༄༅། །གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ།

༄༅། །གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ།[1]

༼སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) མཆོག་གིས་མཛད།༽

 

དང་པོར་རྙེད་དཀའ་བྱང་ཆུབ་མཆོག་སེམས་བསྐྱེད། །བར་དུ་དཔྱད་དཀའ་རླབས་ཆེན་ཚོགས་གཉིས་བསགས། །ཐ་མར་ཐོབ་དཀའ་སྐུ་གསུམ་གོ་འཕང་བརྙེས། །མཉམ་མེད་ཤཱཀྱ་སེངྒེར་མགོས་ཕྱག་འཚལ། །ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པ་ལྟར། །ཟླ་མེད་ཆོས་ཀྱི་སྒྲ་ཆེན་ལན་གསུམ་བསྒྲགས། །སྨྲ་ངན་དྲུངས་འབྱིན་ཐར་པའི་ལམ་སྟོན་པའི། །ཐེག་ཆེན་བསྟན་པའི་སྲོལ་འཛིན་ཀླུ་སྒྲུབ་ཞབས། །ཕུལ་བྱུང་བདག་གཞན་མཉམ་བརྗེས་ཐུགས་བརྒྱུད་ཕྱུག །ལྟ་ངན་ལོག་པའི་ལམ་བཞུགས་མུ་སྟེགས་ཅན། །རྣམ་དག་ཐར་པའི་ལམ་དུ་དཀྲི་མཁས་པ། །ས་བརྒྱད་བསྣོན་པ་ཨཱརྱ་དེ་བའི་ཞབས། །

བྱ་དཀའི་གཞན་དོན་སྙིང་སྟོབས་ཆེར་བསྐྱེད་དེ། །ཡི་དམ་ལྷ་ལ་སྒྲུབ་པ་སྙིང་པོར་མཛད། །སྔོན་མེད་ལེགས་བཤད་དམ་པའི་སྲོལ་ཕྱེ་བའི། །ཟླ་བྲལ་སྲིད་པའི་སྒྲོན་མེ་ཐོགས་མེད་ཞབས། །བློ་གྲོས་མཚུངས་པ་མེད་པའི་རྣམ་དཔྱོད་ཀྱི། །དགུ་བཅུ་གོ་དགུའི་འབུམ་སྡེའི་གཞུང་ལུགས་ཀུན། །ཚིག་དོན་མ་འདྲེས་གསལ་ལེར་ཐུགས་སུ་ཆུད། །ཀུན་མཁྱེན་གཉིས་པ་མཁས་མཆོག་དབྱིག་གཉེན་ཞབས། །གཞུང་ལུགས་མཁྱེན་པའི་ལུས་ཀུན་ཡོངས་སུ་རྫོགས། །རྣམ་བཀྲ་རིག་པའི་སྣ་ཞགས་རིང་དུ་བརྐྱངས། །ལོག་སྨྲ་འདམ་སྐྱེས་རྩ་བ་དྲུང་འབྱིན་པའི། །ཟླ་བྲལ་མཁས་དབང་ཕྱོགས་ཀྱི་གླང་པོའི་ཞབས། །ཕུལ་བྱུང་ཆེས་ཕྲ་རིག་པའི་སྦར་ཁྱིམ་གྱིས། །ལོག་སྨྲ་མུ་སྟེགས་གླང་པོའི་ཀླད་འགེམས་ཤིང་། །བཤད་སྒྲུབ་གངས་ཀྱི་རི་བོར་འགྱིངས་མཁས་པའི། །སྨྲ་བའི་སེངྒེ་ཆོས་ཀྱི་གྲགས་པའི་ཞབས། །ཕྲ་རགས་བཅས་མཚམས་མིག་གི་འབྲས་བཞིན་བསྲུང་། །ཞི་དུལ་བག་ཡོད་ཁྲིམས་ཀྱི་ལེགས་པར་བརྒྱན། །ནང་མཛོད་བསྟན་པའི་བདག་པོ་ཟླ་མེད་པ། །འདུལ་འཛིན་གཙུག་རྒྱན་ཡོན་ཏན་འོད་ཀྱི་ཞབས། །སྡེ་བཞིའི་ལུང་རྟོགས་གསུང་རབ་མཐའ་དག་ལ། །མ་རྨད་འཆད་རྩོད་རྩོམ་ལ་དབང་འབྱོར་ཞིང་། །བསླབ་གསུམ་རྣམ་དག་ཚུལ་ཁྲིམས་རྒྱལ་མཚན་འཛིན། །བསྟན་པའི་དཔལ་འགྱུར་ཤཱཀྱ་འོད་ཀྱི་ཞབས། །བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས། །དཔའ་བོ་མཁའ་འགྲོ་བསྲུང་མའི་ཚོགས་སྤྱི་དང་། །ལྷག་པར་འདི་བཞུགས་དགེ་འདུན་ཆོས་བསྲུང་བ། །བདག་གི་སྒོ་གསུམ་ཉོན་མོངས་དབང་གྱུར་པས། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །ནོངས་ཤིང་འགྱོད་པའི་སེམས་ཀྱི་བཤགས་ལགས་ན། །བརྩེ་བ་ཆེན་པོས་བཟོད་པ་ལེགས་བཞེས་ཏེ། །སྲི་ཞུའི་ལྷག་བསམ་དགེ་འབྲས་ཅི་མཆིས་པས། །གནས་སྐབས་མཐར་ཐུག་འདོད་དོན་མ་ལུས་པ། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་རྩེ་མགྲོན་ཆེ་བ་བསྟན་འཛིན་ཆོས་འཕེལ་ནས་རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་མཚན་བྱང་དགོས་ཞེས་ཕེབས་པ་ལྟར་མཚན་ཞབས་སྟག་བྲག་སྤྲུལ་སྐུས་ནོར་གླིང་ནས་བྲིས།།   །།

[1] ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་གྲངས་ ༡༩ན༢ ནས་ ༢༠ན༢ བར།

Leave a Reply

Your email address will not be published. Required fields are marked *