་སྐབས་ཅན། །ཚིག་དོན་སྐྱེ་མཆེད་མཐའ་དག་རབ་རྫོགས་པས། །ཉིད་ཀྱི་གཞུང་ལུགས་མཛེས་མའི་མཚན་ཉིད་ཀྱིས། །མཁས་པ་ཀུན་གྱི་ཡིད་ཀྱི་རི་དྭགས་ཀུན། །བཀུག་ནས་འཛིན་པའི་རྒྱ་རྙི་འདི་ཉིད་ཀྱིས། །ལེགས་བཤད་ལྟ་བས་མི་ངོམས་འདི་མཐོང་ཚེ། །གཞུང་གཞན་སྒེག་མོའི་མཛེས་ཆོས་ཁོ་ནར་ཟད། །ཁྱོད་གཞུང་མཚམས་སྦྱོར་མཛེས་པའི་དྲིན་ལན་གྱིས། །སིལ་སྙན་ཡིད་འཕྲོག་ཟློས་གར་བསྒྱུར་བ་ན། །གཞུང་གཞན་འདི་དག་ཆོ་ངེ་འདེབས་པ་བཞིན། །རྣ་བ་འབིགས་པའི་ཚེར་མ་ཁོ་ནར་ཟད། །ཉི་ཟླ་ལྟ་བུའི་གསལ་བ་རྣམ་གཉིས་ཀྱིས། །མདོ་རྒྱུད་མཛེས་མ་བརྒྱན་པར་མཐོང་བའི་ཚེ། །གཞུང་གཞན་འདི་དག་རྒྱལ་བའི་བསྟན་པ་དག །ཤིན་ཏུ་སློང་བའི་ཆེད་དུ་ཆས་པ་འདྲ། །དེ་སླད་ཁྱོད་ཀྱི་སྒྲ་མདོ་ཀུན་བཟང་དེ། །ཟླ་བ་བདུད་རྩི་ལྟ་བུར་རབ་མཐོང་ནས། །ཙནྡྲ་གོ་མིས་རང་གི་སྒྲ་མདོ་ནི། །འདམ་ཆུ་ལྟ་བུར་ཁྲོན་པའི་ནང་དུ་དོར། །བསྟན་པ་རིན་ཆེན་བཤད་པས་བྱི་དོར་བྱས། །སྒྲུབ་པ་དྲི་མ་མེད་པས་ཉམས་སུ་བསྟར། །ད་ལྟ་བཞེད་དོན་ཐམས་ཅད་ལྷུན་གྱིས་གྲུབ། །རྒྱལ་བའི་རྒྱལ་ཚབ་གཉིས་པ་ཁྱོད་ལ་འདུད། །ཡོན་ཏན་མ་ལུས་ཁྱོད་ལ་བསྡུས་ནས་ནི། །སྐྱོན་རྣམས་མ་ལུས་འཁོར་བར་བཞུགས་པ་ཡིས། །ཆོས་ཀུན་ངོ་ཚ་སྐྱེས་པ་བཞིན་དུ་ནི། །ཆོས་ཉིད་སྟོང་པའི་ངང་དུ་བྲོས་པ་འདྲ། །དཔལ་མགོན་ཁྱོད་ཀྱི་གཟི་བརྗིད་མ་བཟོད་པར། །ཉི་མ་ཟླ་བ་རྒྱུ་སྐར་བཅས་པ་རྣམས། །ནམ་མཁར་བྲོས་ཏེ་སྡོད་ཚུགས་མི་ཐུབ་པར། །རྒྱུན་དུ་ཁྱོད་ལ་བསྐོར་བ་བྱེད་པ་འདྲ། །དེ་ལྟའི་སྙན་པ་རབ་ཏུ་བསྒྲགས་པའི་ཕྱིར། །ཆུ་རླུང་འདི་དག་ཀུན་ཏུ་རྒྱུ་བ་བཞིན། །མེ་ནི་ཁྱོད་ཀྱི་རྣམ་ཐར་སྟོན་པ་ལྟར། །རྟག་པར་གྱེན་དུ་འབར་བ་ཁོ་ནར་ཟད། །ཡོན་ཏན་དྲི་བཟང་ཀུན་ཏུ་འཕྲོ་བ་གང་། །མཚོན་པའི་རླུང་ནི་ཕྱོགས་མཐའ་ཐམས་ཅད་འཚོལ། །ཁྱོད་ཀྱི་ཕུན་ཚོགས་ཤོང་བར་མི་ནུས་ཤིང་། །ནམ་མཁའ་འདི་དག་ཕ་མཐའ་མེད་པར་བྲོས། །ཐོས་བསམ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཏེ། །སྒོམ་པ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །འགྲོ་བའི་རེ་བ་མ་ལུས་སྐོང་མཛད་པ། །ཡིད་བཞིན་ནོར་བུའི་དཔལ་མངའ་ཁྱོད་ལ་འདུད། །སྡེ་སྣོད་ཆུ་གཏེར་ཆེན་པོའི་ཕ་རོལ་བརྒལ། །རྣམ་དག་རྒྱུད་སྡེ་བཞི་ཡི་བང་རིམ་མཛེས། །བླ་མེད་བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས། །ལྷར་བཅས་འགྲོ་བའི་དཔལ་མགོན་ཁྱོད་ལ་འདུད། །དབེན་གསུམ་མལ་དུ་སྒྱུ་ལུས་རྡོ་རྗེའི་སྐུ། །འོད་གསལ་མཛེས་མའི་པདྨ་མཉམ་སྦྱར་ནས། །བདེ་སྟོང་ཟུང་དུ་འཇུག་པའི་མཐར་ཐུག་རྙེད། །གྲུབ་ཐོབ་ཀུན་གྱི་རྒྱལ་པོ་ཁྱོད་ལ་འདུད། །སྣོད་བཅུད་མ་ལུས་རྣམ་དག་དཀྱིལ་འཁོར་གཟིགས། །དཔག་ཡས་ཡི་དམ་ལྷ་ཡི་ཞལ་དང་མཇལ། །ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་ཐོབ། །སྔགས་འཆང་ཀུན་གྱི་དབང་ཕྱུག་ཁྱོད་ལ་འདུད། །སྟོན་པ་ཐུབ་པ་ཆེན་པོ་ཁྱོད་ཉིད་དེ། །རྡོ་རྗེ་འཆང་ཆེན་གཞན་ན་སུ་ཞིག་ཡོད། །དག་དང་མ་དག་འགྲོ་བ་མ་ལུས་པའི། །འདྲེན་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མཆོད་པ་ཀུན་འབུལ་སྡིག་པ་ཐམས་ཅད་བཤགས། །དགེ་ལ་ཡི་རང་ཆོས་འཁོར་མ་ལུས་བསྐོར། །རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཀུན་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའོ།། །།[2]
[1] ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༣ ནས་ ༡༧༩ བར།
[2] བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་གསར་རྙེད་སྐོར་བཞུགས་པའི་ཁྲོད་ཁམས་བྲིས་ཀྱི་བསྟོད་པའི་ཞལ་བྱང་དུ། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་བུང་བའི་སྒྲ་དབྱངས་ཞེས་བྱ་བ་པཎྜི་ཏ་དབྱངས་ཅན་དགའ་བས་མཛད་པ་བཞུགས་སོ། །ཞེས་དང་། མཛད་བྱང་དུའང་། རྗེ་བཙུན་གསང་བས་བྱིན་གྱིས་མཛད། ཅེས་གསལ་ལ། བསྟོད་པ་དངོས་ལ་དག་སྡེབ་ཀྱང་ཅུང་ཟད་རེ་མི་མཐུན་པ་འདུག་ནའང་འདི་ནི་བོ་དོང་གསུང་རབ་ཉམས་ཞིབ་ཁང་གིས་འདོན་སྤེལ་གནང་བའི་ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས་དང་། བསམ་སྡིངས་དགོན་བོ་དོང་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་ ༢༠༡༥ ལོར་བཏོན་པའི་ཆོས་སྤྱོད་རབ་གསལ་སྒྲོན་མེ་གཉིས་ལ་གཞི་བཅོལ་ནས་བཀོད་པའོ།།