༄༅། །གསེར་གླིང་པ་དང་དངོས་སུ་མཇལ་བའི་རྣམ་ཐར།

 

༄༅། །གསེར་གླིང་པ་དང་དངོས་སུ་མཇལ་བའི་རྣམ་ཐར།[1]

 

 

༼ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ (1507-1565) གིས་མཛད་པ།༽

 

རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ནས་བླ་མ་དམ་པ་གསེར་གླིང་པས། །བསམ་པ་སེམས་བསྐྱེད་གདམས་ངག་དུ་མས་བསྐྱངས། །མདོར་ན་ཐེག་པ་ཆེ་ཆུང་མ་ལུས་པའི། །རྣམ་པར་བཞག་པ་ཐམས་ཅད་བསྟན་རྗེས་སུ། །བླ་མས་དགེས་པའི་འཛུམ་བསྟན་གསུང་བྱོན་པ། །ས་ཡི་རྒྱལ་པོ་རྒྱལ་སྲིད་རྣམས་སྤངས་ནས། །འབངས་ཀྱི་ཚུལ་དུ་བླ་མ་བརྒྱ་ཕྲག་བསྟེན། །

ཆགས་པ་མེད་པར་དཀའ་སྤྱད་གོ་གྱོན་ནས། །ཤེས་བྱ་འདི་ལ་ཕྱོགས་རིས་མེད་པར་བསླབས། །ད་ནི་རེ་ཞིག་རྒྱ་གར་དབུས་སུ་སོང་། །གནས་ལ་ངེས་མེད་གཙུག་ལག་ཡོངས་སུ་འགྲིམས། །ཕྱི་ནང་གཤགས་ཕྱེ་བསྟན་པའི་དབང་པོ་མཛོད། །གསུངས་ནས་བླ་མས་རྒྱ་མཚོའི་འགྲམ་དུ་བྱོན། །དེ་ནས་གཟིངས་བཏང་ཟླ་བ་དགུ་ཙམ་དུ། །མཐུན་པའི་རླུང་དང་སྦྱར་ཏེ་ཡུལ་དབུས་བྱོན། །གཙུག་ལག་ཁང་ཆེན་བརྒྱ་རྩའི་བདག་པོ་མཛད། །ཆོས་རྒྱལ་ཆེན་པོ་ཀུན་གྱིས་མངའ་དབང་བསྐུར། །སླར་ཡང་དཔོན་གཡོག་ལྔ་བཅུ་ཚོང་པར་བཅས། །ཉེས་སྐྱོན་མེད་པར་གསེར་གྱི་གླིང་དུ་བྱོན། །ལོ་གཉིས་ཉེ་བར་བླ་མ་མཆོག་ལ་བརྟེན། །གདམས་པའི་ལྷག་མ་ཀུན་ཀྱང་རྫོགས་པར་ཞུས། །ཨེ་མ་བླ་མ་དེ་ནི་སྙིང་རྗེ་ཆེ། །ཆོས་རྣམས་ཏིག་ཏིག་ནན་ཏན་ལྷུར་ལེན་ཅིང་། །ལྟ་བའང་སྣང་བ་ཙམ་གྱི་དབུ་མ་འཛིན། །ཕལ་ཆེར་སེམས་ཙམ་ལྟ་བུར་གསུངས་པ་ལ། །ཇོ་བོས་མཐའ་བྲལ་དབུ་མའི་དོན་གླེང་པས། །བླ་མའི་ཞལ་ནས་མཁས་པ་ལེགས་སོམས་དང་། །བྱ་ཁྱུང་ཆེན་པོ་ནམ་མཁའི་མཐའ་སྤྱོད་ཀྱང་། །རྒྱུ་འབྲས་ས་ཡི་སྟེང་དུ་བརྩི་བ་ཡིན། །ད་དུང་སྟོང་པའི་རང་ཁམས་ཆེས་གྱུར་ནས། །རྒྱུ་འབྲས་ལམ་ལ་སྐུར་བ་བཏབ་པ་སྲིད། །ཅེས་གསུངས་ད་དུང་ཇོ་བོའི་ཐབས་མཁས་ཀྱིས། །ལྟ་བ་དབུ་མ་ཆེན་པོར་དྲངས་གྱུར་ཀྱང་། །ཅུང་ཟད་འགྱུར་ཀྱང་གཏིང་ནས་མ་འགྱུར་བས། །ཇོ་བོས་སྒྲོལ་མ་ཡུམ་ལ་གསོལ་བ་བཏབ། །སྒྲོ་སྐུར་དྲི་མའི་སྐྱོན་གྱིས་མ་བསླད་པའི། །དུས་གསུམ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་གང་། །ཆོས་ཀྱི་གནས་ལུགས་མཐའ་བྲལ་དབུ་མའི་དོན། །བདག་གི་བླ་མའི་ཐུགས་ལ་བསྐྱེད་དུ་གསོལ། །སླར་ཡང་ཇོ་བོས་རྒྱ་གར་གནས་སུ་བྱོན། །བསྟན་པའི་བྱ་བ་རྣམ་པར་རྒྱས་པར་མཛད། །ཉིན་དང་མཚན་དུ་ཆོས་ཀྱི་ཆར་པ་ཕབ། །ངན་སོང་སྒོ་བཅད་ཐར་པའི་ལམ་སྲོལ་ཕྱེད། །ལན་ཅིག་བླ་མ་དམ་པ་གསེར་གླིང་པས། །སྒྲོལ་མ་ཡུམ་ལ་གསོལ་བ་འདི་ལྟར་བཏབ། །དཱི་པཾ་ཀཱ་རས་བསྟན་པའི་ལྟ་བ་འདི། །སྒྲོ་སྐུར་མེད་པའི་ལྟ་བ་ཡིན་ལགས་སམ། །སྒྲོལ་མས་ཡང་དག་ལྟ་བར་ལུང་བསྟན་པས། །བླ་མ་དགེས་ཤིང་དེ་ནུབ་དགོངས་པ་ན། །ལྟ་བའི་མཐར་ཐུག་དབུ་མ་ཆེན་པོར་གོ །ནང་པར་དུས་སུ་རང་གི་སྲས་གྱུར་པའི། །ལྷ་དབང་བློ་གྲོས་བོས་ནས་ཁྱོད་སོང་ལ། །བདག་གི་གཏམ་འདི་དབེན་པར་སྙན་དུ་ཞུས། །དཱི་པཾ་ཁྱོད་ཀྱིས་བསྟན་པའི་ལྟ་བ་ཡིས། །བདག་ནི་འཆིང་བའི་མདུད་པ་ཀུན་ལས་གྲོལ། །ངོ་མཚར་ཚུལ་ལ་ད་དུང་དཔྱད་དགོས་པས། །ད་དུང་ཤོག་ཅེས་བསྒོ་བའི་གསུང་གི་འཕྲིན། །དགེ་སློང་དེས་ནི་ཇོ་བོ་ཉིད་ལ་སྤྲིངས། །གསན་མ་ཐག་ཏུ་དགེས་པའི་འཛུམ་བསྟན་ནས། །གསེར་དང་ལྡན་པའི་གནས་སུ་སླར་ཡང་བྱོན། །གསེར་གླིང་ཞབས་པད་ཆུ་སྐྱེས་ཟུང་ལྡན་པ། །སྤྱི་བོའི་ཅོད་པན་གཙུག་ཏུ་བསྟི་གནས་མཛད། །ཨེ་མ་ཧོ་སྟོང་ཉིད་མཛེས་མའི་རྩེ་དགའ་ཡིས། །ཁྱོད་ཐུགས་དགེས་པ་བསྐྱེད་པར་གྱུར་ཅེས་ཐོས། །དེ་ལ་ངོ་མཚར་ཡིད་རང་དཔག་མེད་ཀྱིས། །དགའ་སྟོན་མཆོག་གིས་སྙིང་གི་སྤུ་ལོང་གཡོས། །སླར་ཡང་ཁྱེད་ཞབས་པདྨར་བུང་བ་བཞིན། །དགའ་དང་དད་པའི་སེམས་ཀྱི་འདིར་མཆིས་ལགས། །ཞེས་ཞུས་བླ་མའི་དགེས་པ་ཡར་ངོའི་དཔལ། །བདུད་རྩིའི་རྒྱུན་གྱིས་གཏམས་པར་བྱས་པ་བཞིན། །བླ་མའི་གསུང་ནས་དཱི་པཾ་བོད་ཡུལ་དུ། །མ་རིག་མུན་པ་སེལ་ཕྱིར་མྱུར་དུ་སོང་། །བདག་ཀྱང་དངོས་གྲུབ་བརྙེས་ནས་གངས་ཅན་དེར། །ཁྱོད་ཀྱི་འཕྲིན་ལས་བལྟ་ཕྱིར་ཡོང་བར་ཁུམས། །དེ་ནས་སྨོན་ལམ་བརྒྱ་ཕྲག་དུ་མ་ཡིས། །བླ་མ་མཉེས་པ་གང་ཡིན་བསྒྲུབས་མཛད་ནས། །པཎ་ཆེན་ལྔ་བཅུ་རྩ་གཉིས་ཅོད་པན་རྩེར། །ཞབས་སེན་ཆུ་སྐྱེས་འོད་དཀར་སྤྲོ་བར་མཛད། །ཅེས་འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤ །གསེར་གླིང་ཆོས་ཀྱི་གྲགས་པའི་དགོངས་དོན་མཐའ་བྲལ་དབུ་མར་བསྒྱུར་ཚུལ་ཅུང་ཟད་ཡི་གེར་བཀོད་པའོ། །གསེར་གླིང་བླ་མའི་ཐུགས་རྒྱུད་དབུ་མའི་ལམ། །དཱི་པཾ་ཀཱ་ར་མཆོག་གིས་སྤྱད་པའི་ཚུལ། །ཀུན་ཏུ་ཡི་གེར་དགའ་བས་ཉེར་བཀོད་པའི། །དགེ་དེས་རྣམ་གྲོལ་མཆོག་གི་དཔལ་ཐོབ་ཤོག །མངྒ་ལཾ།།

 

[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དོན་བསྡུས། པོད། ༼ཨཱ༽ དཔེ་རིང་། ཤོག་གྲངས་ ༢བ༢ ནས་ ༣བ༣ བར།

 

Leave a Reply

Your email address will not be published. Required fields are marked *