༄༅། །ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་རྒྱས་བསྡུས།

༄༅། །ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་རྒྱས་བསྡུས།

 

ཀླུ་སྒྲུབ་དང་ཇོ་བོ་རྗེ་གཉིས་ཀྱིས་མཛད་པ།[1]

 

གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།[2] །དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་ཀྱིས་མཆོད། །ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །

གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །[3]དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྟོན་པ་འཇིག་རྟེན་ཁམས་སུ་འབྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།།ཅེས་པའི་བསྟོད་པ་ཆུང་བ་འདི་ཉིད་སློབ་དཔོན་དཔའ་བོས་མཛད་པར་གྲགས་པ་དང་། ཇོ་བོ་རྗེས་མཛད་པར་གསལ་བ་གཉིས་སྣང་བས་མཛད་པ་པོར་བཞེད་ལུགས་གཉིས་བྱུང་བས་དོན་དངོས་མཛད་པ་པོ་སུ་ཡིན་དཔྱད་དགོས་པ་ཞིག་དང་། བསྟོད་པ་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཤིང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་དང་། དཔལ་ཡུལ་དགོན་དུ་བཞུགས་པའི་དཔེ་རྙིང་གཉིས་སུ་བཞུགས་སོ།།

[1] དཔལ་ཡུལ་དགོན་དུ་བཞུགས་པའི་དཔེ་རྙིང་། པོད། ༼༦༽ ཤོག་གྲངས་ ༡༤༡

[2] ཚིགས་བཅད་དང་པོ་འདི་ཉིད་ཡབ་སྲས་མཇལ་བའི་མདོ་ལས་བྱུང་བ་ཞིག་གོ།

[3] ཅེས་བདག་ཅག་གི་སྟོན་པའི་མཛད་པ་ལ་བསྟོད་པ་ཆེ་བ་འདི་ཉིད་འབྲི་གུང་སྐྱོབས་པས་མཛད་པར་གྲགས་ལ། ཆུང་བ་འདི་སློབ་དཔོན་དཔའ་བོས་མཛད་དོ་ཞེས་ཁ་ཅིག་ལས་བྱུང་ངོ༌། །ཞེས་གསལ་ལོ།།

Leave a Reply

Your email address will not be published. Required fields are marked *