༄༅། །ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ་བཞུགས་སོ།།

༄༅། །ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ་བཞུགས་སོ།།[1]

༼འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པ།༽

 

ཚུལ་ཁྲིམས་ལྷུན་པོ་ཡོན་ཏན་ལྗོན་ཤིང་གིས། །ལེགས་སྤྲས་བློ་གསལ་རི་དྭགས་ཚོགས་རྣམས་དང་། །གྲུབ་པའི་དྲང་སྲོང་རྣམས་ཀྱི་བསྟི་གནས་མཆོག །ཆོས་རྗེ་དཔལ་ལྡན་རི་བོའི་ཞབས་ལ་འདུད། །མཁྱེན་པའི་དཀྱིལ་འཁོར་ཐུགས་རྗེའི་ཤིང་རྟ་ཅན། །ཤེས་བྱའི་མཁའ་ལ་ཀུན་ཏུ་ཐོགས་མེད་ཅིང༌། །བསྟན་པ་པདྨོའི་ཚལ་རབ་རྒྱས་མཛད་པ། །ཐོགས་མེད་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །བསོད་ནམས་རྒྱ་མཚོའི་དབུས་སུ་ལེགས་པར་འཁྲུངས། །

བློ་གྲོས་ཀླུ་དབང་ཐོས་པའི་ནོར་གྱིས་ཕྱུག །ལེགས་བཤད་ཆར་གྱིས་འགྲོ་ཀུན་སྨིན་མཛད་པ། །དབྱིག་གཉེན་ཀླུ་ཡི་རྒྱལ་པོའི་ཞབས་ལ་འདུད། །ཁྱོད་ཐུགས་འཇམ་པའི་དབྱངས་ཀྱིས་གསལ་མཛད་པས། །ཤེས་བྱ་ཀུན་ལ་མཁྱེན་པ་རབ་རྒྱས་ཤིང༌། །མཁས་མཆོག་རྣམས་ཀྱི་གཙུག་གི་རྒྱན་གྱུར་པ། །དཔལ་ལྡན་ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །བློ་གྲོས་ལུས་བརྗིད་ཚུལ་ཁྲིམས་རལ་པས་མཛེས། །རྣམ་དཔྱོད་མིག་ལྡན་རིགས་པའི་མཆེ་སྡེར་གྱིས། །ཕྱིར་རྒོལ་དྲེགས་པ་གླང་པོའི་ཀླད་འགེམས་པ། །ཆོས་ཀྱི་གྲགས་པ་འཇིགས་མེད་སེང་གེ་རྒྱལ། །ཚུལ་ཁྲིམས་རྣམ་དག་མང་དུ་གསན་པ་ཅན། །རྒྱལ་དང་རྒྱལ་བའི་སྲས་ཀྱིས་རྗེས་བཟུང་ཞིང༌། །ཞི་ཞིང་དུལ་བ་ཤཱཀྱའི་རྒྱལ་པོའི་སྲས། །དཔལ་ལྡན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་བསྐལ་པ་དུ་མར་རབ་སྦྱངས་པས། །ཤེས་བྱ་མ་ལུས་ཇི་བཞིན་ཡོངས་སུ་མཁྱེན། །སྐད་གཉིས་སྨྲ་བ་གངས་ཅན་གསལ་མཛད་པ། །རིན་ཆེན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ནམ་མཁའི་རང་བཞིན་ནམ་མཁའི་ཁམས་དང་མཁའ་དང་བར་སྣང་ས་གཞིའི་གཏོས་ཀུན་གསལ་བྱེད་པའི། །ལེགས་བཤད་གསུང་ཟེར་ཚ་ཟེར་བྱེད་པའི་འོད་ཟེར་ལྟ་བུ་ཉེ་བར་འབར་བ་རབ་འཕྲོས་པས། །རྒྱ་མཚོའི་གོས་ཅན་མཐས་གཏུགས་རྒྱ་མཚོ་ལྟ་བུར་ཀུན་ནས་སྙོམས་ཤིང་ཡངས་པའི་གཞིར། །བློ་ཆེན་རྗེས་འབྲང་བློ་ཡི་ནོར་ལྡན་བློ་གྲོས་པདྨོ་ཀུན་ནས་རྒྱས་བྱེད་དེ་ལ་འདུད།། །།

[1] ཆོས་རྒྱལ་འཕགས་པའི་གསུང་རབ་དཔེ་བསྡུར་མ། ༼༡༽ བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༧ ལོ། ཤོག་ ༡༡༤-༡༡༥ བར།

Leave a Reply

Your email address will not be published. Required fields are marked *