༄༅། །དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

 

༄༅། །དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།[1]

 

༼བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པ།༽

 

རྒྱ་གར་སྐད་དུ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་པཱུ་ཏི་རཏྣ་མཱ་ལཱ་ནཱ་མ། བོད་སྐད་དུ། དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔག་ཡས་མཁྱེན་བརྩེའི་རྨད་བྱུང་འཕྲིན་ལས་ཅན། །ཐབས་དང་ཤེས་རབ་གཉིས་སུ་མེད་གྱུར་པས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །

ཇི་ལྟར་ཤུགས་ཆེན་མཁའ་ལྡིང་དབང་པོས་ཀྱང་། །ནམ་མཁའི་མཐའ་ནི་གཟུང་བར་མི་ནུས་ལྟར། །སློབ་དང་མི་སློབ་སྐྱེ་བོ་ཀུན་གྱིས་ཀྱང་། །ཁྱོད་ཀྱི་ཡོན་ཏན་ཚད་ནི་ཤེས་མ་ཡིན། །དེ་ཕྱིར་དད་དང་གུས་པ་ཁོ་ན་ཡིས། །གང་གི་མཛད་པ་མདོ་ཙམ་བརྗོད་པ་ལ། །ལྷ་དང་ལྷ་མིན་ཀླུ་དང་དྲི་ཟ་དང་། །མིའི་ཅི་སོགས་དགའ་བས་མཉན་པར་གྱིས། །ཐུབ་པའི་སྤྱན་སྔར་རྒྱལ་སྲས་བཟང་པོ་སྐྱོང་། །འཕགས་པའི་ཡུལ་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མེད་ཅེས། །མཚན་གསོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བསྐལ་པ་དམག་ཏུ་མེད་པའི་སྔོན་རོལ་ནས། །བྱང་ཆུབ་སྤྱོད་རླབས་རྒྱ་མཚོའི་མཐར་སོན་པའི། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་འཛིན་པ། །བསམ་ཡས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རང་དོན་ཉེས་པ་རྡུལ་ཙམ་མ་གོས་ཤིང་། །གཞན་གྱི་དོན་ལ་གཅིག་ཏུ་གཞོལ་བའི་མཐུས། །བསམས་ཤིང་སྲིད་པར་སྐྱེ་བ་བཞེས་མཛད་པ། །ཕན་དགོངས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྙིང་རྗེ་འགྱུར་མེད་བདེ་ཆེན་དགའ་བ་དཔལ། །དོན་དམ་འོད་གསལ་ཤེས་རབ་ཟག་མེད་ཡུམ། །དཔལ་མོ་གཉིས་མེད་འདུས་པ་ལས་བྱུང་བ། །རྨད་བྱུང་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལྷུམས་སུ་ཞུགས་ཚེ་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་དུ་མས་དངོས་སུ་བྱིན་བརླབས་ཤིང་། །ཡུམ་ལ་མི་རྙོག་བདེ་གསལ་གཏིང་ནས་འཁྲུངས། །དཔག་མེད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བལྟམས་པའི་དུས་སུ་འཇའ་འོད་ཕྲེང་བ་དང་། །ཉི་ཟླ་འོད་འབར་དྭངས་ཤིང་དྲི་མ་མེད། །མཁའ་ལ་རོལ་མོའི་སྒྲ་རྣམས་ཡང་ཡང་གྲགས། །མཐུ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འཁྲུངས་མ་ཐག་ན་མལ་ན་བསྐལ་བའི་ཚེ། །རྒྱལ་བ་སྲས་བཅས་སྤྲིན་བཞིན་གཏིབས་གྱུར་པའི། །དབུས་ན་རབ་མཛེས་སྒྲོལ་མ་དཔའ་མོ་གཉིས། །གསུང་བྱོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བྱིས་པའི་དུས་སུ་མཁའ་འགྲོས་ལུང་བསྟན་ལ། །དཔལ་ལྡན་དབང་གི་རིག་པ་ནོད་པའི་ཚེ། །དཀྱིལ་འཁོར་བདག་པོ་ཀྱེའི་རྡོ་རྗེ་གཟིགས། །རིག་འཛིན་ཁྱོད་ལ སྤྱི་བོས་ཕྱག་འཚལ་ལོ། །མཁྱེན་དང་བརྩེ་བ་ཤིན་ཏུ་གཡོས་གྱུར་པས། །གཞོན་ནུའི་དུས་ན་ཆོས་རྣམས་ཀུན་ཤེས་ཤིང་། །འབད་མེད་སྙིང་རྗེ་ཆེན་པོ་རབ་ཏུ་རྒྱས། །སྲིད་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལུས་དང་སྲོག་ལ་ཅུང་ཟད་མ་གཟིགས་པར། །ཆོས་ཀྱི་སླད་དུ་རྒྱ་མཚོར་ལན་གསུམ་ཞུགས། །མཁས་ཤིང་གྲུབ་པའི་བླ་མ་དཔག་མེད་བསྟེན། །བརྩོན་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འཕགས་པའི་ཡུལ་དང་རྒྱ་གར་ཤར་ལྷོ་དང་། །ཁ་ཆེ་གསེར་གླིང་ཨུ་རྒྱན་ལ་སོགས་སུ། །རང་གཞན་དོན་ལ་རྗེས་སུ་གཤེགས་གྱུར་པ། །མི་ཞུམ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བརྟག་པའི་བསྟན་བཅོས་ལུགས་ཀྱི་བསྟན་བཅོས་དང་། །རོལ་མོའི་སྒྲ་དང་ཕྲེང་བའི་བསྟན་བཅོས་དང་། །སྒྱུ་རྩལ་གནས་དང་ཡི་གེའི་བསྟན་བཅོས་རྣམས། །བྱང་ཆུབ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བཟོ་དང་གསོ་བ་སྒྲ་དང་ཚད་མ་ལ། །རང་དང་གཞན་གྱིས་མཁས་པ་མཐའ་དག་གིས། །གྲགས་དང་བསྙེངས་དང་བཅས་པ་མི་ནུས་པ། །བློ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ཆོས་ཀྱི་སྒོ་མོ་མ་ལུས་ཐུགས་ཆུད་ནས། །ཆགས་ཐོགས་མེད་པའི་མཁྱེན་པ་བཟང་པོ་བརྙེས། །རྣམ་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཕྱི་དང་ནང་གི་གྲུབ་མཐའ་མཐའ་དག་ལ། །ཀུན་གྱི་རྒོད་པའི་ཚད་མ་དང་བྲལ་བས། །མཁས་པ་ཚོགས་པའི་དབུས་སུ་བསྔགས་གྱུར་པ། །ཕྱག་འོས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་གྲོགས་མཁར་བ། །སེར་སྐྱ་རྐང་མིག་འུག་ཕྲུག་ལ་སོགས་ཀྱི། །མུ་སྟེགས་གྲུབ་མཐའ་ཀུན་ལ་མཁས་གྱུར་པ། །བློ་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཐོགས་མེད་ཕྱོགས་གླང་དཔའ་བོ་སོགས། །གསུང་རབ་ཀུན་ལ་མཁས་པ་དེ་དག་གི །གཞུང་ལུགས་ཀུན་ལ་རྩོད་མེད་མཁྱེན་པ་རྒྱས། །མཁྱེན་བཟང་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཉན་ཐོས་སྡེ་གཉིས་རྣམ་རིག་དབུ་མའི་ཚུལ། །ཇི་བཞིན་སློབ་པར་ཐུགས་སུ་ཆུད་པའི་མཐུས། །ཀུན་གྱི་ཐེ་ཚོམ་ཐམས་ཅད་སེལ་མཛད་པ། །སྨྲ་མཁས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་རྒྱུད། །གྲངས་མེད་གཉིས་དང་ཉི་ཁྲི་བཞི་སྟོང་རྣམས། །མ་ནོར་གསལ་བར་མངོན་དུ་བྱས་གྱུར་པ། །སྔགས་གཟིགས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མནལ་ཐུན་གཅིག་ལའང་རྒྱུད་རྒྱལ་འབུམ་ཚོ་དང་། །བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན་བྱས་ནས། །གང་གི་མཁྱེན་པ་སུ་ཡིས་གཞལ་བར་ནུས། །དཔག་ཡས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཉིན་དང་མཚན་མོར་བར་ཆད་མེད་པ་རུ། །ཚད་མེད་བདེ་གཤེགས་མཁའ་ལ་ལྷགས་གྱུར་ཏེ། །དག་པའི་སྣང་བ་རབ་འབྱམས་ཁོ་ན་ཡིས། །དུས་མཁྱེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གུས་པས་རྡོ་རྗེ་འཛིན་པ་རབ་བསྟེན་ནས། །རྒྱུད་རྣམས་ཀུན་གྱི་དབང་དང་བྱིན་རླབས་དང་། །མན་ངག་མཐའ་དག་ཡོངས་སུ་རྫོགས་གྱུར་པ། །མི་བསྙེམས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གཡས་གཡོན་ཉི་ཟླའི་རྒྱུ་བ་ཀུན་བཅོམ་ནས། །རླུང་སེམས་ཨ་ཝ་དྷཱུ་ཏཱིར་སོན་པ་ཡིས། །མི་འགྱུར་བདེ་བ་དོན་དམ་བདེ་བརྙེས་གྱུར། །ཕུལ་ཕྱིན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྣང་བ་སྒྱུ་མ་ལྟ་བུར་བྱང་ཆུབ་ཅིང་། །ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད། །སྤྲོས་པ་དཔལ་ལྡན་ཨེ་ཝཾ་གནས་སུ་ཞི། །ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རླུང་དང་སེམས་དང་སྒྱུ་མ་འོད་གསལ་དང་། །འཕོ་མེད་ཟུང་འཇུག་རིམ་པ་མཐར་ཕྱིན་ནས། །ཡེ་ཤེས་རྣམ་པར་རོལ་བའི་གཟུགས་བརྙན་འཆང་། །བླ་མེད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དུར་ཁྲོད་གནས་སུ་ཕག་མོས་བྱིན་གྱིས་བརླབས། །དཔའ་བོ་མཁའ་འགྲོ་དཔག་མེད་ནམ་མཁར་གཟིགས། །སྐྱེ་མེད་ཆོས་ཀྱི་གཎྜི་ཡང་ཡང་གསན། །མཚུངས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་རྣམས་རྨི་ལམ་ལྟ་བུར་ཐུགས་ཆུད་པས། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ལ། །ཡོངས་སུ་འཛིན་པའི་རྙོག་པ་རྡུལ་ཙམ་མེད། །ཆགས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ལམ་ལ་རབ་གནས་ནས། །བདུད་ལས་རྒྱལ་བའི་སྤྱོད་པ་མཐར་ཕྱིན་པ། །སྐྱོན་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྣང་མེད་སྐུ་ནི་དག་པའི་མིག་ལ་སྣང་། །བརྗོད་མེད་གསུང་ནི་དག་པའི་རྣ་བར་ཐོས། །སྤྲོས་མེད་ཐུགས་ནི་ཤེས་བྱ་ཀུན་ལ་ཁྱབ། །ཟླ་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འཕགས་པའི་ཡུལ་དུ་མུ་སྟེགས་ཞུགས་པའི་ཚེ། །ཕས་ཀྱི་རྒོལ་བ་ལེགས་པར་ཚར་བཅད་ནས། །རང་གི་བསྟན་ལ་ཉེ་བར་བཀོད་གྱུར་པ། །རིགས་སྨྲ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དྲེགས་ལྡན་མགོ་ལ་གདུགས་ནི་བཅུ་གསུམ་གྱིས། །རབ་མཚན་རྟོག་གེ་ངན་པ་ཀུན་བཅོམ་ནས། །སླར་ཡང་གདུགས་བརྒྱད་ལྡན་པ་ཕབ་པར་བྱས། །བློ་བཟང་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་ཞིག་རྩོད་ཚེ་རྗེ་བཙུན་སྒྲོལ་མ་ཡིས། །སྨྲ་བ་ངན་པ་རབ་ཏུ་གཞོམ་པའི་ཐབས། །དག་ཅིང་གསལ་བར་ཡང་ཡང་སྟོན་མཛད་པ། །ལན་ལྡོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གཙུག་ལག་འཇོམས་པའི་མུ་སྟེགས་རྒྱལ་བ་དངོས། །མ་ག་དྷ་པ་གཡུལ་འགྱེད་གྱུར་པའི་ཚེ། །གཞན་སྡེ་ཕམ་བྱས་སླར་ཡང་རྗེས་འཛིན་མཛད། །དགྲ་བཅོམ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྒྱ་གར་ནུབ་ཏུ་ཕྱོགས་པའི་ལམ་ཁ་རུ། །རུས་པའི་རྒྱན་ལྡན་མཁའ་འགྲོ་དཔག་མེད་གཟིགས། །སེང་ལྡེང་སྒྲོལ་མའི་ཕྱག་གིས་དབུ་ལ་བྱུགས། །ངལ་གསོ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམས་པའི་ཚེ། །མདུན་གྱི་ནམ་མཁར་ཧེ་རུ་ཀ་བྱོན་ནས། །གདུལ་བྱའི་དོན་དུ་རབ་ཏུ་བྱུང་ཞིག་ཅེས། །ལུང་བསྟན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྨི་ལམ་དུ་ཡང་ཐུབ་དབང་འཁོར་བཅས་ཀྱིས། །ཉེ་བར་གཟིགས་ནས་ཀྭ་ཡེ་སྐྱེས་བུ་ཁྱོད། །བདེ་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས། །གྲོས་འདེབས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གདུལ་བྱ་འགའ་ལ་སྤྱན་རས་གཟིགས་དབང་གིས། །དགེ་སློང་དཱི་པཾ་ཀ་ར་མཆོད་གྱུར་ན། །ང་ལ་མཆོད་པས་བསོད་ནམས་ཆེའོ་ཞེས། །ལེགས་འདོམས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྡོ་རྗེ་གདན་དུ་སྐོར་བ་མཛད་པའི་ཚེ། །ལྷ་བུ་གཉིས་ཀྱི་བྱང་སེམས་ནོད་པའི་ཚུལ། །ཉེ་བར་བསྟན་པ་ཐུགས་སུ་ཆུད་གྱུར་པ། །མི་ཕུལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རེ་ཞིག་མཁའ་ལ་རྗེ་བཙུན་སྒྲོལ་མ་དང་། །ཁྲོ་གཉེར་ཅན་གྱི་སྔགས་ཀྱི་བྱང་ཆུབ་སེམས། །རབ་ཏུ་བསྟན་པས་ལེགས་པར་ནོད་གྱུར་པ། །མཉམ་མེད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་གཤེགས་རྣམས་དང་དེ་ཡི་སྐུ་གཟུགས་དང་། །བྱང་ཆུབ་སེམས་པ་རྣམས་ཀྱིས་ཡང་ཡང་དུ། །བྱམས་དང་སྙིང་རྗེ་ལེགས་པར་སྦྱོངས་ཤིག་ཅེས། །རབ་བསྐུལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྒྱལ་བ་རིགས་ལྔ་ཕྱོགས་བཅུའི་སངས་རྒྱས་རྣམས། །གདུལ་བྱའི་མིག་ལ་སྣང་བར་མཛད་ནས་ནི། །སྐྱེ་བོ་མཆོག་གི་ལམ་དུ་འཇུག་མཛད་པ། །མ་རྨོངས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བདག་གི་བདེ་བ་གཞན་ལ་སྟེར་མཛད་ཅིང་། །གཞན་གྱི་སྡུག་བསྔལ་བདག་ལ་ལེན་མཛད་པས། །ཀུན་ཏུ་བྱང་ཆུབ་ཐུགས་ལས་མི་ཉམས་པ། །བརྩེ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བྱམས་པའི་རང་བཞིན་རྒྱུད་ལ་སྐྱེས་པའི་ཚེ། །འཇིག་རྟེན་དབང་ཕྱུག་མདུན་དུ་ལེགས་བྱོན་ནས། །སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་ཞེས། །མངའ་གསོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ནམ་ཞིག་སྙིང་རྗེ་ཆེན་པོ་བསྒོམས་པ་ན། །སངས་རྒྱས་བྱང་སེམས་ཏིལ་གྱི་གང་བུ་ཙམ། །ལེགས་པར་བྱོན་ནས་བྱ་བ་བྱས་སོ་ཞེས། །བསྔགས་མཛད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མངོན་པར་ཤེས་པ་ལྔ་ལ་དབང་འབྱོར་ཞིང་། །མིག་ཡོར་ལྟ་བུའི་རང་བཞིན་ཐུགས་སུ་ཆུད། །གཞན་གྱི་དོན་ལ་ནམ་ཡང་བསྙེལ་བ་མེད། །འཁོར་སྡུད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འདོད་པའི་ལོངས་སྤྱོད་ཆུ་ལྦུར་འདྲར་མཁྱེན་ཅིང་། །སྙིགས་མའི་སྐྱེ་བོ་ཆུ་རིས་ལྟར་གཟིགས་ནས། །འདུ་འཛིའི་བྱ་བ་རྩྭ་བཞིན་བཏང་གྱུར་པ། །མ་ཞེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སངས་རྒྱས་བྱང་སེམས་དུ་མའི་ཞལ་སྔ་ནས། །འདི་ནི་བསྐལ་པ་བཟང་པོའི་སངས་རྒྱས་ཞེས། །ཡང་དང་ཡང་དུ་ལུང་བསྟན་ཐོབ་གྱུར་པ། །འཕགས་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བླ་མ་མཆོག་དང་སྤྱན་རས་གཟིགས་དབང་དང་། །སྒྲོལ་མ་ལ་སོགས་ཡི་དམ་དུ་མ་ཡིས། །བྱང་དུ་ཕྱིན་ན་བསྟན་པ་དར་རོ་ཞེས། །འདོམས་མཛད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འོད་ཀྱི་མིང་ཅན་ཆོས་ཀྱི་རྒྱལ་པོ་ཡིས། །ཁ་བ་ཅན་དུ་ལེགས་པར་སྤྱན་དྲངས་ཏེ། །མཐའ་ཡས་གདུལ་བྱ་སྨིན་ཅིང་གྲོལ་བར་མཛད། །སྟོན་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ནཱ་རོ་ཌོམྦི་ཨ་ཝ་དྷཱུ་ཏཱི་པ། །རྣལ་འབྱོར་པ་ཡིས་སྣང་བ་ཕྱིན་གྱུར་ཏོ། །སྐུ་སྲོག་དོར་ཡང་བྱང་དུ་འགྲོའོ་ཞེས། །དམ་བཅས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གངས་ཅན་གནས་འདིར་ལུང་བསྟན་མང་པོ་མཛད། །སྔོན་མེད་བྱང་ཆུབ་སྤྱོད་རླབས་ཚད་མེད་འཁྲུངས། །མཐའ་ཡས་སངས་རྒྱས་རྣམས་ལ་དམ་ཆོས་ནོད། །རླབས་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་ཡི་སྤྲུལ་པ་དཔག་མེད་བཀྱེ་གྱུར་ནས། །འགའ་ཞིག་སངས་རྒྱས་རྣམས་ཀྱི་སྤྱན་སྔར་གནས། །ལ་ལ་མི་ཕམ་དྲུང་ན་ཐེག་ཆེན་གསན། །ངོ་མཚར་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ང་ནི་དགའ་ལྡན་གནས་སུ་འགྲོའོ་ཞེས། །ཡང་དང་ཡང་དུ་གཞན་ལ་གསུངས་མཛད་ཅིང་། །རིགས་གསུམ་མགོན་པོས་མངོན་སུམ་རྗེས་སུ་གཟུང་། །དཔལ་མགོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དབུས་ཀྱི་ཕྱོགས་སུ་ལེགས་པར་བཞུགས་པའི་ཚེ། །ཡི་དམ་སངས་རྒྱས་དཔག་ཡས་ནམ་མཁར་གཟིགས། །སྤྱན་རས་གཟིགས་ཀྱི་དངོས་སུ་སྣང་བ་མཛད། །མི་བསྙེལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །མི་གཡོ་མགོན་པོ་དམ་ཚིག་གསུམ་བཀོད་དང་། །དཔལ་ལྡན་བདེ་མཆོག་མཁའ་ལ་གཟིགས་གྱུར་ནས། །ཡང་དང་ཡང་དུ་ཡན་ལག་བདུན་པ་མཛད། །ཚོགས་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སེམས་བསྐྱེད་གསུང་ཚེ་མེ་ཏོག་ཆར་པ་འབབ། །སྔགས་དོན་གསུང་ཚེ་ཀུན་ལ་བདེ་སྟོང་འཆར། །མཉམ་པར་བཞག་ཚེ་འགྲོ་བའི་སྤྲོས་པ་འཇིག །མཆོག་གྱུར་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ངས་ནི་ལྷ་ཡི་མཆོད་པ་སྣ་ཚོགས་ཐོབ། །ང་ཡི་མདུན་ན་ཡི་དམ་ཐམས་ཅད་བཞུགས། །ང་ནི་མི་ཕམ་དྲུང་དུ་འགྲོའོ་ཞེས། །གསུང་བྱོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ལ་གྲོང་བདུན་ཅུ་དོན་གཉིས་བར་དག་ཏུ། །འཛམ་བུ་གླིང་འདིར་ཆོས་ཀྱིས་སྣང་བྱས་ཏེ། །བསྟན་པ་རྒྱལ་བའི་འབྱུང་གནས་ལ་གཏད་ནས། །བདེ་གཤེགས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐྱེ་རྒ་ན་འཆིའི་དགྲ་ལས་རྒྱལ་གྱུར་ཀྱང་། །འཇིག་རྟེན་གཡོ་བ་གཞན་གྱིས་རྟོགས་བྱའི་ཕྱིར། །རྨི་ལམ་ལྟ་བུར་སྙུང་བའི་ཚུལ་བསྟན་པ། །རྟོག་དཔྱོད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དགའ་ལྡན་གནས་སུ་གཤེགས་པར་དགོངས་པའི་ཚེ། །གདུལ་བྱ་ཕལ་ཆེར་མི་རྟོག་ངང་ལ་འདས། །ལ་ལ་གློ་བུར་དད་པས་མཆི་མ་བྱུང་། །མཐུ་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འཇིག་རྟེན་བྱ་བ་བློ་ཡིས་ཐོངས་ཤིག་ཅེས། །བསྙུང་བའི་ཚེ་ནའང་ལན་གྲངས་དུ་མར་གསུངས། །ཆོས་ཀྱི་སྙིང་པོ་གཞན་ལ་འདོམས་མཛད་པ། །མི་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྲིན་ལྟར་གཏིབས། །ནམ་མཁའ་ཐམས་ཅད་འཇའ་དང་འོད་ཀྱིས་བཀང་། །ལྷ་ཡི་རོལ་མོ་སྣ་ཚོགས་གྲགས་པའི་ཚེ། །ཉེར་ཞི་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྒྱུ་ལུས་འོད་གསལ་ཟུང་འཇུག་བདེ་བ་ཆེ། །སྤྲོས་མེད་བྱང་ཆུབ་སེམས་ལ་དབང་བསྒྱུར་བས། །དག་པའི་སྣང་བ་མཐའ་ཡས་རོལ་བའི་ངང་། །མྱང་འདས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དེ་ཚེ་འཕགས་མ་རྗེ་བཙུན་སྒྲོལ་མ་ཡིས། །སྤྱན་ཆབ་ཕྱུང་སྟེ་འཇིག་རྟེན་སྟོངས་སོ་ཞེས། །སྨྲེ་སྔགས་ལན་གསུམ་མཁའ་ལ་བསྒྲགས་གྱུར་པ། །དཀོན་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྒྲ་དེ་ཐོས་ནས་རྒྱ་གར་ཡུལ་ནས་ཀྱང་། །རྫུ་འཕྲུལ་ཅན་གྱི་སློབ་མ་མང་པོ་རྣམས། །འཕུར་ཏེ་འོངས་ནས་ཕྱག་དང་སྐོར་བ་ཡིས། །གྲུབ་མཛད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །དད་ལྡན་མི་ཡིས་གསོལ་བ་བཏབ་གྱུར་པ། །ལྷ་དང་མི་ཡི་མཆོད་སྤྲིན་རྒྱ་མཚོ་བརྙེས། །འགྲོ་བའི་དོན་ཕྱིར་སྐུ་གདུང་རིང་བསྲེལ་བཞག །བྱམས་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །སྡིག་པ་བཤགས་ཤིང་དགེ་ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་རྟག་ཏུ་བཞུགས་སུ་གསོལ། །གང་ཚེ་ཁྱོད་ནི་བྱང་ཆུབ་ཚུལ་བསྟན་པ། །དེ་ཚེ་བདག་དང་མ་ལུས་སེམས་ཅན་རྣམས། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་ཡོངས་བརྒལ་ཏེ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་བརྙེས་པར་མཛོད། །བདག་ནི་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་། །དུས་གསུམ་རྒྱལ་བའི་སྤྱོད་པ་ལེགས་སྤྱད་ནས། །སྲིད་པ་ཀུན་གྱི་སྐྱབས་སུ་གྱུར་པར་མཛོད། །བདག་ནི་ཚེ་འདིའི་སྣང་བ་ནུབ་མ་ཐག །དགའ་ལྡན་གནས་སུ་ཉེ་བར་སྐྱེས་གྱུར་ནས། །རྙེད་དང་བཀུར་སྟི་སྒྲུབ་པའི་མཆོད་པ་ཡིས། །འགྲོ་བའི་མགོན་པོ་རྟག་ཏུ་མཉེས་བྱེད་ཤོག །མང་ཞིག་ཁྱོད་ལ་དད་དང་གུས་པ་ཡིས། །བསྟོད་པའི་ཚིག་འདིར་གསལ་བར་འདོན་བྱེད་ན། །དེའི་རྒྱུད་ལ་རྒྱལ་བ་སྲས་བཅས་ཀྱིས། །རྣམ་པར་ཐར་པ་མྱུར་དུ་འཇུག་པར་འགྱུར། །འདི་ནི་འཛིན་ནམ་ཀློག་གམ་སྟོན་པའམ། །ཉེ་བར་སེམས་པའམ་ཁ་སྟོན་བྱེད་ཀྱང་རུང་། །འཁོར་བའི་འཇིག་པས་ནམ་ཡང་མི་བརྫི་ཞིང་། །རིང་པོར་མི་ཐོགས་བྱང་ཆུབ་རེག་པར་འགྱུར། །བསྟོད་པ་འདིས་ནི་ལན་གཅིག་བསྟོད་བྱེད་ན། །དེས་ནི་སངས་རྒྱས་སྟོང་ལ་བསྟོད་པ་སྟེ། །དེ་ནི་ལྷ་དང་མི་ཡི་མཆོད་བྱ་ཉིད། །དེ་ནི་འཇིག་རྟེན་ཀུན་གྱི་མགོན་པོར་འགྱུར། །དེ་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་མཆོག །མར་མེ་མཛད་ལ་བདག་གིས་བསྟོད་པ་ལས། །བསོད་ནམས་འཐའ་ཡས་རབ་འཕགས་གང་ཐོབ་དེས། །འགྲོ་ཀུན་སངས་རྒྱས་ས་ལ་གནས་པར་ཤོག །བསྟོད་པ་འདིའི་ཕན་ཡོན་སྔར་ཇི་སྐད་བཤད་པ་གང་ཡིན་པ་དེ་དག་ལ་ནི། མི་ཤེས་པ་རྣམས་ཀྱིས་ཚིག་འདི་ནི་མི་བདེན་པ་ཉིད་ཅེས་སྨྲ་བ་དག་སྲིད་མོད། དེ་ནི་ལོག་པའི་བློས་བསླད་པར་ཁོང་དུ་ཆུད་པར་བྱས་ཏེ། འདི་ལྟར་ཁམས་གསུམ་གྱི་མགོན་པོ་མར་མེ་མཛད་བཟང་པོ་འདི་ཉིད་ཀྱིས། གང་ལ་ལ་ང་ལ་སེམས་པར་བྱེད་པའི་སྐྱེ་བོ་དེ་དག་ནི་ནམ་དུ་ཡང་འཁོར་བར་མི་འགྱུར་རོ། །ཞེས་ཞལ་གྱིས་བཞེས་པའི་ཕྱིར་རོ། །དཔལ་མར་མེ་མཛད་བཟང་པོ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། མིང་གཞན་ཕྱོགས་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།།   །།

[1] བོ་དོང་པཎ་ཆེན་གྱི་གསུང་འབུམ། པོད། ༼ཨོཾ།༽ (ཕྱི། མ། ༧༢༤) བྲིས་མ།་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

Leave a Reply

Your email address will not be published. Required fields are marked *