༄༅། །ཇོ་བོ་བོད་དུ་བྱོན་པའི་རྣམ་ཐར།

 

༄༅། །ཇོ་བོ་བོད་དུ་བྱོན་པའི་རྣམ་ཐར།[1]

 

༼ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ (1507-1565) གིས་མཛད་པ།༽

རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དཱི་པཾ་ཀཱ་རའི་སྙན་པའི་བ་དན་ནི། །སྲིད་གསུམ་སྐྱེ་བོའི་རྣ་བའི་རྒྱན་དུ་བྱས། །ཁྱད་པར་སྤུ་རྒྱལ་བོད་ཀྱི་རྒྱལ་པོ་དེའི། །རྣ་བར་ལྷུང་བས་སྙིང་གི་པདྨོ་རྒྱས། །གཙུག་ལག་ཁང་གྲུམ་ར་བ་བཅོས་པ་ན། །འདྲེ་སྲིན་རྣམས་ཀྱིས་རྣམ་པར་འཚེ་བར་བྱེད། །ལྟ་ངན་བོན་དང་སྦྱོར་སྒྲོལ་ལོག་པའི་ཚོགས། །

ཐར་པའི་སྲོག་གཅོད་ངན་འགྲོའི་གཡང་སར་འཁྲིད། །ང་ནི་རྒྱ་གར་མཁན་པོ་ཨ་ཏི་ཤ །ལུས་སྲོག་བྱ་དཀའ་གང་ལའང་མ་བལྟས་པར། །སངས་རྒྱས་བསྟན་པའི་མེ་རོ་གསོ་སྙམ་པའི། །ལྷག་བསམ་ཟླ་བ་ཚེས་འདྲས་བསྐུལ་གྱུར་ནས། །བློ་ལྡན་སྐྱེས་བུ་གཟུགས་གྱུར་བཅུ་དྲུག་ལ། །གསེར་དང་འཕྲིན་བསྐུར་ཡང་ཡང་མགོན་པོ་དེའི། །ཕྱོགས་སུ་བརྫངས་ཀྱང་སྔོན་གྱི་ལས་དབང་གིས། །དེ་དག་སྦྲུལ་དུག་ཚད་ནད་དག་གིས་བཀུམས། །ད་དུང་སྙིང་སྟོབས་གོ་ཆ་རབ་བརྟན་པ། །ཡེ་ཤེས་འོད་དེས་གསེར་ཚོལ་ཕྱིར་བྱོན་པས། །གར་ལོག་གིས་བཟུང་ཆོས་སྤོངས་ཡང་ན་ནི། །རང་མཉམ་གསེར་གྱིས་བླུས་ཞེས་འཕྲིན་དུ་སྤྲིངས། །དེ་ཐོས་བྱང་ཆུབ་འོད་ཀྱིས་གསེར་དང་བཅས། །གར་ལོག་ཡུལ་བྱོན་སྲང་གཞལ་ད་དུང་ཡང་། །ཆོས་རྒྱལ་དབུ་ཡི་ཚད་ཙམ་མ་འགོར་བས། །དེ་ཚོལ་དོན་དུ་རང་ཡུལ་འབྱོན་པར་བརྩམས། །དེ་དུས་ཁུ་བོ་ཁྲི་མུན་བཞུགས་པའི་སྐོར། །བྱོན་ནས་སྐད་གསང་མཐོན་པོས་འདི་སྐད་གསོལ། །སྔོན་ལས་དབང་གིས་བསྐྱོད་པའི་མ་ལི་ཀའི། །ཕྲེང་མཛེས་ངན་སྐྱུགས་ཁྲོན་པར་འདི་ལྟར་དོར། །རབ་འཇིགས་དམག་དང་ཆོས་སྤོང་བདག་ཅག་གིས། །ཁྱོད་ཐུགས་འགལ་སྙམ་བགྱི་བར་ཅུང་མ་ནུས། །གསེར་བཙལ་བླུ་ཕྱིར་འབད་ཀྱང་ད་དུང་ཡང་། །བག་ཙམ་མ་ཁོར་མྱུར་དུ་རྩོལ་བ་བསྐྱེད། །དེ་བར་སྔོན་ལས་དགོངས་ཤིང་འགྲོ་ཀུན་གྱི། །སྡུག་བསྔལ་ཁུར་དུ་བསྟེན་ཞིང་བཞུགས་འཚལ་ལོ། །ཞེས་ཞུས་རྟེན་མེད་ཐུགས་ནི་བློང་བློང་པོ། །རྩོལ་མེད་མཆི་མས་བཞིན་རས་པད་མཚོ་བཀབ། །དེ་ནས་ཡེ་ཤེས་འོད་ཀྱིས་སླར་གསུངས་པ། །ཚ་བོ་བུ་ལས་ལྷག་པའི་སྙིང་སྟོབས་ཅན། །ཐོག་མེད་དུས་ནས་ད་ལན་ཙམ་ཞིག་ལས། །ཆོས་ཕྱིར་སྲོག་ནི་ནམ་ཡང་གཏོང་མ་མྱོང་། །ད་ལན་ཁོ་བོས་རྙེད་པའི་མཆོག་རྙེད་པ། །འདི་ལ་དཔོག་ལ་དམ་ཆོས་དཀའ་བས་ཚོལ། །སྡིག་རྒྱལ་འདི་ལ་ང་ཕྱིར་ར་ཏི་ཡི། །གསེར་ཙམ་གཅིག་ཀྱང་སྦྱིན་པར་མི་འོས་ཀྱི། །གང་ཡོད་གསེར་གྱིས་ད་དུང་ཨ་ཏི་ཤ །བོད་ཡུལ་མུན་པ་སེལ་ཕྱིར་སྤྱན་དྲོངས་ཤིག །མགོན་པོ་དེ་ལ་ཁོ་བོའི་འཕྲིན་འདིའང་གསོལ། །ཁྱོད་ཕྱིར་བདག་གི་སྲོག་ཀྱང་བལྟོས་མེད་བཏང་། །འོན་ཀྱང་ཚེ་འདིར་མཇལ་བའི་སྐལ་བས་དབེན། །ཕྱི་མ་རྗེས་སུ་འཛིན་ཅིང་བདག་ཉིད་ཀྱི། །བསམ་པའི་གཙོ་བོ་བོད་ཡུལ་འབྱོན་པ་མཁྱེན། །ཐུབ་པའི་བླ་མ་འཇམ་དབྱངས་སྤྲུལ་པའི་སྐུ། །ཡེ་ཤེས་འོད་ཀྱིས་དེ་སྐད་བཀའ་སྩལ་པས། །བྱང་ཆུབ་འོད་ནི་ཡི་རང་རྒྱལ་སྲས་ཀྱི། །རླབས་ཆེན་མཛད་པས་སྙིང་གི་སྤུ་ལོང་གཡོས། །སྤྱི་བོར་ཐལ་སྦྱར་ཨེ་མ་ཧོ་སེམས་དཔའ་ཆེ། །དེ་ལྟར་བགྱིས་ལགས་སྐྱེ་བ་ཐམས་ཅད་དུའང་། །བྱང་ཆུབ་སྤྱོད་པ་བློ་ཆུང་བསམ་པ་ཡི། །ཐར་པའི་བར་ཆད་གང་དུའང་མི་འགྱིད་འཚལ། །ཞེས་བརྗོད་མཐིང་སྔོན་རལ་པའི་གེ་སར་རྩེར། །ཞབས་སེན་ཟླ་བའི་ཐིག་ལེ་ངལ་བསོས་ནས། །སྣང་ཚུལ་སྐྱོ་ཡང་བསམ་ཡུལ་ཐེག་ཆེན་གྱིས། །སྙིང་སྟོབས་ཆེན་པོའི་གོ་ཆ་བགོས་པར་གྱུར། །དེ་མ་ཐག་ཏུ་ལོག་ལྟའི་རྒྱལ་ངན་གྱིས། །ཆོས་རྒྱལ་སྐུ་མནོངས་མོད་ལ་འཇའ་འོད་དང་། །མེ་ཏོག་བསིལ་གཡབ་ཡིད་འོང་དྲི་བཟང་གིས། །འཛིན་མའི་ཁྱོན་འདི་བཀང་ནས་ལྷ་ཡུལ་གཤེགས། །བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ། །དཔོན་གཡོག་བདུན་ལ་གསེར་སྲང་བདུན་བརྒྱ་བསྐུར། །ཁུ་བོའི་དགོངས་པ་བཀང་ཕྱིར་ཨ་ཏི་ཤ །སྤྱན་འདྲེན་ཞུ་ཕྱིར་སླར་ཡང་རྒྱ་གར་བརྫངས། །བཤུལ་རིངས་ལམ་ལ་དུབ་པས་སྨྱུག་སྦུབས་སུ། །མནལ་བར་མཛད་ཚེ་གཞོན་ནུ་ཤེལ་མདོག་ཅན། །གཅིག་གིས་བསླངས་ནས་མྱུང་དུ་སོང་ཞེས་གསུངས། །སུ་ཡིན་དྲིས་པས་རིམ་གྱིས་ཤེས་འགྱུར་སྐད། །གངྒཱའི་འགྲམ་དུ་གཉན་པས་གྲུ་མ་སྦྱིན། །སེམས་ཞུམ་གསེར་རྣམས་བྱེ་འོག་སྦས་ནས་ཉལ། །མཚན་ཕྱེད་ཙམ་ན་གཉན་པ་དཀར་པོ་ཞིག །ཡིག་དྲུག་གླུ་དབྱངས་ལེན་ཅིང་མཚོ་མཐར་བསྐྱལ། །དེ་ནས་བི་ཀྲ་མ་ཡི་གཙུག་ལག་ཏུ། །པཎ་ཆེན་གནམ་གྱི་སྐར་མ་ཙམ་དང་མཇལ། །འོན་ཀྱང་མཁྱེན་བརྩེའི་ཉི་ཟླས་བརྒྱན་པའི་སྐུ། །ཇོ་བོ་གང་ཡིན་མ་ཤེས་ཡིད་སྐྱོ་བསྟེན། །འབྲོམ་སྟོན་ཐུགས་རྗེའི་རྣམ་སྤྲུལ་བགྲང་ཡས་ཀྱིས། །གནས་བརྟན་ནོར་བཅོལ་ལམ་བཤད་གསང་བར་གདམས། །ཇོ་བོའི་ངོ་སྤྲད་འབྱོན་པར་གསོལ་བ་བཏབ། །དཀའ་བའི་གནས་བཀྲོལ་བརྩོན་སེང་འབྲོག་ཆུང་སྤྲུལ། །བྱིས་པ་དེ་ལ་སྙན་པའི་ཚིག་དང་བཅས་ནས་དྲང་སྲོང་རྒན་པོའི་གཟུགས་ཀྱི། སྤྲང་ཕྲུག་གཟུགས་ཀྱི། བྱིས་པ་དང་བུ་མོའི་གཟུགས་ཀྱི། མི་དཀར་གྱི་གཟུགས་ཀྱི། རྒྱ་བརྩོན་སེང་བོད་དུ་ཇོ་བོ་འབྱོན་པར་ངེས་ཀྱི་བར་སྤྲུལ། བི་ཀྲ་མ་ཤི་ལའི་སྒོ་དྲུང་དུ་མཚན་ཕྱེད་ཙམ་གྱིས་རྟོལ་བ་ན་སྒོ་ཁུང་ནས་བོད་བརྩོན་སེང་གི་སྐད་འདྲ་བ་གཅིག་གིས། ད་ལྟ་ནམ་གྱི་དགུང་དུ་སྣང་། སྐྱ་རེངས་དང་པོ་ཙམ་ལ་སྒོ་འབྱེད། དེ་བར་སྒོ་དྲུང་གི་བྱིས་པ་དེ་ལ་ནོར་བཅོལ་ལ་བདེ་བར་ཉོལ་གསུངས། ཇོ་བོའི་མནལ་ལམ་བལ་པོར་ལི་ཡུལ་གྱི་རྒྱལ་པོ་དགེ་བའི་བློ་གྲོས་ལ་མཐའ་འཁོབ་འདུལ་བའི་རྟེན་ཁྱད་པར་བཞིན་རང་གིས་བླངས་པ་རྫོགས།།  །།

དེ་ནས་ནོར་དང་བྱང་ཆུབ་འོད་ཀྱི་འཕྲིན། །མ་ལུས་རྫོགས་པར་ཇོ་བོའི་སྙན་དུ་ཕུལ། །ཁྱད་པར་ཡེ་ཤེས་འོད་ཀྱི་འཕྲིན་སྤྲིངས་པས། །ཇོ་བོའང་བརྩེ་བའི་སྤྱན་ཆབ་ཉིལ་མཛད་ནས། །བོད་ཀྱི་མི་ནོར་མང་པོ་བདག་ཕྱིར་ནོངས། །དེ་ཕྱིར་སེམས་ལ་ཁུར་པོ་རི་བས་ལྕི། །རྒྱལ་པོ་ཡེ་ཤེས་འོད་ཁོང་འོ་རེ་བརྒྱལ། །གར་ལོག་སྡིག་ཅན་ངན་པ་སྙིང་རྗེའི་གནས། །ཞེས་གསུངས་སྒྲོལ་མ་འབར་བའི་གཙུག་ལག་ཏུ། །གསེར་རྣམས་མཎྜལ་ཚུལ་བཤམས་རྩེ་གཅིག་པས། །སྒྲོལ་མཛད་རྒྱལ་བའི་ཡུམ་ལ་གསོལ་བཏབ་མཛད། །འཕགས་མས་ངོ་མཚར་སྐུ་ཡི་བཀོད་པ་བསྟན། །ཚངས་དབྱངས་གསུང་གིས་ལུང་བསྟན་འདི་ལྟར་མཛད། །དཱི་པཾ་ཁྱོད་ཀྱི་གདུལ་བྱ་བོད་ན་འདུག །ཁྱད་པར་ཨུ་པ་སི་ཀ་ཅིག་ལ་ཕན། །ཚེ་ལོ་ཉི་ཤུ་འབྲི་འགྱུར་དེ་ལྟ་ནའང་། །འགྲོ་བའི་དོན་ནི་མུ་མཐའ་མེད་པར་འབྱུང་། །བདུན་བཅུ་གཉིས་ལ་བྱམས་པའི་ཞབས་དྲུང་དུ། །པདྨའི་སྙིང་པོ་སེངྒེའི་ཁྲིར་འདུག་པའི། །ནམ་མཁའ་དྲི་མེད་སྙིང་པོ་ཞེས་བྱ་བའི། །རྒྱལ་བའི་སྲས་སུ་འགྱུར་བར་གདོན་མི་ཟ། །ཞེས་གསུངས་སྔ་ཕྱིར་བླ་མ་ཡི་དམ་གྱི། །ལུང་བསྟན་མཛད་པ་དང་མཐུན་ཐུགས་རངས་ཏེ། །ཨ་ཏི་ཤ་ཡི་ཕན་དགོངས་ལྡན་པའི་ཐུགས། །བོད་ཡུལ་གངས་རིའི་ཕྱོགས་སུ་མངོན་པར་ཕྱོགས། །ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་རྣམས། །གཟུར་གནས་མཁས་པ་བརྒྱ་རྩ་བརྒྱད་ལ་གཏད། །རང་གི་བདོག་པའི་དངོས་ཀུན་ཕོངས་པ་ཡི། །བཟའ་བཏུང་ཕྱིར་དུ་བལྟོས་མེད་སྦྱིན་གཏོང་མཛད། །རང་རང་ཡི་བདག་པོ་རྣམས་བསྐུལ་ནས། །གཙུག་ལག་ཁང་ཆེན་རྣམས་ཀྱི་ཞིག་རལ་བསོས། །ཛཱེ་ཏཱ་རེ་དང་བྱང་ཆུབ་བཟང་པོ་དང་། །རིགས་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏི་པ། །ར་ཧུ་ལ་དང་ཌོམྦྷི་པ་ལ་སོགས། །ཆོས་ཀྱི་འབྲེལ་བའི་བླ་མ་ཐམས་ཅད་ལ། །ཕྱག་མཆོད་བསྙེན་བཀུར་སྨོན་ལམ་བརྒྱ་ཕྲག་མཛད། །དེ་ནས་བལ་པོ་ནས་བརྒྱུད་བོད་ཡུལ་བྱོན། །ལྟ་བ་མཐོ་ཞིང་སྤྱོད་པ་ཞིབ་པ་ཡིས། །ཆོས་ཀྱི་འཁོར་ལོ་ཡུལ་ཕྱོགས་ཀུན་ཏུ་བསྐོར། །ཁྱད་པར་བྱང་ཆུབ་འོད་ཀྱི་དགོངས་པའི་དོན། །ཐམས་ཅད་ཆོས་དང་མཐུན་པར་མཛད་པའི་མཐར། །ཁུ་རྔོག་འབྲོམ་གསུམ་དད་བརྩོན་ཤིང་རྟ་ཡིས། །འཛམ་གླིང་བསྟན་པའི་ཉི་མ་ཨ་ཏི་ཤ །དབུས་གཙང་དག་པའི་མཁའ་ལ་ལེགས་དྲངས་པས། །སྐལ་ལྡན་མང་པོའི་བློ་ཡི་པད་ཚལ་ཕྱེ། །ཤུལ་ལམ་ཀུན་ཏུའང་ཐར་པའི་ས་བོན་བཞག །ལྐོག་གྱུར་ཆོས་འགའ་མ་འོངས་ལུང་བསྟན་མཛད། །མཐོང་ཐོས་དྲན་རེག་ཐར་པའི་ལམ་ལ་བཀོད། །སྤྱན་རས་གཟིགས་དབང་དགྱེས་པའི་གདོང་བསུས་ནས། །ཨ་ཏི་ཤ་ལ་བསུ་བ་མཛད་ཅེས་གླེང་། །རྒྱལ་བློན་དུས་ཀྱི་གཏེར་རྣམས་སྒོ་ཕྱེ་ནས། །སྔོན་དུས་བཞེངས་པའི་ལྷ་ཁང་དཀར་ཆག་དང་། །མ་འོངས་འབྱུང་ཚུལ་དུ་མ་གསལ་བར་བསྟན། །འགྲོ་བའི་དོན་དང་ཆོས་ཀྱི་བྱ་བ་རྣམས། །དུས་རྣམས་ཀུན་ཏུ་རྒྱུན་ཆད་མེད་པར་བསྒྲུབས། །དེ་སླད་ཨ་ཏི་ཤ་ཡི་བཀའ་དྲིན་ནི། །ཆ་ཙམ་དྲན་པའི་དད་པའི་སྤུ་ལོང་གསོས། །ཞེས་འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤ་བོད་ཡུལ་དུ་བྱོན་པའི་རྣམ་པར་ཐར་པ་ཅུང་ཟད་ཙམ་ཡི་གེར་བཀོད་པའོ།།  །།

 

[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དོན་བསྡུས། པོད། ༼ཨཱ༽ དཔེ་རིང་། ཤོག་གྲངས་ ༣བ༤ ནས་ ༥བ༤ བར།

 

Leave a Reply

Your email address will not be published. Required fields are marked *