༄༅། །དཔལ་ལྡན་ཆོས་ཀྱི་གྲགས་པར་གསོལ་བ་འདེབས་པ་སྡེ་བདུན་ཡིད་ལ་འགུགས་པའི་ལྕགས་ཀྱུ།

 

༄༅། །དཔལ་ལྡན་ཆོས་ཀྱི་གྲགས་པར་གསོལ་བ་འདེབས་པ་སྡེ་བདུན་ཡིད་ལ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།[1]

 

༼འཇམ་དབྱངས་གྲུབ་པའི་བློ་གྲོས་ (ཁྲུངས་དུས།1932-?) ཀྱིས་མཛད་པ།༽

 

དྷཱིཿ རྡུལ་སྙེད་ཞིང་གི་རྒྱལ་ཀུན་མཁྱེན་པའི་གཏེར། །རྡུལ་བྲལ་འཇམ་པའི་ཀློང་དུ་འུབ་ཆུབ་པ། །སྒྱུ་འཕྲུལ་དྲྭ་བའི་དཔལ་གྱི་འཇོ་སྒེག་ཅན། །རིག་པའི་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས། ། ༼༡༽ གང་གི་ཐུགས་གསང་དཔལ་གྱི་བེའུ་ནས། །རིགས་ལམ་རལ་གྲིའི་རྣོ་རྒྱུན་སྟོང་འབར་བ། །མུ་སྟེགས་འཆལ་བའི་སྙིང་ལ་གཟན་པའི་གཏམ། །སྡེ་བདུན་ཚད་མའི་ཆོས་ཀྱི་གྲགས་པ་ཅན། །

༼༢༽ སྟོན་དང་བསྟན་པ་ཡིད་ཆེས་རྙེད་པའི་སྒོ། །མངོན་རྗེས་ཚད་མས་རང་དང་གཞན་བཅས་ལ། །བླང་དོར་སྟོན་པ་རྒྱས་འབྲིང་བསྡུས་པའི་ཚུལ། །རྩ་བ་ལུས་ཀྱི་བསྟན་བཅོས་རྣམ་གསུམ་དང་། ། ༼༣༽ གཏན་ཚིགས་བྱེ་བྲག་སྟོན་དང་མུ་སྟེགས་ཀྱིས། །བཏགས་པའི་འབྲེལ་བ་འགོག་དང་སྣང་བ་ཀུན། །སེམས་སུ་གྲུབ་ཀྱང་རྒྱུད་གཞན་འཐད་གྲུབ་དང་། །རྩོད་པའི་རིག་པ་དང་བཅས་འཕྲོས་པ་ཡི། ། ༼༤༽ ཡལ་ག་ལྟ་བུའི་བསྟན་བཅོས་རྣམ་བཞི་སྟེ། །སྲིད་དང་ཞི་བའི་མངོན་ལྐོག་ཤེས་བྱའི་ཁྱོན། །སྒྲུབ་དང་སུན་འབྱིན་རིགས་པའི་སྲིད་དབང་ལ། །བདེ་བླག་ཁ་ལོ་བསྒྱུར་བྱེད་རིན་ཆེན་བདུན། ། ༼༥༽ དད་མོས་ལྷ་རྫས་རྣོན་པོའི་ལྕགས་ཀྱུ་ཡིས། །བདག་ཡིད་དཔལ་དུ་སྨོན་ནས་ཁྱེད་འབོད་ན། །བྱིན་རླབས་སྙིང་ལ་སྩོལ་ཅིག་བླ་མ་རྗེ། །ངག་ལ་ངག་གི་དཔལ་སྩོལ་ཆོས་ཀྱི་གྲགས། ། ༼༦༽ མདོར་ན་ཁྱེད་ཐུགས་ཡེ་ཤེས་སྣང་བའི་གཟིས། །བདག་སྙིང་ཆུ་སྐྱེས་བཞད་པའི་སྐད་ཅིག་ལ། །གཟུངས་སྤོབས་དྲི་བསུང་འཐུལ་བའི་རིགས་ལམ་བརྒྱས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། ། ༼༧༽ ཞེས་ཚིགས་བཅད་རྒྱལ་སྲིད་གྲངས་ལྡན་འདི་ཉིད་ལུང་རྟོགས་བསྟན་པའི་མངའ་བདག་མཆོག་སྤྲུལ་ཏིཥྛའི་མཚན་ཅན་གཙོས་སྡེ་སྣོད་འཛིན་པ་བཀྲ་ཤིས་རྫས་རྟགས་བཅུ་དྲུག་གི་གྲངས་དང་། ཉི་མ་དང་ཟླ་བའི་མིང་ཅན་གཉིས་བཅས་བཅོ་བརྒྱད་ལ་ཚད་མ་རྣམ་འགྲེལ་གྱི་གཞུང་བཤད་པའི་མཎྜལ་འབུལ་ཚེ། མཆོག་སྤྲུལ་ཁོང་གིས་ལྷ་རེག་སྲིད་དུ་རིང་བ་དང་ལྷན་སྐྱེས་དྲི་ཞིམ་གྱི་སྐྱེས་གནང་བཅས་གཞུང་དོན་དང་འབྲེལ་བའི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས་བཀའ་སྩལ་མི་ལྡོག་ཅིང་། རྟེན་འབྲེལ་ལེགས་པའི་ཆེད་དུ་རེས་གཟའ་པ་སངས་དང་རྒྱུ་སྐར་ལྷ་མོ་ནམ་གྲུ་ལྷན་དུ་རྩེ་བའི་བཀྲ་ཤིས་པའི་གྲུབ་སྦྱོར་དགེ་བར་ཉི་ཤར་འབྲུག་གི་དུས་སུ་མདོ་གྲྭ་འཇམ་དབྱངས་གྲུབ་པའི་བློ་གྲོས་ནས་བགྱིས་པ་དགེའོ།།  །།

[1] འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསུང་འབུམ། ༼༣༽ ལྔ་རིག་ནང་བསྟན་སློབ་གླིང་། ༢༠༠༢ ལོ། ཤོག་ ༡༨༡ ནས་ ༡༨༢ བར།

Leave a Reply

Your email address will not be published. Required fields are marked *