༄༅། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཅུང་ཟད་བསྔགས་པའི་ཚིག་གི་རྒྱུད་མང་དད་བརྒྱའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།

 

༄༅། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཅུང་ཟད་བསྔགས་པའི་ཚིག་གི་རྒྱུད་མང་དད་བརྒྱའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།[1]

 

༼འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པ།༽

 

ན་མཿཤྲཱི་མཱཾ་དཱི་པཾ་ཀ་རཱ་ཡ། དགེ་ལེགས་ཐུགས་རྗེའི་བདུད་རྩིའི་སྤྲིན་གྱིས་སྲིད་པ་གདུང་བ་མཐའ་དག་འཕྲོག །དཔལ་ལྡན་ཡོན་ཏན་དམ་པའི་ལྗོན་ཤིང་ཞི་བསིལ་འདོད་པ་འཇོ་བའི་གཏེར། །རིག་དང་བརྩེ་བའི་མར་མེའི་སྣང་བས་མཐའ་གཉིས་མུན་པ་བསྙིལ་མཛད་པའི། །མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། ༡།ཕུལ་བྱུང་སྲིད་ན་མངོན་མཐོའི་ཟུར་ཕུད་ཀྱིས། །

ཡང་ཡང་བསྙེན་པའི་ཞབས་སྐྱེས་བཀྲ་ཤིས་རྡུལ། །གང་དུ་བཀོད་པ་ཙམ་གྱིས་རྒྱལ་བའི་བསྟན། །སླར་ཡང་དར་ལ་བབས་པའི་ངང་ཚུལ་བཟུང་། ༢།ཨེ་མ་དེ་ཡི་རྟོགས་པ་བརྗོད་པའི་གཏམ། །རིན་ཆེན་རིན་ཐང་བྲལ་བའི་ལེགས་བཤད་དབྱངས། །དཔྱོད་ལྡན་འཕགས་དང་མཁས་པའི་མགྲིན་པ་ནས། །ཁོར་ཡུག་རི་བོའི་ཁོངས་སུ་རླུང་ལྟར་སྒྲོགས། ༣།ཐོག་མར་ཆེན་པོའི་རིགས་ཀྱི་སཱ་ལའི་ཚལ། །མཛེས་སྟེར་པདྨོ་གཞོན་ནུའི་སྙེམས་འཆང་བ། །ཤར་བའི་མོད་ནས་མཁྱེན་དང་བརྩེ་བ་ཡིས། །བདུད་རྩིའི་དོ་ཤལ་མི་ཐུང་ཅི་ཡང་རིང་། ༤།རྒྱུའོ་དྲི་བཟང་རྒྱས་པའི་ཀུ་མུ་དཱའི། །རྫིང་བུར་བུང་བ་མྱོས་པའི་ཚོགས་རྣམས་ཏེ། །ཞི་བསིལ་ཉམས་བརྒྱས་རབ་སྒེག་ཐར་པའི་གྲོང་། །འཇུག་ལ་ཁྱོད་ཐུགས་རྟག་ཏུ་ཉམས་པ་མེད། ༥།དེ་སླད་ཟླ་ཤེལ་གསར་པའི་འཛུམ་རླབས་དང་། །འཁྲུལ་པའི་རྣམ་ཐར་དཀར་པོས་མཛེས་པ་ཡང་། །ཕྱི་ནས་གྲུབ་པའི་དཔལ་གྱིས་མངོན་མཐོ་བའི། །ཚུལ་འདིས་སོམ་ཉིའི་དྲྭ་བ་འཇིལ་ལ་དབང་། ༦།སླར་ཡང་ཐམས་ཅད་གཟིགས་པས་རང་ཉིད་ཀྱི། །ཡོངས་རྫོགས་བསྟན་ལ་བྱ་བ་མཛད་པའི་སླད། །བག་མེད་འགོག་པའི་བདུད་རྩི་ཟུངས་ཤིག་ཅེས། །བསྐུལ་བའི་ངོ་མཚར་སྲིད་ན་ཉིན་བཞིན་གསལ། ༧།དེ་ཚེ་རྣམ་པར་གྲོལ་བའི་ཚུལ་ཁྲིམས་ནི། །བརྟན་མཁས་ཡོན་ཏན་བྱེ་བའི་ཕུང་པོ་ཅན། །འཆད་དང་སྤྱོད་ལ་འཕགས་མཆོག་ཨུ་པ་ལཱི། །ཁོ་ན་ཉིད་ཅེས་འཇིག་རྟེན་གསུམ་ན་སྙན། ༨།ཡུན་རིང་དུས་ནས་གོམས་པའི་ཁྱད་པར་དང་། །བརྩོན་པས་ཟབ་མོའི་དོན་ལ་མཉམ་བཞག་པས། །གཟུངས་དང་མངོན་པར་ཤེས་དང་ཏིང་འཛིན་སྒོ། །ཕ་མཐའ་ཡས་པར་འཇུག་ཅིང་ལྡང་བར་མཛད། ༩།མ་ཕྱིས་དྲི་མེད་མཁྱེན་པའི་མེ་ལོང་དུ། །བྲིས་མིན་ཤེས་བྱའི་རི་མོ་འབུམ་འཆར་བས། །བསྐུལ་བ་མེད་པར་དཔྱོད་ལྡན་རྒྱ་མཚོ་ཡིས། །ཐོར་ཚུགས་ས་ལ་དུད་པའི་བསྟི་སྟངས་སྟོབས། ༡༠།ཕྱི་ནང་རིག་གཞུང་ཀུན་གྱི་ཚིག་དང་དོན། །གང་བློའི་གྲྭ་ཟུར་གཅིག་ན་བདེར་བཟུང་བས། །ཚུལ་བཞིན་འཆད་རྩོད་རྩོམ་ལ་མཚུངས་མེད་པའི། །གྲགས་དཀར་ཡི་གེ་ཕྱོགས་ཀྱི་འགྲམ་པར་བྱིན། ༡༡།ཀུན་མཁྱེན་ཉིད་ཀྱང་འདོད་པའི་ཆགས་བྲལ་ཞིང་། །འགྲོ་བའི་མིག་སྟེ་འཆར་ནུབ་གཞན་དབང་མིན། །སྣ་ཚོགས་གཟུགས་ཀྱིས་འཇིག་རྟེན་ཁྱབ་འཇུག་ཀྱང་། །གཞན་དག་བསླུ་བའི་བསམ་སྦྱོར་གཞར་ཡང་དབེན། ༡༢།ཁྱད་པར་བསིལ་ལྡན་ལྗོངས་སུ་ཐུབ་པའི་བསྟན། །སྙིགས་སྤྱོད་གདུང་བའི་མལ་དུ་ཉམ་ཐག་ཚེ། །རྗེ་བཙུན་འཕགས་མས་བསྐུལ་བའི་དེ་མ་ཐག །གང་ཁྱོད་ཁ་བའི་ཁྲོད་འདིར་དལ་གྱིས་གཤེགས། ༡༣།དེ་ཚེ་སྙིང་རྗེས་རབ་བརླན་བྱང་ཆུབ་སེམས། །སྲ་ཞིང་ལྕི་དང་གཡོ་བའི་མཆིལ་པ་རུ། །གྲུབ་པ་མིན་ཡང་ཚུར་མཐོང་རྣམས་ཀྱི་ཡིད། །མཐའ་དག་གཞུ་བཞིན་བཀུག་པའི་ངོ་མཚར་བཟུང་། ༡༤།མཐའ་ཀླས་སྲས་བཅས་རྒྱལ་བའི་ཐུགས་ཀྱི་བཅུད། །སྐྱེས་བུ་གསུམ་གྱི་ལམ་རིམ་ཁོ་ནས་ཀྱང་། །ཟབ་རྒྱས་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཀུན། །གདམས་ངག་གཅིག་ཏུ་འཆར་བའི་མཚན་སྙན་ལེན། ༡༥།སྡེ་སྣོད་རྒྱ་མཚོའི་བཤད་སྒྲ་སྒྲོག་པ་དང་། །ལྷན་ཅིག་མཁས་པའི་འདུ་བ་ཆེར་རྒྱས་ཤིང་། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་དགེ་མཚན་གྱིས། །རྨད་བྱུང་གྲུབ་པའི་ལམ་སྲོལ་གསར་དུ་ཚུགས། ༡༦།དེ་ཕྱིར་དགའ་ལྡན་གནས་སུ་མ་ཕམ་ཞབས། །འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་ཡི་དབང་། །གངས་རིའི་ལྗོངས་འདིར་མར་མེ་མཛད་དཔལ་རྣམས། །ཀུན་མཁྱེན་གཉིས་པར་གྲགས་པའི་སྒྲ་དེ་འཛིན། ༡༧།གང་གི་བསྐལ་པར་གོམས་པའི་ཐུགས་བསྐྱེད་ཀྱིས། །བསྟན་འགྲོར་ཕན་བདེ་བསྒྲུབས་ལ་ངོ་མཚར་ཅི། །བསོད་ནམས་བྱེ་བའི་རང་གཟུགས་མཚན་དཔེའི་བྱིན། །འདེགས་བཟོད་བྷོ་ཊའི་ལྗོངས་འདི་ཨེ་མ་བརླིང་། ༡༨།དེ་སླད་མཐོང་ན་མི་མཐུན་མེད་པའི་ཞལ། །མངོན་སུམ་བསྙེན་པའི་སྐལ་བཟང་བཏང་གྱུར་ཀྱང་། །ཡིད་བཞིན་འདོད་པ་འཇོ་བའི་ཞལ་སྐྱིན་མཆོག །མཇལ་བས་མོས་པའི་ཆུ་གཏེར་སྙིང་ལ་ཁོལ། ༡༩།གང་ཕྱིར་དད་བརྒྱའི་དཔྱིད་ཀས་བཟུང་བ་ཡི། །ཚིག་སྦྱོར་མེ་ཏོག་ཕྲ་མོའི་མཆོད་སྤྲིན་གྱིས། །ཅུང་ཟད་བསྙེན་བཀུར་བགྱིས་པའི་བསོད་ནམས་ཀྱིས། །ཡེ་ཤེས་གཟིགས་པའི་འབབ་སྟེགས་མཛེས་པར་བྱས། ༢༠།དེ་ལས་བྱུང་བའི་ལེགས་བྱས་སྣང་བ་ཡིས། །ངེས་འབྱུང་ལོ་འདབ་མངོན་མཐོའི་ཐོར་ཚུགས་ཀྱིས། །དུད་བྱས་བྱང་ཆུབ་སེམས་གཉིས་པདྨོ་དང་། །ཡང་དག་ལྟ་བའི་འབྲས་བུས་འཁྱུད་གྱུར་ཅིག ༢༡།ཁྱད་པར་དྲི་མེད་ཐུབ་བསྟན་རིན་པོ་ཆེའི། །བཤད་སྒྲུབ་གདུགས་དཀར་སྲིད་རྩེར་བསྒྲེངས་པ་ལས། །འགྲོ་ཀུན་གནས་སྐབས་མཐར་ཐུག་དོན་གཉིས་ཀྱི། །ངལ་འཚོའི་དགའ་སྟོན་མཆོག་ཏུ་རྒྱས་པར་ཤོག ༢༢།མདོར་ན་རིག་དང་བརྩེ་བའི་ཡོན་ཏན་མཁའ་བཞིན་ཕ་མཐའ་ཡས་པའི་དཔྱིད། །རྣམ་འདྲེན་སྲས་བཅས་དགྱེས་པའི་ཟླ་བ་གྲགས་སྙན་བདུད་རྩིའི་དོ་ཤལ་གྱིས། །འཁྱུད་པའི་ངོ་མཚར་སྲིད་ན་མཚུངས་མེད་ཕུལ་བྱུང་ཞབས་ཀྱི་རྣམ་ཐར་དག །བདག་གཞན་ཡིད་ཅན་རྒྱ་མཚོའི་ཚོགས་རྣམས་སྤྱོད་ཡུལ་མཉམ་པ་ཉིད་གྱུར་ཅིག ༢༣།དེ་ལྟར་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། རྗེ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་དཔལ་གྱི་སྙེ་ཐང་དུ་སྐུ་འདྲ་རིན་པོ་ཆེ་ཡིད་བཞིན་ནོར་བུའི་སྤྱན་སྔར་ས་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་རྒྱལ་ཁམས་ཉུལ་བའི་ད་རི་དྲཱ་གཙུག་ལག་སྨྲ་བའི་ཉི་མས་སྣང་གསལ་ཞིག་གི་ངོགས་སུ་འབད་པས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།།  །།

 

[1] མཁྱེན་བརྩེའི་དབང་པོའི་གསུང་འབུམ། པོད། ༼ཀ༽ བསྟོད་ཚོགས། དཔེ་རིང་། ཤོག་གྲངས་ ༥༣ན༤ ནས་ ༥༥ན༥ བར།

Leave a Reply

Your email address will not be published. Required fields are marked *