༄༅། །ཇོ་བོ་དགའ་ལྡན་ཆོས་ཀྱི་མདུན་སར་དགོངས་པ་བསྐྱོད་པའི་རྣམ་ཐར།

 

༄༅། །ཇོ་བོ་དགའ་ལྡན་ཆོས་ཀྱི་མདུན་སར་དགོངས་པ་བསྐྱོད་པའི་རྣམ་ཐར།[1]

 

༼ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ (1507-1565) གིས་མཛད་པ།༽

 

ཀུན་དའི་མདངས་འཕྲོག་གངས་ཅན་མཐའ་ཁོབ་འདིར། །དམ་པའི་ཆོས་ཀྱི་དགའ་ཚལ་ཨ་ཏི་ཤས། །རྣམ་པར་ཕྱེ་ཞིང་རྣམ་གྲོལ་མཆོག་ཉིད་ལ། །འགྲོ་མང་བཀོད་ཚུལ་ཆ་ཙམ་ཡི་གེར་བྲིས། །ཇོ་བོ་དགའ་ལྡན་ཆོས་ཀྱི་མདུན་སར་དགོངས་པ་བསྐྱོད་པའི་རྣམ་ཐར། རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཁས་གྲུབ་དཔལ་གྱི་མར་མེ་མཛད་པ་དེ། །རྒྱ་གར་ཡུལ་དུ་བསྟན་པའི་སྒྲོན་མེ་མཛད། །

ཐུགས་རྗེ་ཆེན་པོས་བོད་ཡུལ་མུན་པ་བསལ། །མཛད་པ་ཐམས་ཅད་ཡོངས་སུ་རྫོགས་རྗེས་སུ། །གདུལ་བྱའི་དོན་དུ་བསྙུང་བའི་ཚུལ་བསྟན་ཚེ། །ཆོས་དབྱིངས་ནམ་མཁའི་བུ་མོ་སྔོ་སངས་མ། །རྣམ་བཀྲའི་ཆུ་འཛིན་གསར་པའི་གོས་གྱོན་ཞིང་། །ཡིད་འོང་འཇའ་འོད་འཁྱིལ་བའི་རྒྱན་ལྡན་མས། །ལྷ་རྫས་མེ་ཏོག་ཆར་པ་འབེབས་པར་སྣང་། །ལྗོན་ཤིང་དུ་མ་མྱ་ངན་འཁྱོག་ཡིད་ཅན། །སྐྲ་ཡི་ལོ་འདབ་རླུང་གིས་ཕྱོགས་བཅུར་གཏོར། །སྡུག་བསྔལ་ཤུགས་གླུ་སྙིང་གི་ཚེར་མ་ནི། །སེར་བུའི་དབྱངས་ལ་བསྐྱོན་ནས་ལེན་པར་བྱེད། །འཛམ་གླིང་ཉི་མ་གླིང་གཞན་ཤིང་རྟ་ཡིས། །ཉེར་དྲངས་རང་གླིང་ནུབ་རིའི་རྩེར་སོན་ཚེ། །བསྟན་ལ་དགའ་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །མཆི་མས་ཕྱོགས་དེར་ཆག་ཆག་བཏབ་པ་བཞིན། །སྙིང་རྗེའི་གཏེར་གྱུར་ཨ་ཏི་ཤ་ཡི་ཐུགས། །དགའ་ལྡན་ཆོས་ཀྱི་མདུན་སར་ཉེར་དགོངས་ཚེ། །འབྲོམ་རྗེས་རིན་ཆེན་གསེར་གྱི་མཎྜལ་ཕུལ། །གུས་པས་ཐལ་སྦྱར་གདུང་བའི་ཚིག་འདི་ཞུས། །ཀྱེ་མ་འདོད་དགུའི་དཔག་བསམ་ཨ་ཏི་ཤ །ཕན་དགོངས་ལྡན་པའི་ལྷ་ཅིག་བདག་ལ་གསོན། །སྲིད་མཐའི་བར་དུ་ཁྱོད་ཞབས་བརྟན་གྱུར་ཅེས། །འབྲོམ་རྗེ་ཉིན་མཚན་ཀུན་ཏུ་གསོལ་བ་འདེབས། །འདབ་གཤོག་མ་རྫོགས་བྱིའུ་ཚང་བོར་ནས། །མ་ནི་མཁའ་ལ་བསྐྱོད་པར་བྱེད་དམ་ཅི། །དེ་ལྟ་ན་ནི་ཐུགས་རྗེའི་གཏེར་ཆེན་ཞེས། །ལྷ་བཅས་ཀུན་གྱིས་མཚན་གསོལ་ཇི་ལྟར་ལགས། །མགོན་པོས་མགོན་མེད་བདག་ཅག་རིང་དོར་ནས། །གྲངས་མེད་ཞིང་དུ་སྨོན་ལམ་མཛད་པ་ཡི། །དགོས་པ་མཆོག་དང་དབང་བཅུ་མངའ་བའི་མཐུ། །ངོ་མཚར་རྫུ་འཕྲུལ་དེ་ནི་གང་དུ་ཐལ། །ཁྱོད་ཉི་ཞི་བའི་དབྱིངས་སུ་རབ་བཞུད་ནས། །ཉན་རང་དམན་པའི་ལམ་དུ་ཇི་ལྟར་གཤེགས། །འགྲོ་དྲུག་ཐམས་ཅད་མྱ་ངན་ཁང་བུ་རུ། །ཞུགས་འདིས་ཁྱེད་ཀྱི་ཐུགས་རྗེ་ཅིས་མི་བསྐུལ། །དེ་ལྟར་ལགས་པས་དཱི་པཾ་ཀཱ་ར་ཁྱེད། །སྐུ་ཚེ་བརྟན་པའི་བཀྲ་ཤིས་རབ་འབར་བ། །མིག་འཕྲུལ་མངའ་བ་རང་གི་ལེགས་དགོངས་ནས། །ཉམ་ཐག་རེ་བའི་འབྲས་བུ་མཐུ་ལྡན་ཞུ། །དེ་སྐད་འབྲོམ་རྗེ་སྙིང་རྗེ་ཆེན་པོ་ཡིས། །རབ་ཞུས་ཨུཏྤལ་འདབ་འདྲའི་སྤྱན་ཡངས་ལས། །གདུང་ཤུགས་དྲག་པོས་བསྐྱོད་པའི་སྤྱན་ཆབ་ཀྱིས། །མུ་ཏིག་ཕྲེང་བ་འཐོར་ལྡན་ཨ་ཏི་ཤ །ཟུར་གྱིས་གཟིགས་ནས་བརྩེ་བའི་གསུང་བྱོན་པ། །ཨུ་པ་སི་ཀ་དེ་ཙམ་གདུང་བས་ཅི། །ཁོ་བོ་ཚེ་མཐར་ཕྱིན་ཟིན་འགྲོ་བའི་དོན། །བགྱི་བར་འོས་པའི་ཚོགས་ཀུན་ཡོངས་སུ་ཟིན། །ད་ནི་ནམ་མཁའ་དྲི་མེད་སྙིང་པོ་ཞེས། །རྒྱལ་སྲས་གཟུགས་བཟུང་བྱམས་མགོན་མཉེས་པ་བསྒྲུབ། །ཁྱོད་ཀྱང་སྐྱེ་བ་འདི་ཡི་འོག་རོལ་ཏུ། །དེ་དྲུང་བསྙེགས་ནས་གསུང་གླེང་བགྱིད་པར་སྨོན། །དེ་ལྟར་ལགས་སོ་བསྟན་པ་སྐྱོང་བ་དང་། །སློབ་དཔོན་མདོ་སྡེ་དག་ལ་བརྟེན་པར་གྱིས། །དེ་སོགས་བརྩེ་བའི་གསུང་གིས་དབུགས་དབྱུང་མཛད། །རྣལ་འབྱོར་པ་སོགས་ཞབས་དྲུང་འཁོར་རྣམས་ལའང་། །ཚེ་འདི་བློས་བཏང་བསམ་པ་བཟང་པོ་བསྟེན། །ཨེ་མ་འདུས་ཤིང་འབྲལ་བ་མི་རྟག་ཆོས། །ངང་ཚུལ་ཉིད་དུ་ཤེས་པར་གྱིས་ཤིག་གསུང་། །དེ་ནས་བཅོ་བརྒྱད་ཉིན་ཕྱེད་ཨ་ཏི་ཤ །བསྟན་པའི་ཉི་མ་དགའ་ལྡན་ལྷ་ཡུལ་གཤེགས། །ཙན་དན་ཕྱེ་མས་བསྒོས་པའི་ལྷ་རྫས་ཀྱི། །མེ་ཏོག་ཕྲེང་བས་མཁའ་དབྱིངས་ཀུན་བཀང་ནས། །སྐུ་གདུང་རིན་ཆེན་འཛིན་མའི་ས་གཞི་ཁྱབ། །སྒྲོལ་མས་ཀྱེ་ཧུད་འཇིག་རྟེན་སྟོངས་སོ་ཞེས། །འཛམ་གླིང་ཡོངས་ཐོས་སྒྲ་ཆེན་ལན་གསུམ་བསྒྲགས། །དེ་དུས་འཕགས་ཡུལ་པཎ་གྲུབ་དད་ཅན་རྣམས། །མཁའ་ལ་བྱ་བཞིན་འཕུར་ནས་བོད་ཡུལ་བྱོན། །ལེགས་སྦྱར་སྐད་དུ་གདུང་བས་གསོལ་བ་བཏབ། །སླར་ཡང་རྫུ་འཕྲུལ་སྟོབས་ཀྱི་རྒྱ་གར་བཞུད། །དེ་ཚེ་ཙནྡན་ཤིང་ལ་མེ་སྦར་ནས། །སྐུ་གདུང་རིན་ཆེན་ལེགས་སྦྱངས་གདུལ་བྱ་ཡི། །དོན་དུ་སྐུ་གདུང་རིང་བསྲེལ་ཤ་རཱི་རཾ། །གང་གི་ཐུགས་རྗེ་དེང་འདིར་སྤྲུལ་པ་རྣམས། །དད་མོས་རྟེན་དུ་ལྷུང་བཟེད་མཁར་གསིལ་དང་། །ཆོས་གོས་གསུམ་དང་ཉིད་ཀྱི་སྐུ་འབག་སོགས། །སྤྲུལ་པའི་འབྲོམ་རྗེས་ཉེ་བར་བསྐྲུན་པ་གང་། །དིང་སང་དུས་ནའང་འགྲོ་བའི་མིག་གི་དཔལ། །དུག་ལ་བདུད་རྩི་ཇི་བཞིན་འགྲོ་བའི་བློ། །ཆོས་མིན་ཆོས་ལ་བསྒྱུར་བའི་སྐུ་དྲིན་ཅན། །ཨ་ཏི་ཤ་ཞེས་སྲིད་གསུམ་ཡོངས་གྲགས་པའི། །ཞབས་ལ་སྤྱི་བོས་ལན་བརྒྱར་ཕྱག་བགྱིའོ། །རྨོངས་པའི་ཁང་བུར་ཡུན་རིང་མི་ཤེས་པའི། །མུན་པས་ཁྱབ་པའི་གངས་ཁྲོད་ཀླ་ཀློ་འདིར། །ཁྱོད་ཐུགས་ཆོས་ཀྱི་ཉི་མས་ལེགས་བསྐྱངས་པས། །དིང་སང་བསྟན་པའི་ཉི་མ་ཅུང་ཟད་སྣང་། །ཞེས་འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤའི་མྱ་ངན་འདས་ཚུལ་ཅུང་ཟད་ཡི་གེར་བཀོད་པའོ། །ཇོ་བོས་བྱང་ཆུབ་སེམས་བཙལ་གསེར་གླིང་དང་། །བོད་ཡུལ་བྱོན་དང་བདེ་བར་གཤེགས་ཚུལ་རྣམས། །བསྒྲིག་ལེགས་ཚིག་གི་དབེན་པའི་འདུ་བྱེད་འདི། །ཀུན་དགའ་གྲོལ་མཆོག་དད་པས་ཡི་གེར་བྲིས།།  །།

 

[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དོན་བསྡུས། པོད། ༼ཨཱ༽ དཔེ་རིང་། ཤོག་གྲངས་ ༥ན༥ ནས་ ༦བ༧ བར།

Leave a Reply

Your email address will not be published. Required fields are marked *